དཔའ་ལུང་རྫོང་བོད་སྨན་ཁང་གི་ཆེས་མཛེས་པའི་སྐལ་བཟང་མེ་ཏོག
2020.02.11 ཁུངས། དཔའ་ལུང་རྫོང་འཕྲོད་བསྟེན་ཅུའུ། ཀློག་གྲངས། 582

ཆོས་སྐྱིད་སྒྲོལ་མ་ནི1989ལོར་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་དུ་སྐྱེས། ཟླ་གཉིས་པའི་ཚེས་བཞིའི་ཡར་སྔོན་དུ་མི་རྣམས་མོའི་མིང་ལ་ཆ་རྒྱུས་ཆེན་པོ་མེད། མོ་ནི་དཔའ་ལུང་རྫོང་བོད་སྨན་ཁང་ཁོང་ནད་ཚན་ཁག་གི་ནད་གཡོག་འགོ་གཙོ་གཞོན་པ་ཡིན་ལ། དཔའ་ལུང་རྫོང་གིས་ཐེངས་འདིར་ཧུའུ་པེ་ལ་རོགས་སྐྱོར་བྱེད་དུ་བསྐྱོད་པའི་རིམས་འགོག་སྨན་བཅོས་རུ་ཁག་གི་སྨན་པ་བཅུའི་ཁྲོད་ཀྱི་གཅིག་རེད།

བོད་སྨན་ཁང་གི་ཏང་ཀྲི་པུའུ་ཡིས་སྨན་ཁང་ཡོངས་ཀྱི་སྨན་བཅོས་ལས་བྱེད་མི་སྣར་ཝུའུ་ཧན་དུ་རོགས་སྐྱོར་བྱེད་དུ་འགྲོ་དགོས་པའི་འབོད་སྐུལ་གཏོང་སྐབས། དུས་ཚོད་ཐུང་བ་དང་ལས་འགན་དམིགས་བསལ་ཡིན་པའི་དབང་གིས་སྨན་ཁང་གི་འགོ་ཁྲིད་ཀྱིས་སྨན་བཅོས་མི་སྣ་སུ་ཞིག་མངགས་ན་འཚམ་པར་ཐེ་ཚོམ་བྱེད་པའི་སྐབས་སུ། ཁོ་མོས་གློ་བུར་དུ་ཚོགས་འདུའི་ཐོག་ལག་པ་ཡར་བཀྱགས་ནས“ཡོན་ཀྲང་། ང་འགྲོ་རྒྱུ་ཡིན”ཞེས་བཤད་པ་དང་། སྐད་ཆ་དེས་ཚོགས་འདུ་ཁང་གི་ལྗིད་ཏིག་ཏིག་གི་རྣམ་པ་དེ་གློ་བུར་དུ་གཏོར་བ་དང་། ཁོ་མོའི་བྱིས་པ་ལྟ་བུའི་ངོ་གདོང་ལ་བལྟ་ཞོར་མི་ཚང་མ་སེམས་འགུལ་ཆེན་པོ་ཐེབས་པ་དང་ཡོན་ཀྲང་ལ་ཡང་སེམས་འགུལ་ཆེན་པོ་ཐེབས། སེམས་འགུལ་ཆེན་པོ་ཐེབས་པ་ཞིག་ནི་རང་ཉིད་ཀྱི་སེམས་ནང་དུ་གྲ་སྒྲིག་འདེམས་བསྐོ་བྱས་པའི་མི་སྣ་དང་འདྲ་བར། སྒྲོལ་མའི་ལས་ཀའི་ནུས་པ་ཡང་ནམ་རྒྱུན་སྨན་ཁང་ནང་གི་ཨང་དང་པོ་དང་གཉིས་པར་བརྩི་གིན་ཡོད། ཐེངས་འདིར་སྨན་བཅོས་རོགས་སྐྱོར་བྱེད་པར་ངེས་པར་དུ་ལས་ཀའི་ནུས་པ་བཟང་བའི་མི་ཞིག་བདམས་དགོས། ཁོ་མོ་དང་ང་རང་ཉིད་ཀྱི་སེམས་ནང་གི་བསམ་ཚུལ་གཅིག་པ་ཡིན་པ་དང་སེམས་འགུལ་ཐེབས་པ་ཞིག་ནི་སྒྲོལ་མའི་ལུས་སྟེང་དུ་མངོན་པའི་བློ་སྤོབས་དང་སྤྲོ་སྣང་གི་བསམ་པ་དེ་རེད། མོས་བཤད་རྒྱུར། “ང་ནི་ནད་གཡོག་པ་ཞིག་ཡིན། ནད་གཡོག་གི་ཉམས་མྱོང་མི་གཞན་ལས་མང་བ་ཡོད། ང་རང་ཏང་ཡོན་མིན་མོད། འོན་ཀྱང་ངས་རིམས་ནད་ལ་འགོག་རྒོལ་བྱ་ཆེད་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་འབུལ་རྒྱུ་ཡིན། ང་ལ་རང་ཉིད་ཀྱི་ཁྱད་ཆོས་ཡོད་པས་སྨན་ཁང་གི་འགོ་ཁྲིད་ཀྱིས་ངེས་པར་དུ་ངའི་བསམ་འཆར་ལ་བསམ་བློ་གཏོང་རོགས”ཞེས་བཤད། སྨན་ཁང་གི་འགོ་ཁྲིད་ཀྱིས་ཁྱིམ་མི་འཐད་པ་བྱུང་ཡོད་མིན་སྐོར་འདྲི་སྐབས། མོས་བློ་བརྟན་འགྱུར་མེད་སྒོས་བཤད་རྒྱུར། ཁྱིམ་མིས་ང་ལ་རྒྱབ་སྐྱོར་བྱེད་ངེས་ཡིན། རྗེས་སུ་ཚང་མས་ཁོ་མོར་བྱིས་པ་ཆུང་ངུ་གཉིས་ཡོད་པ་ཤེས།

དུས་རྒྱུན་གྱི་བྱ་བའི་ཁྲོད་ཁོ་མོས་ལས་ལ་བརྩོན་ཞིང་། སྤྲོ་སྣང་འཕེལ་བ། ངལ་བ་དང་འཁང་ར་བཟོད་པ། དུས་རྒྱུན་ཚན་ཁག་ལ་ཐབས་ཇུས་འདོན་བཞིན་ཡོད། ཚན་ཁག་བདག་སྐྱོང་དང་སྨན་ཁང་གི་བྱ་བར་ཕན་པའི་གྲོས་གཞི་མང་པོ་འདོན་བཞིན་ཡོད། ཚན་ཁག་གི་ནད་སྐྱོང་པུའུ་ཡི་ཀྲུའུ་རིན་གྱི་འགན་འཁུར་བ་དང་། ཁོ་མོས་ཐོག་མཐའ་བར་གསུམ་དུ་རང་འགན་གཙང་སྒྲུབ་དང་ངལ་བ་དང་འཁང་ར་གཏན་ནས་མི་བྱེད་པས། སྨན་ཁང་ནང་གི་རྐང་འཛིན་མི་སྣར་གྱུར་ཡོད། ཁོ་མོ་ཧུའུ་པེ་རུ་བསྐྱོད་པའི་སྐབས་དེར། སྐྱེལ་མ་བྱེད་དུ་འོང་བའི་ལས་གྲོགས་ཀྱིས་ཁོ་མོར་ཁ་བཏགས་འཐེན་པ་དང་། ཁྱོད་ཀྱིས་བྱིས་པ་གཉིས་བསྐྱུར་ཏེ་འགྲོ་ཐུབ་བམ་ཞེས་དྲིས་པ་ན། ཁོ་མོས་བཤད་རྒྱུར། ངས་ཀྱང་བློས་མི་ཐོང་ལ། སུ་ཞིག་གིས་བྱིས་པ་བསྐྱུར་ཏེ་འགྲོ་ཐུབ་བམ། འོན་ཀྱང་། ངས་ལས་ཀའི་ལྭ་བ་གྱོན་རྗེས་ང་ནི་ནད་གཡོག་པ་ཞིག་ཡིན་པ་དང་། ཧུའུ་པེ་རུ་རོགས་སྐྱོར་བྱེད་དུ་བསྐྱོད་ན་ང་ནི་འཐབ་མོ་བ་ཞིག་ཡིན་ལ། ནད་ཡམས་ལ་འགོག་རྒོལ་བྱ་རྒྱུ་ནི་ངའི་འགན་འཁྲི་ཡིན། རེ་ཞུ་ཡི་གེ་ནི་ང་རང་ཉིད་ཀྱིས་བྲིས་པ་ཡིན་པས། ང་རང་དུ་སྨུག་མེད་པའི་གཡུལ་སར་བསྐྱོད་འདོད་ཡོད་ལ། ཡང་གཅིག་བཤད་ན་དེ་ནི་ངའི་བྱིས་པ་གཉིས་ལ་སྲུང་སྐྱོབ་བྱས་པ་ཡང་རེད”ཞེས་བཤད།དཔའ་ཉམས་ལྡན་པའི་སྐད་ཆ་མེད་མོད། རིམས་ནད་ཀྱི་མདུན་དུ་ཁོ་མོས་ལྷག་བསམ་ཟོལ་མེད་དང་འབད་བརྩོན་ཆེན་པོས་ཉེ་མི་ཚོར་གོ་སྐོན་བློ་འགུག་བྱས་ཤིང་། ཁོ་མོས་ནད་ཡམས་འགོག་པ་ནི་ངའི་འགན་འཁྲི་ཡིན་ཞེས་བཤད་པ་དང་། གནོད་འཚེའི་མདུན་དུ་ང་ཚོས་གཡོལ་ཐབས་མེད་པར་མེས་རྒྱལ་གྱི་བདེ་འཇགས་དང་དར་རྒྱས་སྲུང་སྐྱོང་བྱེད་དགོས། ཁྱིམ་ཚང་ཆུང་ངུ་བསྐྱུར་ནས་སེམས་ཅན་ལ་ཞབས་ཞུ་སྒྲུབ་དགོས། སེམས་གཏིང་ནས་བབ་ཆགས་པའི་སྐད་ཆ་བཤད་མོད་བཟའ་ཚང་ལ་ཁ་འབྲལ་དཀའ་བ་ཞིག་རེད། འོན་ཀྱང་སྨན་བཅོས་མི་སྣ་ཞིག་གི་འགན་འཁྲི་འཁུར་ཕོད་པ་དང་། ཚེ་སྲོག་ལ་སྐྱབས་བཅོལ་ཞུ་བ། འཆི་བདག་གི་ཁ་ནས་སྐྱོབ་པ་བཅས་ཀྱི་ཆོད་སེམས་བརྟན་པོ་ཡོད་པས། ཁོ་མོས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་སྟེང་ནས་ཞུམ་པ་མེད་པའི་རང་སྲོག་བློས་གཏོང་གི་སྙིང་སྟོབས་དང་སྒེར་སེམས་མེད་པར་ཡོད་ཚད་འབུལ་བའི་གཅེས་སེམས་ཆེན་པོའི་སྙིང་སྟོབས་གསལ་བཤད་བྱས་ཡོད།

