རྒན་པོ་ལེང་གི་ཟླ་ཕོགས།
2019.10.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 སྟོན་དུས་ཀྱི་ཆར་བ་ཐེངས་ཤིག་གི་རྗེས་སུ། ནམ་ཟླ་སྔོན་གྱི་ཉིན་འགའ་དང་བསྡུར་ན་རིམ་བཞིན་ཇེ་འཁྱགས་སུ་སོང་། རྒན་པོ་ལེང་གིས་གཙང་སྤྲའི་རླངས་འཁོར་ལམ་འགྲམ་གྱི་སྡོང་རྩ་ཞིག་ཏུ་བཞག་རྗེས། ལུས་པོ་སྒུར་སྒུར་ངང་ད་སོ་མ་ཁོའི་ལས་གྲོགས་ཀྱིས་ཕྱོགས་གཅིག་ཏུ་ཕྱགས་པའི་སྡོང་ལོ་རྣམས་སྙིགས་གཞོང་ནང་དུ་འཆུ་བཞིན་འདུག་ལ་དཔྲལ་བའི་སྐྲ་མཚམས་སུ་རྔུལ་ཆུ་རྡོག་པོ་འགའ་འཛུམ་ཡོང་གི་འདུག

རྒན་པོ་ལེང་གི་མིང་ཧྲིལ་བོར་ལེང་པའོ་ཁྲིན་ཟེར་ཞིང་། ད་ལོ་ལོ་ན་དྲུག་ཅུ་ཡིན་པའི་ལེང་པའོ་ཁྲིན་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་ཁོར་སྲུང་མི་སྣ་ཞིག་རེད།  ཁོ་ནི་ཧི་ཡུན་གྲོང་བརྡལ་ཏུང་ཚུན་སྡེ་བ་རུ་ཁག་བཞི་བའི་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་ཡིན།

“ང་དང་བཟའ་ཟླ་གཉི་ཀ་ཞིང་པ་ཡིན་ལ་ཚེ་གང་བོར་ཞིང་བཏབ་ནས་འཚོ་བ་རོལ་བཞིན་ཡོད། སྤྱིར་ན་དེ་ལྟར་ཀྱང་ཉི་མ་འཁྱོལ་ཐུབ་ཙམ་བྱེད་ཐུབ་ནའང་རྗེས་སུ་བུ་ཆེ་བས་སློབ་ཆེན་ལ་རྒྱུགས་འཕྲོད་པས་སྒོར་མོའི་ཐད་དུ་དཀའ་ཁག་ལ་འཕྲད། ”ཅེས་ལེང་པའོ་ཁྲིན་གྱིས་བཤད།  ཉིས་སྟོང་བཅོ་ལྔ་ལོར་གནད་འཁེལ་དབུལ་སྐྱོར་མགོ་བརྩམས་རྗེས་སུ། བུ་ཆེ་བ་སློབ་ཆེན་ལ་འགྲོ་དགོས་པ་དང་བུ་ཆུང་བ་སློབ་འབྲིང་ལ་འགྲོ་དགོས་པའི་ལེང་པའོ་ཁྲིན་ཚང་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་དུ་གྱུར། དེ་ནས་ཅུང་མ་འགོར་བར་རྫོང་མཁར་གྱི་པེ་ཁོང་སྡེ་ཚོགས་ཀྱིས་ཆེད་དུ་དབུལ་ཕོངས་ཁྱིམ་ཚང་ནས་ཁོར་སྲུང་ལས་བཟོ་བ་བསྡུ་རྒྱུ་ཡིན་པ་གོ་བས་ལེང་པའོ་ཁྲིན་དང་ཁོའི་བཟའ་ཟླ་ཡྰང་ཆིན་ཁྲོན་གཉིས་ཀྱིས་སྔ་རྗེས་སུ་དེ་ལ་མིང་ཐོ་བཀོད། །ཁོ་གཉིས་ལ་བྱ་བ་དེ་འདྲ་ཞིག་ཡོད་པས་ལོ་རེའི་ལོ་སར་གྱི་སྐབས་སུ་ཡོང་སྒོ་ཕྲན་ཙམ་ཡོད་པར་མ་ཟད། ཁོ་བཟའ་མི་གཉིས་ཀྱིས་ཟླ་རེ་ལ་མི་རེས་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱའི་ཟླ་ཕོགས་ལེན་ཐུབ་ཀྱི་ཡོད་པས་ཁྱིམ་གྱི་འཚོ་བར་འགན་སྲུང་ཡོད་པར་གྱུར།

