སྲོལ་རྒྱུན་རིག་གནས་ཀྱིས་དུས་རབས་ལ་ཁ་དོག་གསར་བ་བསྣན།
2020.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྨ་བྱང་ཞང་གསེར་འོད་སྡེ་བའི་ཐུན་ཏེ་རྫོང་འབྲོག་པའི་དམངས་སྲོལ་ཚོང་ལས་ཉོ་འཚོང་ཚད་ཡོད་ཀུང་ཟིའི་ནང་དུ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་ལག་ཤེས་ཐོན་རྫས་མང་པོ་གང་སར་བསྒྲིགས་ཡོད་པ་དང་། ལས་བཟོ་པ་ཚོ་གྲལ་འགྲིག་པའི་འཚེམ་བཟོ་འཕྲུལ་ཆས་ཀྱི་མདུན་དུ་བསྡད་དེ་སེམས་རྩེ་གཅིག་གིས་རས་འཐག་བཞིན་ཡོད།

ཀུང་ཟི་འཛུགས་མཁན་འོད་ཟེར་བཟང་པོ་ནི་ཀུང་ཟི་འདིའི་འགན་ཁུར་བ་ཡིན་ལ། ལས་བཟོ་པའང་ཡིན་པར་མ་ཟད།ཁོ་རང་ད་དུང་གསེར་འོད་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡང་ཡིན།

ཉིས་སྟོང་བཅོ་བརྒྱད་ལོ་ནི་འོད་ཟེར་བཟང་པོས་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་ནས་ལོ་བཞི་འགོར་བའི་ལོ་ཡིན་པ་དང་། ཁོས་སེམས་རྩེ་གཅིག་གིས་ཇི་ལྟར་བྱས་ན་སྡེ་མི་རྣམས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་ཐུབ་པར་བསམ་བློ་གཏོང་བཞིན་ཡོད། ཁོ་རང་ཉེ་འདབས་ཀྱི་སྡེ་བ་ཆེ་ཆུང་མང་པོར་བསྐྱོད་མཐར།སྡེ་བ་མང་པོས་ཕྱུགས་ལས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་སྟེ་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་བརྟེན་ནས། སྡེ་དམངས་རྣམས་ཀྱི་འཚོ་བ་ལེགས་བཅོས་ཆེན་པོ་བྱས་ནས་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་པ་རྟོགས།

མཛེས་སྡུག་གི་འཚོ་བ་གསར་སྐྲུན་བྱེད་ན། ཇི་མ་ཇི་བཞིན་དུ་གཞན་ལ་ལད་ཟློས་བྱས་ན་གཏན་ནས་མི་འགྲིག

འོད་ཟེར་བཟང་པོས་འདང་ཞིབ་མོ་ཞིག་བརྒྱབ་རྗེས། སྡེ་བའི་གནས་ཚུལ་ཞིབ་ཕྲའི་སྒོ་ནས་ལེགས་སྒྲིག་བྱས་པ་དང་། ཁོས་སྡེ་བའི་ནང་སྲོལ་རྒྱུན་གྱི་ཐགས་འཐག་པའི་བཟོ་རྩལ་ལ་དགའ་བའི་མི་མང་པོ་ཡོད་པ་ཤེས་པ་དང་། འབོལ་སྟན་དང་། ས་གདན། རྒྱབ་ཁུག་སོགས་ཚོན་མདོག་སྣ་ལྔའི་འཚོ་བའི་མཁོ་ཆས་ལས་རྒྱུ་དེ་ནི་འབྲོག་པ་ཚོ་ཁོམ་ཡོད་པའི་སྐབས་སུ་འཐག་རྒྱུར་དགའ་བའི་ལག་པའི་ལས་ཀ་ཞིག་རེད། ཡིན་ནའང་། དེང་རབས་འཚོ་བའི་གོམ་འགྲོས་དང་བསྟུན་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་བཟོ་བའི་ལག་རྩལ་དེ་རིམ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད།