སྨན་པའི་ལྭ་བ་གྱོན་རྗེས་ཁོ་མོ་ནི་གོས་དཀར་ལྷའི་ཕོ་ཉ་ཡིན་པ་དང་། ལྭ་བ་ཕུད་རྗེས་ཁོ་མོ་ནི་བུ་མོ་ཡིན་ལ་ཨ་མ་ཡང་ཡིན། ཁོ་མོ་ཡང་དུག་བརྒྱས་མི་ཚུགས་པ་ཞིག་ག་ལ་ཡིན་ཏེ་ཤ་ཁྲག་གི་ཕུང་བོས་གྲུབ་པ་རེད། 2003ལོར་སར་སི་གློ་ཚད་ཀྱིས་རྒྱལ་ཡོངས་ལ་འཇབ་རྒོལ་བྱེད་སྐབས་ཁོ་མོ་ནི་གཞན་གྱིས་སྲུང་སྐྱོབ་བྱེད་དགོས་པའི་མི་ཞིག་རེད། ད་ལྟ་རྒྱལ་ཁབ་ལ་དཀའ་ཁག་ཡོད་པས། བཀའ་བཏང་མ་ཐག་ཁོ་མོ་ནི“གོ་ཁྲབ་”གྱོན་པའི་དཔའ་རྒོད་ལྟ་བུར་གྱུར།  རིམས་ནད་ཀྱི་མདུན་དུ་ཁོ་མོས་ཁྱིམ་ཚང་ཆུང་ཆུང་ཞིག་བློས་གཏོང་ཕོད་པའི་བློ་སྤོབས་དེ་འདྲ་ཞིག་ཡོད་པ་ནི་དད་སེམས་ཤིག་ཡིན་སྲིད་ལ། ཀྲུང་ཧྭའི་བུ་ཕྲུག་ཅིག་ཡིན་པའི་ངོས་ནས་ང་ཚོས་མེས་རྒྱལ་དཀའ་ངལ་ལ་འཕྲད་སྐབས་དཔའ་ངར་ཆེར་བསྐྱེད་བྱེད་དགོས་ལ་དེ་ནི་འགན་འཁྲི་ཞིག་ཡིན་པ་དང་། སྨན་པ་ཞིག་ཡིན་པའི་ངོས་ནས་ང་ཚོར་རིམས་ནད་ཛ་དྲག་ཆེ་བའི་སྐབས་རང་འགུལ་སྒོས་ནད་པ་སྐྱོབ་པའི་འོས་འགན་ཡོད། བུད་མེད་སྐྱེས་པ་ལས་མི་ཞན་སྟེ། སྒྲོལ་མ་ནི་ཁོ་མོའི་མིང་ལྟར་ནམ་ཡང་རྫོང་ཡོངས་ཀྱི་མི་དམངས་ཀྱི་སེམས་ནང་དུ་བཞད་པའི་སྐལ་བཟང་མེ་ཏོག་ཞིག་ཏུ་འགྱུར་ངེས་པར་ཡིད་ཆེས་ཡོད།

རིམས་ནད་ལ་འགོག་རྒོལ་དང་དམག་འཐབ་དྲག་པོ་འདི་ལས་རྒྱལ་བར་བྱ་རྒྱུ་ནི་ང་ཚོའི་མདུན་དུ་ལྷགས་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། སྨན་བཅོས་ལས་དོན་མི་སྣར་བླངས་བའི་ཉམས་སད་ཆེན་པོ་ཞིག་ཀྱང་ཡིན། དུ་བ་མེད་པའི་དམག་འཁྲུག་དེའི་ཁྲོད། ཁོ་མོ་ནི་མིང་དོན་མཚུངས་པའི་འཐབ་འཛིང་པ་ཞིག་ཡིན་པ་དང་། དགྲ་བོ་མཐོང་རྒྱུ་མེད་པའི་གཡུལ་ས་དེར་ཁོ་མོ་ནི་ངོ་གནོང་མི་དགོས་པའི་དཔའ་བོ་ཞིག་ཡིན་ལ། རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོ་རུ་ཁོ་མོ་ནི་ལྷའི་ཕོ་ཉ་ཚེས་མཛེས་པ་དེ་ཡིན། ང་ཚོས་དཔྱིད་ཀྱི་མེ་ཏོག་བཞད་པ་དང་དཔའ་བོ་རྒྱལ་ཁའི་ངང་ཕྱིར་ལོག་པར་སྒུག་ནས་འདུག

ལོ་ཙཱ་བ། ཤ་བོ་རིན་མཚོ།