ལྷ་རྗེ་བཟང་པོ་ཞིག་གི་བྱང་སེམས།
2020.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 225

2020ལོའི་ལོ་སར་སྐབས་སུ། གློ་བུར་དུ་བྱུང་བའི་རིམས་ནད་ཀྱིས་བྱ་བ་ཚང་མ་ལས་མཚམས་འཇོག་ཏུ་བཅུག འོན་ཀྱང་། མཚོ་ཤར་བོད་སྨན་ཁང་གི་ཡོན་ཀྲང་བློ་བཟང་ལ་མཚོན་ནས་བཤད་ན། དུས་སྐབས་དེ་ནི་ཁོས་ནམ་ཡང་བརྗེད་ཐབས་བྲལ་བའི་ལོ་རྒྱུས་ཀྱི་དྲན་ཤིང་ཞིག་ཏུ་གྱུར་ཡོད།

གལ་ཏེ་རིམས་ནད་ནི་ཉམས་ཉེན་ཞིག་ཡིན་ན། དེ་ནི་ཉམས་སད་ཆེན་པོ་ཞིག་དང་འདྲ། སྤྱི་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ནི་གནམ་གང་གི་དགོང་མོ་ཡིན་ལ། བློ་བཟང་དང་སྨན་ཁང་གི་ལས་གྲོགས་བཅུ་ཕྲག་འགའི་བཟའ་མི་ལྷན་འཛོམས་ཀྱི་གོ་སྐབས་བསྐྱུར་ནས་འགོག་སྲུང་གི་ལས་ཡུལ་དང་པོར་བསྐྱོད་དེ། དུ་བ་མེད་པའི་དམག་འཁྲུག་གི་ལས་སུ་འབད་བཞིན་ཡོད། ལུས་དྲོད་འཇལ་བ་དང་ཚ་བ་རྒྱས་མཁན་ལོགས་སུ་བཀར་ནས་ཁ་བཏུམ་དང་ཆང་བཅུད། དུག་སེལ་གཤེར་ཁུ། དཔྲལ་བའི་ཚ་དྲོད་བརྟག་ཆས། ལུས་དྲོད་འཇལ་ཆས་སོགས་སྟེར་བཞིན་ཡོད་ལ། དེ་དག་ཚང་མ་ནི་ཁོ་དང་ལས་རོགས་ཚོ་ཉིན་ལྟར་ངལ་དུབ་ཀྱིས་ཁེངས་པའི་ལས་ཀ་གཙོ་བོ་རེད།

“སྐད་ཆ་དྲང་མོ་བཤད་ན། སྐབས་དེ་དུས་ང་ཚོ་ཡང་ཧ་ཅང་སྐྲག་ལ་སེམས་པ་ཡང་སྐྱིད་པོ་མི་འདུག སྤྱིར་བཏང་གི་ཆམ་པ་དང་གློ་ལུ་ཞིག་གིས་མི་རྣམས་སྙིང་འདར་གྱིན་འདུག ང་ཚོས་ཆེད་ལས་ཀྱི་ཐབས་ཤེས་ལ་བརྟེན་ནས་བསྡུ་ཐང་སོགས་བཀོལ་ཏེ་ནད་པ་དྲག་སྐྱེད་བྱུང་རྗེས། སེམས་ཁམས་ད་གཟོད་ལྷིང་འཇགས་སུ་གྱུར་ཐུབ།”བློ་བཟང་གིས་བཤད་རྒྱུར།  ང་ཚོའི་སྨན་ཁང་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་ཡུལ་ཤུལ་སློབ་འབྲིང་མཚོ་ཤར་ཡན་ལག་སློབ་གྲྭ་དང་། ལའོ་ཏུའུ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་སོགས་སློབ་གྲྭ་གསུམ་གྱི་སློབ་མ་སྟོང་ཕྲག་ཁ་ཤས་ཀྱི་བདེ་ཐང་འགོག་སྲུང་དང་དེ་བཞིན་སྨན་བཅོས་བདེ་ཐང་གི་ལས་འགན་ཡང་འཁུར་གྱིན་ཡོད་ལ། སློབ་གྲྭ་གསུམ་པོའི་ནང་དུ་སྨན་བཅོས་ཁང་བཙུགས་ཡོད། ན་ནིང་ཟླ་བཅུ་གཉིས་པའི་ཟླ་འགོར། ཀྲུང་དབྱང་མི་རིགས་སློབ་ཆེན་ཡུལ་ཤུལ་སློབ་འབྲིང་མཚོ་ཤར་ཡན་ལག་སློབ་གྲྭའི་སློབ་མ་ལྔ་བཅུ་ལྷག་ལ་ཐུན་མོང་དུ་ཆམ་པ་ཕོག་པ་དང་། དེ་ནི་རྒྱུན་ལྡན་དུ“ཆམ་རིམས”ཞེས་འབོད་ཀྱིན་ཡོད། ང་ཚོས་མྱུར་དུ་བོད་སྨན་དང་ཁ་ཐུམ། གནམ་ཁབ་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཟའ་འཁོར་གཅིག་གི་ནང་སློབ་མ་དེ་དག་ཚང་མ་དྲག་སྐྱེད་བྱུང་བ་དང་། སྐབས་དེ་དུས་སྨན་ཁང་གིས་སྨན་སྤྱོད་ཁ་ཐུམ་ཁྲི་གཅིག་ལྷག་ཙམ་ཉོ་སྒྲུབ་དང་གསོག་འཇོག་བྱས་ཡོད་པས། སྟབས་ལེགས་པ་ཞིག་ལ་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད།