དེ་བས། འོད་ཟེར་བཟང་པོའི་སེམས་ལ་དྲན་ཚུལ་ཞིག་བྱུང་བ་དེ་ནི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་ལས་སྣོན་བྱེད་པའི་མཉམ་ལས་ཁང་ཞིག་སྒྲུབ་ནས། གཅིག་བསྡུས་ཀྱིས་གསོ་སྦྱོང་བྱེད་པ་དང་། ཐོན་སྐྱེད། ཕྱིར་འཚོང་སོགས་གཞི་གཅིག་བྱས་པ་དེས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད། ད་དུང་སྡེ་དམངས་ཀྱི་ཡོང་སྒོ་འཕར་སྣོན་དང་ལས་ཞུགས་གསར་སྐྲུན་ལའང་སྣེ་ཁྲིད་བྱེད་ཐུབ།

2018ལོའི་ལོ་མཇུག་ཏུ། ཀུང་ཟི་དངོས་སུ་བཙུགས་རྗེས་ཀུང་ཟི་དང་། ཞིང་བ་ཁྱིམ་ཚང་མཉམ་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ། གཙོ་བོ་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་དང་ཕྱུགས་ལས་ཐོན་རྫས་ལས་སྣོན་གཙོ་བོར་བཟུང་བ་དང་། བཟོ་རྩལ་གྱི་རྒྱུ་ཆ་ལས་སྣོན་བྱེད་སྤྱད་གཙོ་བོ་ནི་ས་གནས་རང་ནས་ཐོན་པའི་ནོར་ལུག་གི་བལ་རེད།

ཀུང་ཟི་ཆེས་ཐོག་མར་འཛུགས་དུས་དཀའ་ངལ་མང་པོར་འཕྲད་ཡང་། འོད་ཟེར་བཟང་པོས་ཕྱིར་བཤོལ་གཏན་ནས་མ་བྱས། ཁོས་ལས་བཟོ་པ་ཚོ་བཙལ་ཡོང་ནས་ཆེད་ལས་ཀྱི་འཐག་མཁན་ཚོར་གསོ་སྦྱོང་རབས་དང་རིམ་པ་སྤེལ་བར་མ་ཟད། ས་དེའི་སྲིད་གཞུང་གི་མ་དངུལ་རོགས་སྐྱོར་བཀོལ་སྤྱོད་བྱས་ཏེ། བྱེད་ནུས་མང་པོའི་ཐགས་འཐག་འཕྲུལ་ཆས་དང་། སྐུད་པ་འཁེལ་བྱེད་ཀྱི་འཕྲུལ་ཆས། ཐགས་འཐག་འཕྲུལ་ཆས་ཀྱི་ཞོར་མཁོ་རྒྱུ་ཆ་སོགས་ཀྱི་སྒྲིག་ཆས་ཉོས། ཀུང་ཟི་རིམ་བཞིན་རྒྱུན་ལྡན་གྱི་ལམ་དུ་ཞུགས་པ་མ་ཟད། བོད་ཀྱི་རྒྱབ་ཁུག་དང་། འབོལ་གདན། རྒྱབ་བསྙེས། སྣམ་བུ་སོགས་དམངས་ཀྱི་འཚོ་བའི་མཁོ་ཆས་དང་འདོགས་ཆ་ཡག་པོ་བཟོ་ཐུབ་པ་བྱུང་།

ཐུན་ཏེ་རྫོང་གི་རིག་གནས་ལུས་རྩལ་དང་གནས་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་བཟོ་རྩལ་ཐོན་རྫས་དེ་དག་ཞིང་ཆེན་ཕྱི་ནང་གི་གནས་སྐོར་འགྲུལ་བའི་ཆེས་ཐོག་མའི་དྲན་རྟེན་ཐོན་རྫས་སུ་གྱུར་ཡོད་པ་དང་། དངོས་པོ་དེ་དག་ལ་མི་རྣམས་ཀྱིས་དགའ་བསུ་ཚད་མེད་ཐོབ་བཞིན་ཡོད།

