བསོད་ནམས་བསྟན་འཛིན་དང་རི་སྐྱེས་སྲོག་ཆགས་ཀྱི་མཛའ་འབྲེལ་ཟབ་མོ།
2019.10.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

སྨུག་གཞུང་ཞང་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་མཐའ་འཁོབ་ཏུ་ཡོད་པའི་ཞང་ཞིག་རེད། རྫ་ཆུའི་བརླན་བཤེར་གྱིས་གནས་དེར་ཆུ་ཁུངས་འདིང་ཚིམས་པ་ཡོད་ལ། རྩི་ཤིང་དང་རྩྭ་སའི་ཐོན་ཁུངས་ཕུན་སུམ་ཚོགས་པ་མ་ཟད་རི་སྐྱེས་སྲོག་ཆགས་ཀྱང་ག་ས་གང་དུ་བག་ཡངས་སྒོས་རྒྱུ་བཞིན་ཡོད།

 གཞི་རིམ་དུ་བསྐྱོད་པའི་ལམ་བར་དུ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་ལ་འཕྲད་སྲིད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སྨུག་གཞུང་ཞང་གི་ལས་བྱེད་མི་སྣ་བསོད་ནམས་བསྟན་འཛིན་གྱིས་གསར་འགོད་པར་ཁོ་དང་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཀྱི་གཏམ་རྒྱུད་བརྗོད་བྱུང་།

ལོ་ངོ་མང་པོར་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་ཡུལ་དངོས་སུ་བྱ་བ་སྒྲུབ་བཞིན་ཡོད་པས། བསོད་ནམས་བསྟན་འཛིན་གྱིས་རི་དྭགས་རྩ་ཆེན་མང་པོ་བརྙན་རིས་སུ་བཀོད་ཡོད།

ད་ལོའི་ཟླ་བདུན་པར། བསོད་ནམས་བསྟན་འཛིན་གྱིས་ཁྲུང་ཁྲུང་སྐེ་ནག་གཉིས་ཀྱིས་ཟས་རིགས་འཚོལ་བཞིན་པའི་རྣམ་པ་པར་བླངས་ཡོད། བརླན་ས་དེའི་སྟེང་དུ་ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་གཉིས་ཀྱིས་ཕྲུ་གུ་གཉིས་རྗེས་སུ་ཁྲིད་ནས་བག་ཕེབས་སྒོས་ཟས་རིགས་འཚོལ་བཞིན་ཡོད། ཁོ་ཚོས་མགོ་བོ་སྒུར་ནས་ཟས་རིགས་འཚོལ་བ་དང་ལན་རེར་མགོ་བོ་དགྱེས་ནས་ཉེ་འགྲམ་གྱི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་ཡོད།

བསོད་ནམས་བསྟན་འཛིན་གྱིས་བཤད་རྒྱུར། ཁོ་དུས་རྒྱུན་བརྙན་ཕབ་རྒྱུར་དགའ་བས། ཉིན་ཞིག་ཁོ་བྱ་ཆུ་དང་ཐག་མི་རིང་བའི་བརླན་སར་ཐོན་དུས། ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་དེ་གཉིས་མཐོང་ལ། ཞིབ་ཏུ་བརྟག་དཔྱད་བྱས་པ་ན་ཁྲུང་ཁྲུང་སྐེ་ནག་དེ་གཉིས་ཀྱི་རྗེས་སུ་ད་དུང་ཕྲུ་གུ་གཉིས་ཀྱང་འདེད་བཞིན་ཡོད་ཟེར།

ཁྲུང་ཁྲུང་སྐེ་ནག་ནི་མདོ་དབུས་མཐོ་སྒང་དུ་གནས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ལ། མདོ་དབུས་མཐོ་སྒང་ས་ཁུལ་ཁོ་ན་རུ་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་གི་རིགས་ཤིག་རེད། དེའི་སྔོན་དུ་འབྲི་ཆུའི་འབྱུང་ཡུལ་གྱི་ཡུལ་ཤུལ་ཁུལ་རིན་པོ་བརླན་ས་དང་ཁྲི་འདུ་རྫོང་མཇལ་ཐང་རྩྭ་ཐང་དུ་ཁྲུང་ཁྲུང་སྐེ་ནག་གི་རྗེས་ཤུལ་རྙེད་པ་དང་། རྫ་ཆུའི་མགོ་ཁུངས་ཀྱི་རྫ་སྟོད་རྫོང་དུ་ཁྲུང་ཁྲུང་སྐེ་ནག་དངོས་སུ་ཡོད་པ་ཟིན་ཐོར་བཀོད་ཡོད།