ཉིས་སྟོང་བཅུ་བདུན་ལོར། བུ་ཆེ་བ་སློབ་མཐར་ཕྱིན་རྗེས་སུ་བྱ་བ་རྙེད་པ་དང་བུ་ཆུང་བ་ཡང་དམག་གྲལ་དུ་ཞུགས།  དེ་བས་ལེང་པའོ་ཁྲིན་གྱི་ཕྲག་སྟེང་གི་འགན་འཁྲི་ལྗིད་མོ་དེ་ཇེ་ཡང་དུ་སོང་། དེ་ལྟར་ཁོ་རང་དབུལ་ཐར་བྱེད་པའི་རེ་བ་མཐོང་བྱུང་བས་ལེང་པའོ་ཁྲིན་གྱིས་ཡང་བསྐྱར་མིའི་བློ་ཡུལ་ལས་འདས་པའི་ཐོན་དག་ཅིག་བསྒྲུབ་པར་སེམས་ཐག་བཅད།

“ཕུ་བོ་པའོ་གཅིག་པུ་འཚོ་བ་རོལ་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མ་རེད། ད་ལྟ་ང་རང་གིས་ཏང་གི་སྲིད་ཇུས་བཟང་བོ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། དེ་བས་རང་ཉིད་ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས་ངས་ཀྱང་མི་གཞན་ལ་རོགས་རམ་ཞིག་བྱས་ན་འགྲིག་གི   སྤྱིར་ངའི་ནུས་པར་ཚད་ཡོད་ཀྱང་རང་གི་ལྷག་བསམ་རྣམ་དག་ཡིན།”ལེང་པའོ་ཁྲིན་གྱིས་དོན་དག་འདི་ལྟ་བུ་ཞིག་ལ་བསམ་བློ་བཏང་ནས་ཉིས་སྟོང་བཅུ་བདུན་ལོའི་ཟླ་ལྔ་བ་ནས་བཟུང་། ལེང་པའོ་ཁྲིན་ཉིན་རྒྱུན་དུ་པའོ་ཡུའུ་ལེན་ལ་ལྟ་རུ་འགྲོ་བ་ལས་གཞན། ཟླ་ཕོགས་བྱིན་ཐེངས་རེ་ལ་སྒོར་མོ་བརྒྱ་རེ་བླངས་ནས་སྡེ་བའི་ནང་གི་རྒན་པོ་ཁེར་འདུག་པའོ་ཡུའུ་ལེན་ལ་སྟེར་གྱི་ཡོད་པ་རེད།

“ངའི་ཆུང་མ་ཚེ་ལས་འདས་ནས་ལོ་དྲུག་བདུན་ཞིག་འདས་པ་དང་བུ་མོ་ཡང་ས་ཐག་རིང་བོར་གནས་ལ་བུད་སོང་། ལོ་འདི་དག་གི་རིང་ལ་ངའི་སྤུན་ཆུང་འདི་ལ་ངས་སྡུག་མང་པོ་ཞིག་ཕབ་སོང་། ཁོས་དུས་རྒྱུན་ངའི་ཁྲག་ཤེད་ཚད་པ་དང་གཙང་སྤྲ་བྱེད་པ། ཞིང་འདེབས་པ་དང་ཟ་མ་གཡོས་སྦྱོར་བྱེད་པ། གྱོན་པ་འཁྲུ་བ་དང་དེ་མིན་ང་ལ་ན་ཚ་བྱུང་དུས་སྨན་ཁང་དུ་བསྐྱལ་བ་སོགས་བྱེད་ཀྱི་ཡོད། སྤྱིར་ན་ཁོའི་འཚོ་བའི་ཆ་རྐྱེན་ཡང་དེ་འདྲའི་བཟང་རྒྱུ་མེད་པ་ངས་ཀྱང་ཤེས། ཡིན་ནའང་ལེང་པའོ་ཁྲིན་གྱིས་ཟླ་རེ་རེར་ང་ལ་ཆག་མེད་དུ་སྒོར་མོ་བསྐྱལ་བཞིན་ཡོད། ”ལོ་ན་དོན་དྲུག་ལ་སོན་པའི་རྒན་པོ་པའོ་ཡུའུ་ལེན་གྱིས་ཁོའི་སྤུན་ཆུང་ལེང་པའོ་ཁྲིན་གྱི་གནས་ཚུལ་སྐོར་སྐད་གསེང་མཐོན་པོས་དེ་ལྟར་བཤད་བྱུང་།

