ཞིང་སྡེ་དར་སྤེལ་གྱི་སྣེ་ཁྲིད་མཁན།
2020.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

—རྐང་ཚ་རྫོང་ཁྱོན་རྒྱས་ཞང་ཉིན་ཞ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོ་ཡི་གནས་ཚུལ་བཀོད་པ།

སྲོལ་རྒྱུན་གྱི་ཕྱུགས་ལས་གསོ་སྤེལ་ལས་རིགས་ཀྱི་ཉག་ཕྲ་བའི་དཀའ་ཁག་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི་བསམ་ཕྱོགས་སེལ་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་དེ་རིན་མེད་ཐོན་ཁུངས་ནས་རིན་ཐང་མ་རྩ་ཅན་དུ་རུ་བསྒྱུར་བ་དང་། དེ་སྔོན་མ་དངུལ་དང་ལས་གཞི་མེད་པའི་མཐའ་འཁོབ་སྡེ་བ་ཆུང་ཆུང་དེ་ད་ལྟ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཡིད་རྟོན་འཛུགས་སྐྲུན་གྱི་སྔོན་ཐོན་སྡེ་བར་གྱུར་ཡོད། རྐང་ཚ་རྫོང་ཁྱོན་རྒྱས་ཞང་ཉིན་ཞ་སྡེ་བའི་འཕོ་འགྱུར་ཆེན་པོ་དེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོས་བློ་གཅིག་སེམས་གཅིག་ངང་བྱ་བར་འབད་པ་བྱས་པར་ཁ་འབྲལ་ཐབས་མེད།

ཚེ་བྷོ་ནི་མཚོ་སྔོན་པོའི་འགྲམ་རྒྱུད་དུ་སྐྱེས་པའི་འབྲོག་པ་ཞིག་ཡིན་ལ། ཕ་མེས་ཡང་མེས་ནས་བཟུང་རྩྭ་ཆུར་སྙེག་ནས་རུ་བ་སྤོར་ནས་འཚོ་བ་རོལ་བཞིན་ཡོད། ལོ་ངོ་དུ་མའི་རིང་ལ་སྲོལ་རྒྱུན་གྱི་ཕྱུགས་ཟོག་འཚོ་སྟངས་ལ་བརྟེན་པས་ཉིན་ཞ་སྡེ་བའི་རྩྭ་སའི་སྟེང་ཕྱུགས་ཟོག་ཚད་ལས་བརྒལ་བ་དང་རྩྭི་ཤིང་དང་རྩྭ་ས་ཇེ་ཞན་དུ་གྱུར་བ་མ་ཟད། རགས་ལས་ཀྱི་བདག་གཉེར་བྱེད་སྟངས་ཀྱིས་ས་གནས་ཀྱི་ཕྱུགས་ལས་ཐོན་སྐྱེད་ཕན་འབྲས་ཧ་ཅང་དམའ་བར་གྱུར་ཡོད། དེ་དག་ཡོད་ཚད་སྐབས་དེའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚེ་བྷོ་ཡི་མིག་གིས་མཐོང་བ་དང་སེམས་སུ་བྲེལ་བ་ལངས་བའི་དོན་དག་ཞིག་ཏུ་གྱུར་ཡོད།

གློ་བུར་བའི་གོ་སྐབས་ཤིག་ལ། ཚེ་བྷོ་ཡིས་རང་ཞིང་གིས་ཕྱོགས་ཡོངས་ནས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གསོ་སྤེལ་བྱེད་ཀྱིན་པ་རྒྱུས་ལོན་བྱས་པ་དང་། ཁོས་བསམ་པར་འདི་ནི་ཉིན་ཞ་སྡེ་བའི་མི་དང་རྩྭ་ས། ཕྱུགས་ཟོག་བཅས་བར་གྱི་འགལ་བ་ཐག་གཅོད་བྱེད་པའི་གོ་སྐབས་ཤིག་རེད་སྙམ། 2010ལོར་ཁོས་རང་འགུལ་སྒོས་ཟབ་ཞུགས་བྱེད་པའི་ཁྱིམ་ཚང་འགའ་དང་འབྲོག་པ་རྣམས་ཀྱི་སྣེ་ཁྲིད་དེ་ཐོན་སྐྱེད་མཉམ་ལས་ཁང་བཙུགས་པ་དང་། སྡེ་བ་ཡོངས་ཀྱི་འབྲོག་པ་རྣམས་ལ་དཔེ་སྟོན་སྣེ་ཁྲིད་བྱས།