བསོད་ནམས་བསྟན་འཛིན་གྱིས་བཤད་རྒྱུར། ཁྲུང་ཁྲུང་སྐེ་ནག་གིས་འཚོ་སྡོད་ཁོར་ཡུག་ལ་གཙིག་འཛིན་ཆེན་པོ་བྱེད་ལ། དུས་རྒྱུན་བརླན་ས་རུ་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། དུས་ཡུན་རིང་བོ་ཞིག་ལ་བརྟག་དཔྱད་བྱས་ནས་རྒྱུས་ལོན་པ་ལྟར་ན། ཁྲུང་ཁྲུང་སྐེ་ནག་དེ་གཉིས་ཀྱིས་བརླན་ས་དེ་ཁོ་ཚོའི་ཁྱིམ་གཞི་རུ་བརྩིས་ཡོད་ཟེར།

བརླན་ས་ནས་ཕྱིར་ཞང་དུ་ལོག་རྗེས། བསོད་ནམས་བསྟན་འཛིན་གྱིས་ཁྲུང་ཁྲུང་སྐེ་ནག་ཆུང་བ་དེ་གཉིས་ལ་སེམས་ཁྲལ་བྱེད་བཞིན་ཡོད། བརླན་སའི་ཉེ་འགྲམ་གྱི་འབྲོག་པ་རྣམས་ཞང་དུ་དོན་དག་སྒྲུབ་ཏུ་ཐོན་ཚེ། བསོད་ནམས་བསྟན་འཛིན་གྱིས་ཁོ་ཚོར་ཁྲུང་ཁྲུང་སྐེ་ནག་ཆུང་བ་དེ་གཉིས་བདེ་འཇགས་ཡིན་མིན་རྒྱུས་ལོན་བྱེད་བཞིན་ཡོད་ལ། ཁྲུང་ཁྲུང་སྐེ་ནག་དེ་གཉིས་འཕུར་ཐུབ་པ་ཤེས་པས། བསོད་ནམས་བསྟན་འཛིན་གྱི་སེམས་བདེ་ལ་བབས།

བསོད་ནམས་བསྟན་འཛིན་གྱིས་དུས་རྒྱུན་སྡེ་བའི་ནང་གི་སྐྱེ་ཁམས་དོ་དམ་མི་སྣར་བཤད་རྒྱུར། ངེས་པར་དུ་ཁྲུང་ཁྲུང་སྐེ་ནག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཁྱི་འཁྱམ་པོར་ཁོ་ཚོ་གནོད་འཚེ་གཏོང་དུ་འཇུག་མི་རུང་།

རྫ་སྟོད་ནི་རི་དྭགས་གསའ་ཡི་ཕ་ཡུལ་ཡིན་ལ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རི་དྭགས་གསའ་ཆེས་མང་པོའི་གནས་ཞིག་རེད།

ཉིན་ཞིག་ལ། གཞི་རིམ་དུ་བསྐྱོད་པའི་ལམ་བར་དུ། བསོད་ནམས་བསྟན་འཛིན་གྱིས་རླངས་འཁོར་བསྐོར་ནས་བྲག་འོག་ཞིག་ཏུ་བགྲོད་སྐབས་འབྲོག་ཁྱི་ཞིག་གིས་རི་དྭགས་གསའ་ལ་ཟུག་སྐད་ཆེན་པོ་འཐེན་བཞིན་ཡོད་པ་མཐོང་། བསོད་ནམས་བསྟན་འཛིན་གྱིས་པར་ཆས་ལེན་བཞིན་པའི་སྐབས་དེར། རི་དྭགས་གསའ་དེ་རི་སྐེད་ནས་མར་རྒྱུགས་པས་འབྲོག་ཁྱི་དེ་སྐྲག་ནས་ཆུ་འགྲམ་དུ་བྲོས་བྱོལ་བྱས།

བསོད་ནམས་བསྟན་འཛིན་གྱིས་བཤད་རྒྱུར། འབྲོག་ཁྱི་ནི་སྒོ་ཁྱི་ཅུང་གཏུམ་པོ་ཞིག་ཡིན་མོད། འོན་ཀྱང་། རི་སྐྱེས་སྲོག་ཆགས་གསའ་དང་བསྡུར་ན་ཧ་ཅང་ཉམས་ཞན་ཞིག་རེད། ཐེངས་དེ་ནི་ཁོའི་ཐོག་དང་པོར་རི་མགོར་འཚོ་སྡོད་བྱེད་པའི་གསའ་མཐོང་བ་ཡིན་ཟེར།

ལོ་ངོ་མང་པོར་གཞི་རིམ་དུ་བསྐྱོད་པས། བསོད་ནམས་བསྟན་འཛིན་གྱིས་ད་དུང་རི་སྐྱེས་སྲོག་ཆགས་རྩ་ཆེན་མང་པོ་པར་བླངས་ཡོད་ལ། ཁོས་བསམ་པར་ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། དེ་སྔོན་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་དག་ཀྱང་རིམ་བཞིན་མཐོང་ཐུབ། དེ་ལས་ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་ཐོབ་ཡོད་པ་ཤེས་ཐུབ་ལ། འབྲོག་པས་སྐྱེ་ཁམས་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཀྱང་ཇེ་མཐོར་སོང་ཡོད་ཟེར།

རྫ་ཆུའི་འབྱུང་ཡུལ་དུ་གནས་པའི་སྨུག་གཞུང་ཞང་ནི་ཆ་སྙོམས་མཚོ་ངོས་ལས་མུས་བཞི་སྟོང་བརྒྱད་བརྒྱ་ཡོད་པ་དང་། རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱས་པའི་གྲངས་ཀ་ཧ་ཅང་མང་། མིག་སྔར་རི་དྭགས་གསའ་དང་ཁྲུང་ཁྲུང་སྐེ་ནག རྐྱང་། དྲེད་མོང་། གནའ་བ་སོགས་རྒྱལ་ཁབ་རིམ་པའི་རི་སྐྱེས་སྲོག་ཆགས་སྣ་བཅུ་ལྷག་ཡོད།

གྲོག་རོང་མང་པོ་བརྒྱུད་དེ་འགྲོ་སྐབས་དུས་རྒྱུན་རི་སྐྱེས་སྲོག་ཆགས་མཐོང་ཐུབ་ལ། དེ་ནི་བསོད་ནམས་བསྟན་འཛིན་གཞི་རིམ་དུ་བསྐྱོད་པའི་ལམ་བར་གྱི་མཛེས་ལྗོངས་ཆེས་ལེགས་ཤོས་དེ་རེད། 2018ལོའི་ཟླ་བརྒྱད་པར། བསོད་ནམས་བསྟན་འཛིན་དང་ལས་གྲོགས་འགའ་རི་སྐྱེས་སྲོག་ཆགས་ལ་བརྟག་དཔྱད་བྱེད་དུ་འགྲོ་བའི་ལམ་བར་དུ། རྐྱང་ཆུང་ཞིག་འདམ་དུ་ལྷུང་ཡོད་པ་མཐོང་། རྐྱང་ཆུང་སྐྲག་པའི་རྣམ་པ་མཐོང་བས་ཁོ་ཚོ་མྱུར་དུ་རླངས་འཁོར་ལས་མར་བབས་ཏེ་གནས་ཚུལ་རྒྱུས་ལོན་བྱས།

བསོད་ནམས་བསྟན་འཛིན་གྱིས་བཤད་རྒྱུར། རྐྱང་ཆུང་དེས་རྐང་ལག་བཞི་བོ་འདམ་དུ་ཟུག་ཡོད་པ་དང་ཚེ་སྲོག་གི་ཉེན་ཁ་ཡོད། ཐག་མི་རིང་བའི་གནས་སུ་རྐྱང་གཉིས་ཀྱིས་སེམས་འཚབ་ཏེ་བལྟ་བཞིན་ཡོད་ཟེར།

རྐྱང་ནི་མདོ་དབུས་མཐོ་སྒང་དུ་གནས་ཡོད་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ལ། ངེས་པར་དུ་ཐབས་བཀོད་འཐེན་ནས་སྐྱོབ་དགོས།  བསོད་ནམས་བསྟན་འཛིན་དང་ལས་གྲོགས་ཚོས་གྲོས་མོལ་བྱས་རྗེས། ཁོ་གསུམ་གྱིས་དོར་འདབ་ཡར་བརྫེས་ཏེ་འདམ་དུ་བརྒལ་ནས་རྐྱང་ཆུང་བ་དེ་སྐྱོབ་ཏུ་སོང་།