དོན་གྱིས་པའོ་ཡུའུ་ལེན་ཁོ་ནར་བདག་སྐྱོང་བྱེད་པ་ཞིག་ཀྱང་མིན། ལེང་པའོ་ཁྲིན་བཟའ་མི་གཉིས་ཀྱི་ཟླ་གཅིག་གི་ཟླ་ཕོགས་སྒོར་མོ་སྟོང་གསུམ་དང་དྲུག་བརྒྱ་དེ་ཕྱོགས་མང་པོ་ཞིག་ལ་བགོ་དགོས།

“སྲིང་མོ་ཆེ་བའི་རྒད་པོར་ནད་བྱུང་ནས་ཁྱིམ་དུ་བསྡད་ཡོད་པ་དང་ཟླ་རེ་རེར་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས། སྲིང་མོ་ཆུང་བའི་ཁྱིམ་དུ་ཡང་དཀའ་ཁག་ཆེ་བས་དུས་རྒྱུན་དུ་རོགས་རམ་བྱེད་དགོས་ཀྱི་ཡོད་པ་རེད།  ཚ་བོ་ཆེ་བ་དེ་ཡང་བཟའ་འཐོར་བྱས་ཡོད་པས་དབྱར་དུས་སུ་ཁོ་ཕྱི་རོལ་ཏུ་ཞོར་ལས་སུ་བུད་སོང་ན་ཁོའི་བྱིས་པར་ལྟ་སྐྱོང་བྱེད་དགོས། ”དོན་གྱིས་དེ་འདྲ་ཞིག་ཡིན་ནའང་ལེང་པའོ་ཁྲིན་གྱིས་རང་གི་འཚོ་བ་ནི་བདེ་སྐྱིད་ལྡན་པར་འདོད་ཡོད། “ངེད་གཉིས་ལ་འགྲོ་གྲོན་ཆེན་པོ་མེད། དུས་རྒྱུན་དུ་ལས་ཀ་ལས་དུས་ལས་ཀའི་ལྭ་བ་གྱོན་དགོས་པས་གྱོན་པ་ཉོ་བྱེད་ཀྱི་སྒོར་མོ་ཡང་མང་པོ་མི་དགོས། ལས་ཀ་འདིའི་རིགས་ལས་པར་ལྷམ་ཉོ་བའི་གྲངས་ཀ་ཅུང་མང་སྟེ་ཕལ་ཆེར་ཟླ་རེར་ལྷམ་གསར་བ་ཆ་གཅིག་རེ་ཉོ་དགོས། ”དེ་ལྟར་བཤད་ཚར་རྗེས་སུ་རྒན་པོ་ལེང་གད་མོ་བགད་བྱུང་། གསར་འགོད་པ་དང་ཁ་གྱེས་པའི་སྐབས་སུ་ལེང་པའོ་ཁྲིན་གྱིས་མིག་སྔར་ཁོས་ཀུང་ཟི་ལ་དཀའ་ཁག་ཆེ་བའི་ལས་གྲོགས་ཡོད་ཚེ་དེ་ལ་རོགས་རམ་བྱེད་རྒྱུའི་རེ་འདུན་ཞུས་ནས་ད་དུང་ཟླ་རེར་སྒོར་མོ་བརྒྱ་རེས་རོགས་སྐྱོར་བྱེད་རྒྱུ་བྱས་ཡོད་ཟེར།

                                                                           ལོ་ཙཱ་བ།  གཡང་འབུམ་རྒྱལ།