མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་འོད་སྲུང་རྡོ་རྗེ།
2020.03.19 ཁུངས། མི་དམངས་དྲ་བ། ཀློག་གྲངས། 0

 ལོ་53ཡིན་པའི་འོད་སྲུང་རྡོ་རྗེ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནས་ཡིན་པ་དང་། ཁོའི་ཕ་ཡུལ་གཅན་ཚ་ལ་གནའ་ནས་“མདའ་མོའི་ཕ་ས”ཞེས་པའི་མཚན་སྙན་ཡོད། ས་གནས་དེ་གའི་ཁྱིམ་ཚང་ཚང་མར་གཞུ་ཡོད་ལ་སྐྱེས་པ་ཚང་མས་མདའ་འཕེན་ཤེས། འོད་སྲུང་རྡོ་རྗེ་ཡང་དེ་ལས་མ་འདས་པར་ཆུང་དུས་ནས་མདའ་གཞུ་རྩེད་ཞོར་འཚར་ལོངས་བྱུང་བ་ཞིག་རེད།

“ངའི་ཨ་ཁུ་ནི་རྭ་གཞུ་བཟོ་བར་མཁས། ང་ཆུང་དུས་སུ་ཁོ་དང་མཉམ་དུ་མདའ་གཞུའི་ལག་རྩལ་དང་ཤེས་བྱ་མང་པོ་སྦྱངས་མྱོང་ཡོད”ཅེས་འོད་སྲུང་རྡོ་རྗེས་དེ་ལྟར་བཤད་བྱུང་།

མཚོ་སྔོན་སྲོལ་རྒྱུན་གྱི་རྭ་གཞུ་བེད་སྤྱོད་དང་བཟོ་སྟངས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡང་། ལག་ཤེས་བཟོ་ལས་རྣལ་མ་དང་བཟོ་རྩལ་རྙོག་འཛིང་ཆེ་བ། ཐོན་སྐྱེད་དུས་ཡུན་རིང་བ་སོགས་རྒྱུ་རྐྱེན་མང་པོས་ཤུགས་རྐྱེན་ཐེབས་འོག་ད་ལྟ་རྭ་གཞུ་བཟོ་མཁན་ཇེ་ཉུང་ནས་ཇེ་ཉུང་རེད།

རིན་ཐང་ཆེ་བའི་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་ཐུབ་པ་བྱ་ཆེད། 2012ལོར། འོད་སྲུང་རྡོ་རྗེ་ཡིས་རང་ཉིད་ཀྱི་དེ་སྔའི་ཚོང་ལས་བསྐྱུར་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་རྭ་གཞུ་བཟོ་བར་འབད་པ་ལྷོད་མེད་བྱས། “ཀུང་སི་བཙུགས་པ་བརྒྱུད། གནའ་བོའི་རིག་གནས་རྒྱུན་འཛིན་བྱས་ནས་མི་མང་པོར་ཤེས་རྟོགས་འཇུག་ཐུབ་པའི་རེ་བ་ཡོད”ཅེས་འོད་སྲུང་རྡོ་རྗེ་ཡིས་དེ་ལྟར་བཤད་བྱུང་།

2014ལོར། འོད་སྲུང་རྡོ་རྗེ་ཡིས་རྭ་གཞུ་འགའ་འཁུར་ནས་ཁོ་རེ་ཡ་ལྷོ་མ་རུ་སྤེལ་བའི་རྒྱལ་སྤྱིའི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་ལ་ཞུགས་ཤིང་། བསམ་ཡུལ་ལས་འདས་པ་ཞིག་ལ། ཁོས་བཟོས་པའི་བོད་ཀྱི་རྭ་གཞུ་ཡིས་ཕྱི་རྒྱལ་གྱི་འགྲན་ཞུགས་པ་མང་པོའི་ཡིད་དབང་བཀུགས་ནས་དེར་འཁུར་པའི་གཞུ་ཚང་མ་དེ་མ་ཉིད་དུ་བཙོང་ཚར་བ་རེད།

ཐེངས་དེའི་ཉམས་མྱོང་གིས་འོད་སྲུང་རྡོ་རྗེ་ལ་སྤོབས་པ་བསྩལ་ཡོད་ཅིང་། སྲོལ་རྒྱུན་རྭ་གཞུ་བཟོ་རྩལ་དར་རྒྱས་གོང་འཕེལ་འབྱུང་བར་ཁོ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།

