སྨན་པ་ཞིག་གི་གཞན་ཕན་གྱི་ལྷག་བསམ་དཀར་པོ།
2019.11.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 893

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་བོད་སྨན་ཁང་གི་འགོ་གཙོ་འབྲུག་ལྷ་ཐར་མཐོང་སྐབས། ཁོས་ལུས་ལ་སྨན་པའི་ལྭ་བ་གོན་ཞིང་བྲང་ལ་ཏང་རྟགས་བཀལ་ཡོད། ཁོ་ལ་བཅར་འདྲི་བྱས་པའི་དུས་ཚོད་ཐུང་ངུའི་ནང་། ཁོས་གསར་འགོད་པར་ཁོ་དང་བོད་ལུགས་གསོ་རིག་གི་ལས་འབྲེལ་བརྗོད་པ་དང་། ང་ཚོ་ལ་ཡང་སྨན་པ་ཞིག་གི་བྱམས་སེམས་ཚོར་དུ་བཅུག

འབྲུག་ལྷ་ཐར་ཆུང་དུས་ནས་ཨ་མྱེས་དང་མཉམ་དུ་ནར་སོན་པ་དང་། ཨ་མྱེས་ཀྱི་ཤུགས་རྐྱེན་འོག ཁོ་དང་བོད་ལུགས་གསོ་རིག་བར་འབྲེལ་བ་ཟབ་མོ་ཆགས་ལ། ཆུང་དུས་ནས་བོད་ལུགས་གསོ་རིག་སྦྱངས་བའི་འདུན་པ་ཆེན་པོ་ཡོད། ལོ་ཉེར་གཅིག་ལ་སོན་པའི་ལོ་དེར། ཁོས་ཨ་མྱེས་ཀྱི་གསོ་རིག་ལག་ལེན་རྒྱུད་འཛིན་བྱས་ཏེ། བོད་སྨན“བདུད་རྩི་བསིལ་སྨན”སྙིང་བཅུད་ལག་རྩལ་གྱི་རྒྱུད་འཛིན་པ་ཁོ་ནར་གྱུར།

1999ལོར། འབྲུག་ལྷ་ཐར་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་ནས་མཐར་ཕྱིན་རྗེས། སློབ་གྲོགས་འགའ་དང་མཉམ་དུ་ཞིན་ཧེ་རྫོང་མཁར་ནས་མཉམ་འབྲེལ་བྱས་ཏེ་ཁང་བ་ཞིག་གླས་ནས་བོད་སྨན་སྒོ་བསྟེན་ཁང་ཞིག་ཕྱེས།

“སྐབས་དེར་ཞིན་ཧེ་རྫོང་མཁར་དུ་ཚད་ལྡན་ཅན་གྱི་བོད་སྨན་སྒོ་བསྟེན་ཁང་མེད་ལ། བོད་སྨན་ཁང་ནི་དེ་ལས་ཀྱང་སྨོས་མ་དགོས་པ་ཞིག་རེད།”འབྲུག་ལྷ་ཐར་གྱིས་བཤད་རྒྱུར།

ཁང་བ་གཅིག་དང་བོད་སྨན་སྒམ་འགའ་ལ་བསྟེན་ནས་ཁོས་ཐོག་མའི་སྨན་པའི་ལས་ཀའི་མགོ་བརྩམས། དཀའ་ཁག་ཆེ་བའི་དུས་སུ་ཟ་མ་ཟ་རྒྱུ་ཡང་གནད་དོན་དུ་གྱུར་ཡོད་ཟེར།

2004ལོར། ཞིན་ཧེ་རྫོང་བོད་སྨན་ཁང་དངོས་སུ་བཙུགས་པ་དང་། གོ་སྐབས་ལེགས་པོ་ཞིག་གིས་འབྲུག་ལྷ་ཐར་བོད་སྨན་ཁང་གི་མི་སྣ་ཞིག་ཏུ་གྱུར།

