བུད་མེད་ཉེན་རྟོག་པས་རིམས་འགོག་ལས་ཡུལ་དང་པོ་རུ་བདེ་འཇགས་སྲུང་སྐྱོང་བྱས། 
2020.02.18 ཁུངས། ཀློག་གྲངས། 2

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་པའི་བྱ་བ་རྒྱལ་ཡོངས་གོང་འོག་བར་གསུམ་དུ་ལག་བསྟར་བྱས་རྗེས། ཉིན་རེའི་ཞོགས་པར། ཧི་ནན་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ནའོ་མུའུ་ཅི་ནའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་སྒྲུབ་ཞིབ་བཤེར་ས་ཚིགས་སུ། ཉེན་རྟོག་པའི་གཟུགས་བྱད་ལེགས་ཤིང་དཔའ་ཉམས་དོད་པའི་བུད་མེད་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་ལས་རོགས་སྐྱེས་པ་གཞན་དག་དང་མཉམ་དུ་ཞིབ་བཤེར་ས་ཚིགས་སུ་ཡོང་ནས་ཉིན་གཅིག་གི་ལས་ཀའི་མགོ་བརྩམས། “བློ་མཐུན་ཁ་ལོ་བ་ལགས་ཁྱེད་ཀྱིས་རླངས་འཁོར་ཟུར་དུ་བཞག་ནས་རང་འགུལ་ངང་འཕྲོད་བསྟེན་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་ལུས་ཀྱི་ཚ་གྲངས་ཞིབ་དཔྱད་ཚད་ལེན་བྱེད་དགོས། དེ་ལྟར་བྱས་ན་ཁྱེད་རང་གི་ལུས་པོར་འགན་འཁུར་བ་མ་ཟད་ཁྱིམ་མིའི་བདེ་ཐང་ལ་འགན་འཁུར་བ་དང་། སྤྱི་དམངས་ཀྱི་བདེ་འཇགས་ལའང་འགན་འཁུར་བ་ཡིན།” ཁོ་མོ་ནི་སྐལ་བཟང་སྒྲོལ་མ་རེད། ལོ་སོ་ལྔར་བུད་པའི་ཁོ་མོ་ནི་ཧི་ནན་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལམ་བཤེར་རམ་འདེགས་ཉེན་རྟོག་པ་ཞིག་རེད། 

 ཁོ་མོ་ནི་ལས་ཡུལ་དང་པོ་རུ་ལས་ལ་བརྩོན་པའི་བུད་མེད་ཉེན་རྟོག་པ་གཅིག་པུ་དེ་ཡིན་ལ། ཁོ་མོའི་ལུས་ན་ཡིད་དུ་འོང་བའི་“ཉེན་རྟོག”གི་ཉམས་འགྱུར་ཞིག་ཀྱང་ལྡན། ལས་གནས་སུ་ཞིབ་བཤེར་བྱེད་པའི་དུས་ཚོད་སྐར་མ་རེར་ཁོ་མོས་རང་གཅུན་ནན་པོ་བྱེད་པ་དང་ཚད་ལྡན་གྱི་འགྲིམ་འགྲུལ་བཀོད་འདོམས་ལག་བརྡ་སྤྱོད་བཞིན་ཡོད་པ་དང་། འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་རྣམས་གོ་རིམ་ལྡན་པའི་ངང་ཞིབ་བཤེར་ས་ཚིགས་སུ་བརྒྱུད་དེ་ཞིབ་བཤེར་དང་ལེན་བྱེད་པར་བཀོད་འདོམས་དང་ཁྲིད་སྟོན་བྱེད་བཞིན། ཞིབ་བཤེར་དང་ལེན་བྱེད་མཁན་ཁ་ལོ་བ་ཚང་མར་རིམས་ནད་སྔོན་འགོག་གི་རྒྱུན་ཤེས་བསྐྱར་ཟློས་སྒོས་བཤད་བཞིན་ཡོད།