མཚོ་སྔོན་དུ་དམངས་ཁྲོད་མདའ་འཕེན་རིག་གནས་བྱེད་སྒོ་དེ་ལོ་འདི་འགའི་རིང་ལ་འཕེལ་རྒྱས་མགྱོགས་པོར་འགྲོ་བཞིན་ཡོད། སྡེ་བ་དང་སྡེ་བའི་བར་དང་། ཞང་དང་ཞང་བར་གྱི་མདའ་འཕེན་བྱེད་སྒོ་ནི་རྫོང་ཁག་བར་དང་། ཁུལ(གྲོང་ཁྱེར་)བར། ཞིང་ཆེན་བར། རྒྱལ་ཁབ་བར་གྱི་མདའ་འཕེན་བྱེད་སྒོར་གྱུར་ཡོད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་མདའ་འཕེན་འགྲན་བསྡུར་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དེས་མཚོ་སྔོན་གྱི་བོད་ཀྱི་སྲོལ་རྒྱུན་རྭ་གཞུ་ལ་མདའ་འཕེན་པར་དགའ་མཁན་དག་གི་བསྟོད་བསྔགས་དང་དགའ་བསུ་ཐོབ་ཡོད།

དེང་སྐབས། འོད་སྲུང་རྡོ་རྗེས་ཡིས་རྒྱལ་ཁབ་ཕྱི་ནང་ནས་གཞུ་བཟོ་བའི་རྒྱུ་ཆ་གང་ལེགས་འདེམ་བཞིན་ཡོད་པ་མ་ཟད། སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་གཞུ་བཟོ་བའི་གོ་རིམ་ལེགས་བཅོས་བཏང་ཡོད། ཁོའི་ཀུང་སི་རུ་ལས་བྱེད་མི་སྣ་40ཡིས་རྭ་གཞུ་བཟོ་བཞིན་ཡོད་པ་དང་། མངགས་ཐོ་ནི་རྒྱལ་ཡོངས་ས་ཆ་ཀུན་དང་རྒྱལ་ཁབ་མང་པོ་ནས་ཡོང་བཞིན་ཡོད།

འོད་སྲུང་རྡོ་རྗེས་ཡིས་བཤད་རྒྱུར། “ཀུང་སི་བཙུགས་པ་ནས་ད་ལྟའི་བར་དུ། ང་ཚོ་ལ་སྲིད་གཞུང་གི་རོགས་སྐྱོར་ཐོབ་ཡོད། རྒྱལ་ཁབ་ཀྱིས་ཤུགས་ཆེན་པོས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་རྒྱུན་འཛིན་ལ་རོགས་སྐྱོར་བྱས་པས། ང་ཚོའི་རྭ་གཞུ་འཛམ་གླིང་ལ་འགྲེམས་ཐུབ་པ་བྱུང་བ་དང། འདི་ནི་ང་ཚོའི་མེས་པོ་ཚོ་ལ་མཚོན་ན་བསམ་ཡུལ་ལས་འདས་པ་ཞིག་རེད ” ཟེར། མཚོ་སྔོན་ཞིང་ཆེན་རིག་གནས་པུའུ་དང་། ལུས་རྩལ་སྡེ་ཁག་གིས་ཁོའི་ཀུང་སི་ལ་རིག་གནས་ཡུལ་སྐོར་ཐོན་ལས་དཔེ་སྟོན་རྟེན་གཞི་དང་། དངོས་མིན་རིག་གནས་ཤུལ་བཞག་ཕྱོགས་བསྡུས་ཟབ་སྦྱོང་ལྟེ་གནས་སོགས་ཀྱི་མཚན་སྙན་གནང་ཡོད་ཅིང་། ཁོ་རང་ཉིད་ཀྱང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་ཡོད། གཟི་བརྗིད་འདི་དག་གིས་ཁོ་ལ་མི་རིགས་རིག་གནས་རྒྱུན་འཛིན་སྔར་བས་སྲ་བརྟན་དུ་གཏོང་བའི་ཡིད་ཆེས་བསྩལ་ཡོད་པར་ཐེ་ཚོམ་མེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།