ཁ་ཐུམ་དེ་དུས་སྐབས་ཤིག་རིང་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་ཧ་ཅང་དཀོན་པའི་དངོས་རྫས་ཤིག་ཏུ་གྱུར་ཡོད། གནད་འགག་གི་དུས་སྐབས་སུ། ཁ་ཐུམ་མང་པོ་གསོག་འཇོག་བྱས་ཡོད་པས་བློ་བཟང་ལ་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ངལ་གསོའི་གོ་སྐབས་བེད་སྤྱད་དེ། གྲོ་ཚང་རྡོ་རྗེ་འཆང་སོགས་དགོན་པ་མང་པོར་ཁ་ཐུམ་བྱིན་པ་དང་། ཉེ་འཁོར་གྱི་མང་ཚོགས་ལ་མིའི་ལུས་པོའི་ནད་འགོག་ནུས་པ་མཐོ་རུ་གཏོང་ཐུབ་པའི་བོད་སྨན་བྱིན། ལའོ་ཏུའུ་ལམ་གླ་བསྡུ་ལེན་ས་ཚིགས་ཀྱི་ལས་བྱེད་མི་སྣར་ཁ་ཐུམ་དང་འགོག་སྲུང་དངོས་རྫས་དཀོན་པ་ཤེས་རྗེས། ཁོས་མྱུར་དུ་མི་སྣ་རྩ་འཛུགས་བྱས་ཏེ་དངོས་རྫས་སྟེར་དུ་བཅུག ལའོ་ཏུའུ་ཡི་དགོན་པ་སྐོར་ཞིག་ལ་ཁ་ཐུམ་མེད་པ་ཤེས་རྗེས་ཁོས་ལའོ་ཏུའུ་ཆུས་ཀྱི་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་བརྒྱུད་ནས་དངོས་རྫས་ཁག་ཅིག་ཞལ་འདེབས་སུ་ཕུལ། ཉིན་ལྟར་རིམས་ནད་སྔོན་འགོག་གི་ལས་ཡུལ་དང་པོར་སྐྱོད་བཞིན་པའི་རིག་གནས་སྲང་ལམ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣར་ཁ་ཐུམ་མེད་པ་ཤེས་རྗེས། ཁ་ཐུམ་སྟེར་སྐབས་ད་དུང་ལག་ཤུབས་དང་དཔྲལ་བའི་དྲོད་ཚད་བརྟག་ཆས། ལུས་དྲོད་འཇལ་ཆས་བཅས་དངོས་རྫས་ཁག་ཅིག་བསྐྱལ་སོང་བ་རེད།

‘མི་ཚུལ་ལྡན་ཞིག་བྱེད་པར་དྲིན་ཚོར་གྱི་བསམ་པ་ཡོད་དགོས་པ་དང་བྱ་བ་སྒྲུབ་སྐབས་འགན་འཁུར་གྱི་བསམ་པ་ཡོད་དགོས’ཞེས་པ་ནི་ཁོང་གི་བསྲུང་བྱའི་གདམས་ངག་དང་ཁ་རྒྱུན་རེད་ཅེས་བློ་བཟང་གི་ལས་གྲོགས་ཤིག་གིས་དེ་ལྟར་བཤད། རིམས་ནད་ཀྱི་དུས་སྐབས་སུ། ང་ཚོས་ཞལ་འདེབས་སུ་ཕུལ་བའི་ཁ་ཐུམ་སོགས་འགོག་སྲུང་དངོས་རྫས་ཧ་ལམ་སྒོར་འབུམ་གསུམ་ལྷག་ཡོད་པ་དང་། དེ་དག་གི་འགྲོ་གྲོན་ཕྱེད་ཀ་སྨན་ཁང་གིས་བཏང་བ་དང་ཕྱེད་ཀ་ནི་ཡོན་ཀྲང་བློ་བཟང་རང་ཉིད་ཀྱིས་བཏང་བ་རེད། འགྲོ་གྲོན་དེ་དག་ནང་ད་དུང་སློབ་གྲྭ་གསུམ་གྱི་སློབ་འགོ་མ་བརྩམས་སྔོན་གྱི་ཕྱོགས་ཡོངས་ནས་དུག་སེལ་དང་ལོགས་བཀར་ཁང་པའི་ནང་གི་སྒྲིག་ཆས་སྣ་ཚོགས་ཚུད་མེད། འགྲོ་གྲོན་དེ་དག་ཚང་མ་བློ་བཟང་གིས་བཏང་བ་ཡིན་ལ། བྱེ་བྲག་གིས་མ་དངུལ་ག་ཚོད་སོང་བ་ཞིབ་རྩིས་བྱས་མེད་མོད། འོན་ཀྱང་གྲངས་འབོར་ཅུང་ཆེ་བ་ཁོ་ཐག་རེད།

བྱམས་སེམས་དང་གཅེས་སེམས་ནི་མཚེ་མ་གཅིག་པའི་གཅེན་གཅུང་ལྟ་བུ་ཞིག་ཡིན་པ་དང་། བློ་བཟང་གིས་ནད་བཅོས་སྲོག་སྐྱོབ་བྱེད་སྐབས་ད་དུང་སྤྱི་ཕན་བསྒྲུབ་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། སྒེར་གྱིས་མ་དངུལ་སྒོར་ཁྲི་གསུམ་བཏང་ནས་ཙོང་མཐར་ཡུལ་ཚོ་ཚྭ་ལུང་སྡེ་བར་ཏང་ཡོན་གྱི་བྱ་འགུལ་ལྟེ་གནས་ལས་པ་དང་། སྡེ་བའི་འཕྲོད་བསྟེན་ཁང་ལ་སྒོར་ཁྲི་གཉིས་ཀྱི་སྨན་རྫས་བྱིན། མ་དངུལ་སྒོར་ཁྲི་གཉིས་གྲབས་གསོག་བྱས་ཏེ་རྡོ་རྗེ་འཆང་གྲོང་རྡལ་ལུང་ཕྲན་སྡེ་བ་རུ་ཐེངས་མང་པོར་ནད་བརྟག་སྨན་བཅོས་བྱས་པ་མ་ཟད་སྨན་སྦྱིན་བཏང་། གཉེན་པོ་གྲོང་རྡལ་ཆོད་པེ་ལམ་སློབ་ཆུང་གི་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་སློབ་མ་བརྒྱ་ལྷག་ལ་སྒོར་ཁྲི་གཉིས་ལྷག་བཏང་ནས་སློབ་སྦྱོང་གི་མཁོ་ཆས་བྱིན།

བློ་བཟང་གིས་ལོ་བཞི་ལྔ་ནས་མི་རབས་ནས་མི་རབས་བར་བརྒྱུད་པའི་སྨན་བཅོས་ལག་རྩལ་སྦྱངས་པ་དང་། ལོ་ངོ་བཅུ་ཕྲག་འགའི་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ད་ལྟ་ཁོ་རང་བོད་ལུགས་གསོ་རིག་གི་འབུམ་རམས་པ་དང་བོད་ཀྱི་སྨན་པ་གྲགས་ཅན་དུ་གྱུར་ཡོད་ལ། རང་གིས་མ་དངུལ་བཏང་ནས་མཚོ་ཤར་བོད་སྨན་ཁང་བཙུགས་པ་དང་། ལོ་ངོ་སོ་དྲུག་གི་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཡོད་ལ། བོད་ལུགས་གསོ་རིག་དང་བོད་སྨན་ལ་བརྟེན་ནས་སྙིང་རྩ་དང་མཆིན་པ། གྲུམ་བུའི་ནད་སོགས་གསོ་བཅོས་བྱེད་རྒྱུར་བྱང་ཆ་ལྡན་པ་མ་ཟད་དཔྱད་རྩོམ་མང་པོ་ཞིག་རྒྱལ་ནང་དང་རྒྱལ་སྤྱིའི་དུས་དེབ་ཐོག་སྤེལ་ཡོད། དེ་སྔོན་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་བཅོས་འཐུས་མི་བྱས་ཏེ་སྔ་རྗེས་སུ་ཨ་རིའི་ཧ་ཧྥོ་སློབ་ཆེན་དང་དབྱིན་ཇི། ཁ་ན་ཏ། ཨིར་ལན་སོགས་རྒྱལ་ཁབ་ཏུ་རིག་གཞུང་བརྗེ་རེས་བྱེད་དུ་བསྐྱོད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་ཁབ་བཙའ་དང་བོད་ལུགས་གསོ་རིག་གི་སྨན་ལུམས་དང་བདེ་ཐང་གླེང་སྟེགས་དང་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཐོག་རིག་གཞུང་བརྗེ་རེས་ཀྱི་གཏམ་བཤད་སྤེལ་མྱོང་།