“ཏང་གི་སྲིད་ཇུས་བཟང་བོའི་བཀའ་དྲིན་འོག ཞིན་ཧེ་རྫོང་བོད་སྨན་ཁང་དཔྱིད་ཀྱི་དཔལ་ཡོན་ཤར་བ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ང་རང་ཉིད་ལ་ཡང་སྨན་བཅོས་ལག་རྩལ་ཕྱིར་ངོམས་པའི་སྟེགས་བུ་ཆེན་པོ་ཞིག་བསྐྲུན་ཡོད།”བོད་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་གི་འགྲམ་དུ་གསར་དུ་ལས་བཞིན་པའི་ཐོག་ཁང་དེ་བསྟན་ནས་འབྲུག་ལྷ་ཐར་གྱིས་བཤད་རྒྱུར། “འདི་ནི་གསར་དུ་ལས་བཞིན་པའི་སྨན་ལུམས་ཐོག་ཁང་ཡིན། སྨན་ལུམས་ནི་སྨན་ཁང་གིས་རྗེས་ཕྱོགས་མུ་མཐུད་དུ་གསར་སྤེལ་བྱེད་བཞིན་པའི་ལས་གཞི་ཞིག་ཡིན་ལ། སྨན་ལུམས་ལ་བརྟེན་ནས་ནད་པ་སྔར་ལས་མང་པོ་སྨན་བཅོས་བྱས་ཆོག”ཟེར།

དེ་ལས་ཀྱང་དགའ་འོས་པ་ཞིག་ནི་ཞིན་ཧེ་རྫོང་བོད་སྨན་ཁང་གིས་ནད་ཐོག་ལག་ལེན་སོགས་ཀྱི་ཐད་སྲུང་སྐྱོང་རང་བཞིན་གྱི་བྱེད་ཐབས་ལག་བསྟར་བྱས་པ་དང་། མུས་གྲུ་བཞི་མ་བརྒྱ་ཡི་སྲོལ་རྒྱུན་ཞིབ་འཇུག་ཁང་འཛུགས་སྐྲུན་བྱས་པ་དེས། རྒྱུད་འཛིན་ཐེབས་པའི་སྨན་སྦྱོར་བཅོས་ཐབས་ལ་སྲུང་སྐྱོབ་བྱེད་པར་བྱེད་ནུས་སྔར་ལས་ཆེན་པོ་འདོན་སྤྲོད་བྱས།

སྲོལ་རྒྱུན་གྱི་རྒྱུད་འཛིན་བྱེད་སྟངས་ལ་ཚད་བཀག་ཐེབས་པ་དང་དེང་རབས་ཅན་བར་གྱི་འགལ་བ་སྣ་ཚོགས་ཀྱིས་བོད་སྨན“བདུད་རྩི་བསིལ་སྨན”སྨན་རྫས་བཙོ་སྦྱངས་ལག་རྩལ་རྒྱུད་འཛིན་བྱེད་པར་དཀའ་ཁག་མང་པོར་འཕྲད། ཡིན་ནའང་འབྲུག་ལྷ་ཐར་གྱིས་བརྩོན་ལེན་བྱས་པར་བརྟེན། ད་ལྟ་རྒྱུད་འཛིན་པ་བརྒྱད་ཀྱིས“བདུད་རྩི་བསིལ་སྨན”གྱི་སྡེབ་ཁ་དང་བསྟེན་ཚུལ་བྱང་ཆུད་ཡོད་པས་ལག་རྩལ་རྒྱུད་འཛིན་ཐུབ་མིན་ལ་སེམས་ཁུར་མི་དགོས།

