ཟླ2པའི་ཚེས18ཉིན་ཏང་ཡོན་ཆོས་བཟང་གིས་སྔ་མོ་ནས་ནངས་ཇ་སྟབས་བདེ་ཞིག་འཐུང་རྗེས། རང་གི་མཁོ་ཆས་ལག་ཏུ་བཟུང་སྟེ་སྡེ་བའི་རིམས་ནད་སྔོན་འགོག་གི་ཞིབ་བཤེར་ས་ཚིགས་སུ་སོང་ནས་ལས་ཀ་སྒྲུབ་འགོ་བརྩམས། ཟླ2པའི་ཚེས3ཉིན་ནས་བཟུང་ཁོས་ཉིན་རྒྱུན་དུ་རིམས་ནད་སྔོན་འགོག་གི་ཞིབ་བཤེར་ས་ཚིགས་སུ་བྱ་བ་སྒྲུབ་བཞིན་ཡོད།
ཆོས་བཟང་ནི་སྤྱི་ལོ1977ལོའི་ཟླ་བཞི་བར་སྐྱེས་པ་དང་། ཕ་ཡུལ་ནི་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་སྐྱ་རྒྱ་ཞང་ཨ་འབྱུང་སྡེ་བ་ཡིན། སྤྱི་ལོ1994ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་གི་ནང་དུ་ཞུགས། ཨ་འབྱུང་སྡེ་བ་ནི་སྐྱ་རྒྱ་ཞང་གི་འགོག་སྒོ་ལྟ་བུ་ཡིན་པས་ཞང་དང་སྡེ་བའི་ལས་བྱེད་པ་ཁོ་ནས་འགོག་སྲུང་བྱེད་ན་དངོས་ནས་དཀའ་ལས་ཆེན་པོ་ཡོད། ལོ་ན43ཡིན་པའི་ཏང་ཡོན་ཆོས་བཟང་གིས་སྡེ་བའི་ནང་དུ་དང་བླངས་པ་སྡུད་བཞིན་པའི་བརྡ་ཐོ་མཐོང་རྗེས་དེ་མ་ཐག་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་སོང་ནས་སྡེ་བའི་ཞིབ་བཤེར་ས་ཚིགས་སུ་འགོག་སྲུང་ལས་རོགས་བྱེད་པའི་རེ་ཞུ་བྱས། སྡེ་བའི་ཀྲི་པུའུ་ཧྲུའུ་ཅིས་ཆོས་བཟང་གི་ལུས་ཕུང་དེ་འདྲ་མི་བཟང་བ་ཤེས་ནས་དང་ལེན་མ་བྱས་མོད། འོན་ཀྱང་ཁོའི་བློ་སེམས་བརྟན་པོ་ཡིན་ཞིང་སྡེ་བའི་ནང་གི་ཏང་ཡོན་རྒན་པའང་ཡིན་ལ། རང་འགུལ་གྱིས་སྡེ་འདབས་སུ་ལས་རེས་བྱེད་པའི་རེ་བ་བཏོན་པ་དང་། ཁོ་རང་སྡེ་བའི་ཁྱིམ་ཚང་ཕལ་ཆེར་ལ་ཆ་རྒྱུས་ཡོད་པས། དུས་ལྟར་གནས་ཚུལ་ཤེས་རྟོགས་ཐུབ་པས་རིམས་ནད་སྔོན་འགོག་ཞིབ་བཤེར་ས་ཚིགས་ཀྱི་ལས་བྱེད་མི་སྣ་དང་མཉམ་དུ་ལས་རེས་བྱེད་པར་སྟབས་བདེ་ཡིན།
རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་སྒྲོག་གི་ནུས་ཤུགས་དང་བྱ་ཐབས་ཇེ་དྲག་བཏང་བ་དང་ཆབས་ཅིག སྡེ་བའི་འགྲོ་འོང་གི་མི་སྣ་ཇེ་ཉུང་དུ་སོང་འདུག་མོད། འོན་ཀྱང་ཆོས་བཟང་གིས་ལྷོད་གཡེང་དུ་མི་གཏོང་བར་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ཏེ། ཕྱིར་ལོག་མི་སྣ་དང་འགྲོ་འོང་མི་སྣ་རེ་རེ་བཞིན་ནན་ཏན་གྱིས་ཐོ་འགོད་བྱེད་པ་དང་། ཚ་གྲང་འཇལ་བ། དུག་སེལ་བྱེད་པ་སོགས་ཀྱི་བྱ་བ་སུན་སྣང་མེད་པར་སྒྲུབ་བཞིན་ཡོད། ཉིན་གུང་གི་སྐབས་སུ། ཁོ་དང་ལས་རེས་པ་ཚོས་སྟབས་བདེ་ཐུག་པ་ཙམ་འཐུང་བཞིན་ཡོད་ལ། རིམས་ནད་འགོག་སྲུང་གི་ཞིབ་བཤེར་ས་ཚིགས་སུ་ལས་རེས་བྱས་པ་ནས་བཟུང། ཆོས་བཟང་གིས་ཉིན་རེའི་ལས་ཀ་འདི་ལྟར་བསྐྱར་ཟློས་བྱེད་བཞིན་ཡོད། ཐང་ཆད་པ་དང་སྡུག་མྱོང་རྒྱུར་མི་སྐྲག་པར། མཚན་མོའི་དུས་སུའང་ལས་རེས་བྱེད་བཞིན་ཡོད། ཆོས་བཟང་གིས་བཤད་རྒྱུར“ང་རང་སྡེ་བ་ནང་གི་དོན་དག་ལ་ཆ་རྒྱུས་ཡོད་ཅིང་མི་ཚང་མ་ངོ་ཤེས་པས་བྱ་བ་ལས་ན་སྟབས་བདེ་ཡིན། ཏང་ནང་དུ་ཞུགས་ནས་ལོ་ངོ26འགོར་ཡོད་པའི་གུང་ཁྲན་ཏང་ཡོན་ཞིག་ལ་མཚོན་ན། ཁྱིམ་གཞིས་འདི་སྲུང་རྒྱུ་ནི་ངའི་འོས་འགན་དང་ཁག་ཁུར་རེད།”ཟེར།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།