མ་དངུལ་གྱི་རོགས་རམ་བྱས་མྱོང་བའི་མང་ཚོགས་ཤིག་གིས“གནད་འགག་གི་དུས་སུ་གདོང་མཆོང་བྱེད་ཕོད་པ་དང་། ཉེན་ཁའི་དུས་སུ་གང་ལའང་མི་འཛེམས་པར་བྱ་སྤྱོད་ཀྱི་ཐོག་ནས་འགན་འཁུར་ཕོད་པ་དང་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་སེམས་ཅན་ལ་ཡོད་ཚད་འབུལ་བཞིན་ཡོད”ཅེས་དཔྱད་འཇོག་བྱས།

བློ་བཟང་གིས “མི་དམངས་མང་ཚོགས་ཀྱིས་ང་རང་དགོས་མཁོ་ཆེ་བའི་སྐབས་སུ་རང་ཉིད་ཀྱི་རིན་ཐང་མངོན་པར་བྱེད་ཐུབ་པས། ངའི་སེམས་ནས་གཟི་བརྗིད་ཅིག་ཏུ་སྣང་ལ། སེམས་སུ་ཡང་བརྗོད་མི་ཤེས་པའི་དགའ་སྤྲོ་སྐྱེས”ཅེས་གསར་འགོད་པར་བཤད་བྱུང་། དམངས་ཡོངས་རིམས་ནད་འགོག་རྒོལ་གྱི་ཁྲོད་ཞུགས་ཡོད་པས་མི་གཅིག་གིས་ཀྱང་སྣང་ཆུང་བྱེད་མི་རུང་། སྨན་པ་ཞིག་ཡིན་པའི་ངོས་ནས་རང་ཉིད་ལམ་འགྲོ་བ་ཞིག་ཏུ་བརྩི་ཐབས་མེད། རིམས་ནད་ཀྱི་མདུན་དུ་ཚེ་སྲོག་དང་བདེ་ཐང་ལས་གཞན་རྒྱུ་ནོར་སོགས་དངོས་པོ་གཞན་དག་ཚང་མ་སྟོང་བཤད་ཤ་སྟག་རེད།

ཞིང་ཆེན་དང་གྲོང་ཁྱེར། ཆུས་བཅས་རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་དང་ཆུས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཡིན་པའི་བློ་བཟང་གིས་རིམས་ནད་བྱུང་ཚུལ་བཀའ་རྒྱར་བརྩི་བ་དང་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས། གཞི་རིམ་དུ་སྐྱོད་པ་དང་མང་ཚོགས་དང་འབྲེལ་བ་བྱེད་པའི་ཁྱད་སྟོབས་བེད་སྤྱོད་གང་ལེགས་བྱས་ཏེ། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་། ཐོག་མཐའ་བར་གསུམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལས་ཡུལ་དང་པོར་འབད་འཐབ་བྱས་པས། བྱ་སྤྱོད་དངོས་ཀྱི་ཐོག་ནས་གཡུར་ཟའི་གྲུབ་འབྲས་ཤིག་ཐོབ་པ་དང་། སྲིད་གྲོས་ཨུ་ཡོན་ཞིག་གི་འགན་འཁྲི་འཁུར་སེམས་དང་ཉམས་འགྱུར་གསོན་ཉམས་དོད་པོས་ལག་ལེན་དུ་བསྟར་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།