2017ལོར། བོད་སྨན“བདུད་རྩི་བསིལ་སྨན”མཚོ་སྔོན་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་མིང་བྱང་དུ་བཀོད་ཡོད་པ་དང་། འབྲུག་ལྷ་ཐར་བོད་སྨན“བདུད་རྩི་བསིལ་སྨན”གྱི་རྒྱུད་འཛིན་མཁན་དུ་གཏན་འཁེལ་བྱས། 2018ལོར་འབྲུག་ལྷ་ཐར་སྐོར་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི“མཐོ་རིམ་འཇོན་མི་སྟོང་སྐྱེད་སྲིང་བྱེད་པའི་འཆར་འགོད”ནང་འདྲེན་གྱི་གསོ་སྐྱོང་མི་སྣར་བདམས་པ་དང་། ད་ལྟ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ལ་སྙན་ཞུ་འབུལ་བཞིན་ཡོད།

“དང་ཐོག་ནད་ལ་སྟོན་པའི་ནད་པ་སྟོང་གསུམ་ནས2018ལོར་ནད་པ་ཁྲི་བརྒྱད་ལ་སླེབས་ཡོད་པ་དང་། དེ་སྔོན་ཐོག་ཁང་གཅིག་ནས་ད་ལྟ་ཐོག་ཁང་ལྔ་རུ་སླེབས་ཡོད་པས། ཆ་རྐྱེན་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་བཟང་དུ་གྱུར་ཡོད་པ་དང་། ད་དུང་ཁྱད་ཆོས་ཤིག་ཡོད་པ་ནི་ཧོས་རིགས་ནད་པ་ཅུང་མང་བ་དེ་རེད།”

འབྲུག་ལྷ་ཐར་གྱིས་བཤད་རྒྱུར། བོད་སྨན་ཁང་གི་སྨན་བཅོས་སྒྲིག་ཆས་འཐུས་ཚང་དུ་གྱུར་བ་དང་། དེས“བདུད་རྩི་བསིལ་སྨན”བཙོ་སྦྱངས་དང་བཀོལ་སྤྱོད་ལ་སྟོབས་ཤུགས་ཆེན་པོ་བསྐྲུན། དུས་རྒྱུན་དུ“བདུད་རྩི་བསིལ་སྨན”གྱི་སྲོལ་རྒྱུན་ལག་རྩལ་རྒྱུད་འཛིན་བྱེད་པ་ལས་གཞན། ཁོས་ད་དུང་ཚོགས་པའི་སྣེ་ཁྲིད་དེ་གཞི་རིམ་དུ་སོང་ནས་དབུལ་ཕོངས་ཁྱིམ་ཚང་ལ་རིན་མེད་པར་ནད་ལ་བལྟ་པ་མ་ཟད། ཆེད་མཁས་པ་དང་ཆེད་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ་གན་རྒྱ་བཞག་པའི་སྨན་ཁང་དུ་སོང་ནས་སྨན་བཅོས་མཉམ་འབྲེལ་ལག་རྩལ་གྱི་དབུལ་སྐྱོར་བྱ་བ་སྤེལ་བཞིན་ཡོད།

འབྲུག་ལྷ་ཐར་གྱིས་བཤད་རྒྱུར། བོད་སྨན“བདུད་རྩི་བསིལ་སྨན”བཙོ་སྦྱངས་ལག་རྩལ་གྱི་རྒྱུད་འཛིན་མི་སྣ་ཡིན་པའི་ཆ་ནས། ཚན་རིག་གི་བྱེད་ཐབས་དང་བོད་སྨན་རྒྱུད་འཛིན་ལག་རྩལ་གྱི་ཞིབ་འཇུག་ཟུང་འབྲེལ་བྱས་ཏེ་ནུས་པ་ཁྱད་པར་ཅན་ཞིག་བསྐྲུན་རྒྱུ་ནི་ངའི་དང་ཐོག་གི་ཕུགས་འདུན་ཡིན། ཁོའི་ཕུགས་འདུན་ནི་མཚོ་སྔོན་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་སྨན་རྫས་རིག་པ་དར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་དེ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།