མི་འགྱང་བར་ཐོན་སྐྱེད་མཉམ་ལས་ཁང་གི་དོ་དམ་རྣམ་པ་ཕན་འབྲས་མངོན་གསལ་ཐོབ་པ་དང་། ལོ་གསུམ་ཙམ་གྱི་དུས་ཚོད་ནང་། སྡེ་བ་ཡོངས་ཀྱི་མང་ཚོགས་རྣམས་མ་རྐང་ལམ་ལུགས་ཀྱི་ཚོང་གཉེར་ཚན་ཆུང་ཁྲོད་ཞུགས་པ་དང་། དགུན་དཔྱིད་ཀྱི་རྩྭ་ས་འཁོར་རྒྱུག་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་མོ་ཕྱུགས་ཀྱི་བསྡུར་ཚད་བརྒྱ་ཆའི་བརྒྱད་ཅུའི་ཡན་ལ་སླེབས་ལ། ཕྱུགས་ཕྲུག་གསོན་ཚད་བརྒྱ་ཆའི་དགུ་བཅུའི་ཡན་ལ་སླེབས་ཡོད།

2014ལོར། ཚེ་བྷོ་ཡིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར་བ་དང་། ཁོས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་སྡེ་བ་དང་རྒྱལ་ཡོངས་རྩྭ་སའི་ཕྱུགས་ཟོག་ཚོད་ལྟའི་སྡེ་བ་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བརྩིས་ནས། སྡེ་དམངས་ཀྱི་སྣེ་ཁྲིད་དེ་གཅིག་བསྡུས་འཕེལ་རྒྱས་བྱས་པ་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཚོང་ལས་སྤེལ་བས། སྡེ་བ་ཡོངས་ཀྱི་ཕྱུགས་ལས་ཐོན་སྐྱེད་དཔལ་འབྱོར་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་སོང་། 2017ལོར། མཉམ་ལས་ཁང་གིས་ཡོང་སྒོ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་གཅིག་བགོ་བཤའ་བརྒྱབ་པ་དང་། 2018ལོར་ཡོང་སྒོ་སྒོར་ས་ཡ་གཉིས་དང་འབུམ་བཞི་ཁྲི་གསུམ་བགོ་བཤའ་བརྒྱབ། 2019ལོར་ཡོང་སྒོ་སྒོར་ས་ཡ་གཉིས་དང་འབུམ་བདུན་ཁྲི་གསུམ་བགོ་བཤའ་བརྒྱབ་པས། ཉིན་ཞ་སྡེ་བའི་སྡེ་དམངས་ཀྱི་ཡོང་སྒོ་འཕར་སྣོན་དང་ཕྱུག་བསྒྱུར་བྱེད་པར་སྔར་ལས་སྟོབས་ཤུགས་དང་སྤོབས་པ་ཡོད་པར་གྱུར།

“སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་སུ་ཕྱུག་པོ་ཆགས་མཁན་ལ་སྣེ་ཁྲིད་དང་། གཅིག་བསྡུས་ཀྱིས་མི་སྒེར་ལ་རོགས་རམ་བྱས་ཚེ། ད་གཟོད་ང་ཚོའི་སྡེ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་ཡོང་ཐུབ་ཅེས་ཚེ་བྷོ་ཡིས་དེ་ལྟར་བཤད་ལ་དེ་ལྟར་སྒྲུབ། ཁོའི་སྣེ་ཁྲིད་འོག སྡེ་བ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱིས་ཞལ་འདེབས་མ་དངུལ་སྒོར་འབུམ་གཅིག་ཕུལ་ནས་མོ་ལུག་ཉོས་ཏེ།“ཆེ་ལུག་བཙོང་ནས་ལུ་གུ་སྐྱུར་བ་དང་འཁོར་སྐྱོད་འཕེལ་རྒྱས”ཀྱི་རྣམ་པར་བརྟེན་ནས། ཡིག་ཚགས་དང་བྱང་བུ་ལས་པའི་ཁྱིམ་ཚང་དབུལ་པོའི་ཐོན་སྐྱེད་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ་རེད། 2017ལོར། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་བཅུ་གསུམ་གྱི་དབུལ་ཕོངས་མང་ཚོགས་ཞེ་བཞི་རྩ་བ་ནས་དབུལ་ཐར་བྱས་པ་དང་། སྤྱི་ཡོངས་དབུལ་ཐར་བྱེད་པ་མངོན་འགྱུར་བྱུང་།