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་སྤེལ་བའི་ཚུན་ལ། ཧི་ནན་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་རོགས་ཉེན་རྟོག་པ་སྐལ་བཟང་སྒྲོལ་མས་རང་འགུལ་ངང་རེ་ཞུ་བྱས་ཏེ། ཐོག་མའི་དུས་ཚོད་ནང་ཧི་ནན་རྫོང་ནའོ་མུའུ་ཅི་ནའི་རིམས་ནད་སྔོན་འགོག་ཚོད་འཛིན་ཞིབ་བཤེར་ས་ཚིགས་སུ་བྱ་བ་སྒྲུབ་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ཛ་དྲག་ཆེ་རུང་། ཁོ་མོ་གདོང་མཆོང་གྲས་སུ་ཞུགས་ཏེ་ཉིན་མཚན་མེད་པར་འབད་འཐབ་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་བརྟན་སྲུང་བྱས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་དཔྱད་ཚད་ལེན་ས་ཚིགས་སུ་སྐལ་བཟང་སྒྲོལ་མ་དང་ལས་གྲོགས་ཚོས་ཕར་འགྲོ་ཚུར་འོང་གི་རླངས་འཁོར་རེ་རེ་བཞིན་འདྲི་རྩད་བྱས་པ་དང་། འགྲོ་འོང་བྱེད་མཁན་ལ་ལུས་ཀྱི་ཚ་གྲངས་ཚད་འཇལ་བྱས་པ་རེད། ཁོ་མོ་དང་ལས་གྲོགས་ཚོས་ཉིན་ལྟར་ཁ་ཐུམ་བརྒྱབ་ནས་དུས་ཚོད་ཉེར་བཞི་ཡི་རིང་རེས་མོས་ངང་ལས་གནས་བརྟན་སྲུང་བྱས་ཏེ། རླངས་འཁོར་གྱི་ལམ་སྟོན་སློབ་ཁྲིད་དང་མི་སྣའི་ཆ་འཕྲིན་ཞིབ་བསྡུར་ཏན་ཏིག་བྱེད་པ་དང་། སྨན་བཅོས་མི་སྣའི་ལུས་དྲོད་ཚད་འཇལ་གྱི་བརྟག་དཔྱད་ཐོ་འགོད་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། གཟབ་ནན་སྒོས་རླངས་འཁོར་གཅིག་ཀྱང་མ་ལུས་པར་རྟག་དཔྱད་བྱེད་ཀྱིན་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁྱིམ་ཚང་གི་དོན་དངོས་མདུན་དུ་ཁོ་མོས་ཁྱིམ་ཚང་ཆུང་ངུ་བློས་བཏང་ནས་ལས་གནས་བརྟན་སྲུང་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར། 

ལས་ཀ་ལྕི་བའི་དབང་གིས་རེས་མོས་ཀྱིས་ངལ་གསོ་བྱས་རྗེས། སྐལ་བཟང་སྒྲོལ་མས་ལས་གྲོགས་ཚོ་དང་སྐད་ཆ་བཤད་སྐབས་སྐད་འགགས་ཤིང་། དུས་ཡུན་རིང་པོའི་འགྲིམ་འགྲུལ་བཀོད་འདོམས་ཀྱི་ལག་བརྡ་ཡང་ཡང་བཏང་བས། ཁོ་མོས་ཟ་མ་ཟ་སྐབས་ལག་པ་ཡང་ཡར་འགྱོག་དཀའ་བའི་གནས་སུ་གྱུར། འོན་ཀྱང་ཁོ་མོ་འགྲིམ་འགྲུལ་ཉེན་རྟོག་བྱ་བར་དགའ་ཞེན་དང་འགོག་ཐབས་བྲལ་བའི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ཀྱི་ལང་ཚོའི་ལོ་ཟླའི་ཁྲོད་བརྗེད་དཀའ་ལ་འགྱོད་སེམས་མེད་པའི་བྱ་བ་སྒྲུབ་བཞིན་ཡོད།

 རིམས་ནད་ཇེ་ལྷོད་དུ་མ་སོང་ཚེ་ཉེན་རྟོག་པ་ཕྱིར་འཐེན་མི་བྱེད། ཧི་ནན་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དུ་སྐལ་བཟང་སྒྲོལ་མ་དང་འདྲ་བར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་རུ་འབད་འབུངས་བྱེད་བཞིན་པའི་ཕུལ་བྱུང་ན་གཞོན་མི་དམངས་ཉེན་རྟོག་པ་མང་པོ་ཡོད། ཁོ་ཚོས་རྫོང་ཡོངས་ཀྱི་རིམས་འགོག་ཞིབ་བཤེར་ས་ཚིགས་ཚང་མའི་སྟེང་བཀའ་རྒྱར་ཉན་པ་དང་། བཀོད་འདོམས་ལ་ཉན་པ། གདོང་མཆོང་སྔོན་སྐྱོད། ལྷག་བསམ་རྣམ་དག་བཅས་ཀྱི་སྒོ་ནས་འགན་འཁྲི་སྒྲུབ་པ་དང་། ཁོ་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་ཧི་ནན་རྫོང་གི་སྤྱི་བདེ་ན་གཞོན་མི་དམངས་ཉེན་རྟོག་པའི་འགན་འཁྲི་གང་ལེགས་ཀྱིས་མངོན་པར་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད། 

ལོ་ཙཱ་བ། ཤ་བོ་རིན་མཚོ།