འདམ་དུ་སྐྱོབ་པར་དཀའ་ཁག་ཆེ་བས། བསོད་ནམས་བསྟན་འཛིན་དང་ལས་གྲོགས་རྣམས་ཀྱིས་རྐྱང་ཆུང་དེ་ཡར་འགྱོག་འདོད་རུང་ལེགས་འགྲུབ་མ་བྱུང་། ཐེངས་འགར་ཚོད་ལྟ་བྱས་པས། མཇུག་མཐར་ལས་གྲོགས་གཅིག་གིས་རྐྱང་ཆུང་དེའི་རྔ་མ་ནས་ཡར་འཐེན་པ་དང་མི་གཞན་གྱིས་ཀྱང་རོགས་བྱས་ཏེ་བཀྱག་པས། རྐྱང་ཆུང་དེ་འདམ་རྫབ་ལས་སྐྱོབ་ཐུབ་པ་བྱུང་། རྐྱང་ཆུང་བསྐྱབ་རྗེས་གནམ་ལྡིང་ས་ལྡིང་འགའ་བྱས་རྗེས་ཐག་རིང་བའི་གནས་སུ་བརྒྱུགས། སྐྱོབ་མཁན་གྱི་མི་རྣམས་ཐང་ཆད་དེ་འདམ་རྫབ་ལས་དྲང་མོར་ཡང་ལངས་མི་ཐུབ་པར་གྱུར་ཡོད།

བསོད་ནམས་བསྟན་འཛིན་གྱིས་བཤད་རྒྱུར། ང་ཚོས་རྐྱང་ཆུང་དེ་བསྐྱབ་རྗེས། ཁོ་ཕ་མའི་གམ་དུ་ཐོན་པ་མཐོང་རྗེས་ད་གཟོད་ཁ་བྲལ་བ་ཡིན། རྐྱང་ཆུང་དེ་ཡང་བསྐྱར་དོན་དག་འབྱུང་བར་སྐྲག་ནས། ཅུང་མ་འགོར་བར་ཁོ་ཚོ་ཕྱིར་དོན་དག་འབྱུང་བའི་གནས་སུ་སླེབས་པ་དང་། རྐྱང་ཆུང་དེའི་ཕ་མ་གཉིས་དང་ལྷན་དུ་ཟས་རིགས་འཚོལ་བཞིན་པ་མཐོང་བས། ཁོ་ཚོ་བློ་སེམས་བདེ་མོའི་ཕྱིར་ལས་ཁུངས་སུ་ལོག ཁོར་ཡུག་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་ནི་འགན་འཁྲི་ཞིག་དང་བདེ་སྐྱིད་ཞིག་རེད། འགན་འཁྲི་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་ལ་མི་རྣམས་ཀྱིས་གནོད་འཚེ་གཏོང་དུ་མི་འཇུག་པ་དང་། བདེ་སྐྱིད་ནི་ཐེངས་རེར་དཀའ་ཁག་ལ་འཕྲད་པའི་རི་སྐྱེས་སྲོག་ཆགས་བསྐྱབ་རྗེས་ཀྱི་སེམས་ཁམས་དེ་རེད་ཟེར།

བསོད་ནམས་བསྟན་འཛིན་གྱིས་བཤད་རྒྱུར། མིག་སྔར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འབྱུང་ཡུལ་དཔེ་སྟོན་ས་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་མཐོར་སོང་ཡོད་ལ། སྐྱེ་ཁམས་དོ་དམ་མི་སྣས་རང་འགུལ་སྒོས་གནོད་འཚེ་ཐེབས་པའི་རི་སྐྱེས་སྲོག་ཆགས་སྐྱོབ་པ་དེ་དུས་རྒྱུན་གྱི་གོམས་སྲོལ་ཞིག་ཏུ་གྱུར་ཡོད་པས། རི་སྐྱེས་སྲོག་ཆགས་དང་འབྲོག་པ་འཆམ་མཐུན་མཉམ་གནས་སྒོས་འཚོ་སྡོད་བྱས་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།