ད་ལྟ། ཉིན་ཞ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཧ་ཅང་བཟང་ལ།  ཚེ་བྷོ་ཡིས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“རིན་མེད་ཐོན་ཁུངས”དེ“རིན་ཐང་གི་མ་རྩར”གྱུར་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རིན་ཐང་རྒྱུན་ཆད་མེད་པར་འཕར་ཡོད།

2013ལོར། ཉིན་ཞ་སྡེ་བའི་སྤྱི་སྤྱོད་རྩྭ་ར་ཁག་གཅིག་བསྡུ་སྤྱོད་བྱས་ནས་ལྕགས་ལམ་ལས་པ་དང་སྡེ་བར་ཁ་གསབ་མ་དངུལ་སྒོར་འབུམ་ལྔ་བྱིན་ཡོད། ཚེ་བྷོ་ཡིས་ཀྲི་པུའུ་ཧྲུའུ་ཅི་རྒན་པ་བཙལ་ནས་གྲོས་བསྡུར་བྱས་ཤིང་། སྡེ་བས“གྲོས་མོལ་གསུམ་དང་བརྡས་ཐག་གཅོད་པ་གཅིག”བྱས་རྗེས་རྫོང་མཁར་དུ་ཚོང་ཁང་བརྒྱད་ཉོས། དེ་རྗེས་ཀྱི་ལོ་འགའི་རིང་ལ། ཚེ་བྷོ་ཡི་སྣེ་ཁྲིད་འོག ཉིན་ཞ་སྡེ་བས་སྡེ་བའི་ཐུན་མོང་དཔལ་འབྱོར“མེད་པ་ནས་ཡོད་པ”དང“ཡོད་པ་ནས་གསོན་ཤུགས་རྒྱས་་པའི”བཟོ་སྐྲུན་ལ་བརྟེན་ནས། སྔ་རྗེས་སུ་རྐང་ཚ་རྫོང་མཁར་དུ་ཚོང་ཁང་བཅོ་བརྒྱད་དང་ཚོང་སྡོད་ཐོག་ཁང་གཉིས་ཉོས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྟོབས་ཤུགས་ཉིན་རེ་བཞིན་ཆེ་རུ་སོང་བས2019ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་འབུམ་གསུམ་དང་ཁྲི་བཞི་སྟོང་བདུན་ལྷག་ཡོད་པ་རེད།

དེ་དང་ཆབས་ཅིག ཚེ་བྷོ་ཡིས་ཐུན་མོང་གི་རྒྱུ་ནོར་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པའི་ཐད་ཐབས་ཤེས་ཆེན་པོ་བཏོན་ཡོད། སྡེ་བའི་ཐུན་མོང་དཔལ་འབྱོར་བེད་སྤྱད་དེ་སྡེ་དམངས་སྐོར་ཞིག་གི་རྒན་གསོའི་ཉེན་ཚབ་དང་སྨན་བཅོས་ཉེན་ཚབ་སྤྲད་པས་སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་ཁེ་ཕན་ལ་འགན་ལེན་བྱས།

ཚེ་བྷོ་ཡིས་ཧྲུའུ་ཅི་ཡི་འགན་ཁུར་བའི་ལོ་ངོ་བཅོ་ལྔའི་རིང་། ཉིན་ཞ་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 2005ལོར། ཚེ་བྷོ་ཡིས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཐོག་མར་འཁུར་སྐབས། ཉིན་ཞ་སྡེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཧ་ཅང་ཞན་ལ། འགན་ཁུར་རྗེས་ཁོས་ཐོག་མར་སྒྲུབ་འདོད་པ་ནི་སྡེ་བའི་ནང་དུ་གློག་འཐེན་རྒྱུ་དེ་རེད།

སྐབས་དེར། ཉིན་ཞ་སྡེ་བ་ཐག་རིང་ལུང་ཁུག་ཏུ་གནས་པ་དང་། མ་དངུལ་མེད་པ། ལས་གཞི་མེད་པ་བཅས་ཀྱི་དབང་གིས་སྡེ་བའི་ཁྱིམ་ཚང་ཚང་མས་གློག་བཀོལ་ཐུབ་པར་བྱ་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། ལས་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མིས་སྣེ་ཁྲིད་དེ་འཆར་འགོད་བཟོ་བ་དང་། དཔེ་རིས་ལྟ་བ། མཉམ་དུ་ལྟ་སྐུལ་བྱེད་པ་བཅས་བྱས་ཏེ། གློག་སྐུད་སྐྱེལ་འདྲེན་བྱེད་པ་ནས་ས་དོང་འདྲུ་བ་དང་ས་འོག་ཏུ་སྦས་བ་སོགས་ཀྱི་གོ་རིམ་ཚང་མ་ཚེ་བྷོ་ཡིས་ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་དེ་ལེགས་སྒྲུབ་བྱས་པ་རེད། སྐོར་གཉིས་པའི་གློག་སྡོང་སྐྱེལ་འདྲེན་བྱེད་པའི་གོ་རིམ་ཁྲོད། སྐྱེལ་འདྲེན་ལ་འགན་ཁུར་མཁན་གྱི་རླངས་འཁོར་གཅིག་ལས་མེད་པས། ཁོས་གློག་སྡོང་བོར་བ་སྐྲག་ནས་རང་ཉིད་ཀྱིས་གློག་སྡོང་གི་ཉེ་འགྲམ་དུ་སྲུང་ནས་བསྡད།

2016ལོར། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཚང་མར་གློག་འཐེན་པ་དང་། གློག་དྲ་ཁེབས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད།  ཉིན་ཞ་སྡེ་བ་ཞིང་ཆེན་ཡོངས་སུ་གློག་ཤར་གཏོང་ཐུབ་ཚད་བརྒྱ་ཆའི་བརྒྱ་ཟིན་པའི་ཕྱུགས་ལས་སྡེ་བ་ཐོག་མ་རུ་གྱུར་ཡོད། མིག་སྔར། ཉིན་ཞ་སྡེ་བ་རིམ་པའི་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་གློག་དྲ་ཆེན་མོ་ཁྱབ་ཚད། ལྕགས་དྲའི་ཁེབས་ཚད། མང་ཚོགས་ཀྱི་སྡོད་ཁང་དང་དེ་བཞིན་འཐུང་ཆུའི་བདེ་འཇགས་ཆུ་སྤྱོད་ཁེབས་ཚད་བཅས་ཚང་མ་བརྒྱ་ཆའི་བརྒྱ་ཟིན་ཡོད་པ་རེད།     རླབས་ཕྲེང་འཕྱོ་བའི་མཚོ་སྔོན་པོས་ཉིན་ཞ་སྡེ་བའི་དགའ་འོས་པའི་འགྱུར་ལྡོག་ལ་བདེན་དཔང་བྱས་པ་མ་ཟད། ཚེ་བྷོས་རང་ནུས་ཅི་ཡོད་བཏོན་ཏེ་དཀའ་སྤྱད་མྱངས་བར་བདེན་དཔང་བྱས་ཡོད། “ད་ལྟ་ང་ཚོའི་ཕྱུག་འགྱུར་ལམ་བུ་སྔར་ལས་ཇེ་ཆེ་ནས་ཇེ་ཆེར་གྱུར་བ་དང་། མང་ཚོགས་ཀྱི་བདེ་སྐྱིད་ལྡན་ཚད་ཀྱང་སྔར་ལས་མཐོ་རུ་འགྲོ་བཞིན་ཡོད། ཏང་གི་འགོ་ཁྲིད་འོག ང་ཚོའི་སྡེ་བ་སྔར་བས་འབྱོར་ཕྱུག་ལྡན་པ་དང་མང་ཚོགས་ཀྱང་སྔར་ལས་བདེ་སྐྱིད་ལྡན་པར་ཡིད་ཆེས་ཡོད”ཅེས་ཚེ་བྷོ་ཡིས་བློ་བརྟན་འགྱུར་མེད་སྒོས་དེ་ལྟར་བཤད།

ལོ་ཙཱ་བ། ཤ་བོ་རིན་མཚོ།