ད་ལྟ། ཀུང་ཟིའི་ནང་དུ་ལག་ཤེས་བཟོ་རྩལ་པ་བདུན་ཡོད་པ་དང་། ཁོ་ཚོ་ཚང་མ་གསེར་འོད་སྡེ་བའི་སྡེ་མི་ཡིན་ཞིང་། མི་རེས་ཟླ་རེར་སྒོར་མོ་སྟོང་གཉིས་ཀྱི་ཟླ་ཕོགས་ལེན་བཞིན་ཡོད། འོད་ཟེར་བཟང་པོས་གསར་འགོད་པར་བཤད་རྒྱུར། ཀུང་ཟི་བཙུགས་པ་དེས་གཙོ་བོ་སྡེ་བའི་ནང་གི་དབང་བོ་སྐྱོན་ཅན་དང་། ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་མི་སྣ། རྒན་པ་དང་བྱིས་པར་གཉོར་སྐྱོང་བྱེད་དགོས་པའི་དབང་གིས་སྒོ་ཕྱི་ལ་ཡོང་སྒོ་བཙལ་དུ་འགྲོ་བར་སྟབས་མི་བདེ་བའི་སྡེ་མི་ཚོར་སྟེགས་བུ་ཞིག་བསྐྲུན་ནས་ཁོ་ཚོས་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་བརྟེན་ནས་ཡོང་སྒོ་འཕར་སྣོན་ཡོང་བར་བྱས།

སྡེ་མི་གངས་མོ་ནི་ཀུང་ཟི་ནང་གི་ལས་བཟོ་པ་ཞིག་ཡིན་པ་དང་། ལོ་ངོ་མང་པོའི་རིང་ལ། མོ་དང་མོའི་བཟའ་ཟླ་གཉིས་ལ་དུས་ཡུན་རིང་བོར་བྱ་བ་མེད་པ་དང་། བྱིས་པར་ཡང་སྟབས་མ་ལེགས་པར་གློ་གཅོང་གི་ནད་བྱུང་བས། འཚོ་བར་དཀའ་ངལ་ཧ་ཅང་ཆེ། ཡིན་ན་ཡང་། ཀུང་ཟི་བཙུགས་པ་དེས་ཁྱིམ་ཚང་དེར་རེ་བ་ཞིག་བསྩལ། ཁོ་མོའི་སྐྱེས་པས་ཀུང་ཟིའི་ནང་འཕྲུལ་ཆས་ཞིག་གསོའི་འགན་ཁུར་བ་དང་། གངས་མོ་ཡིས་ཀུང་ཟིའི་ནང་ལག་ཤེས་ཀྱི་ལས་ཀ་ལས་པས། བཟའ་ཟླ་གཉིས་ཀའི་ཟླ་གཅིག་རིང་གི་ཡོང་སྒོ་དེ་སྒོར་སྟོང་བཞི་ལྷག་ལ་སླེབས་ཐུབ།

ད་ལྟ། གསེར་འོད་སྡེ་བའི་འབྲོག་མིའི་དམངས་སྲོལ་ཚོང་ལས་ཉོ་འཚོང་ཚད་ཡོད་ཀུང་ཟི་བཙུགས་ནས་ལོ་གཅིག་མ་གཏོགས་འགོར་མེད་རུང་། འོད་ཟེར་བཟང་པོས་ཀུང་ཟིའི་འཕེལ་རྒྱས་ཐད་ལ་སེམས་ཤུགས་དང་རྔུལ་ཁྲག་མང་པོ་བཏོན་ཡོད་ལ། དུས་རྒྱུན་དུ་ཕྱི་ལ་རྒྱུགས་ནས་ཀུང་ཟིའི་ཐོན་རྫས་ཕྱོགས་བཞི་མཚམས་བརྒྱད་དུ་ཕྱིར་འཚོང་བྱས་རྗེས།ཀུང་ཟིའི་སྙན་གྲགས་ཇེ་ཆེར་སོང་། མུ་མཐུད་དུ་འབད་བརྩོན་བྱས་པ་བརྒྱུད། ཁོའི་མཐོང་རྒྱ་སྔར་ལས་རྒྱ་བསྐྱེད་པ་དང་། ཀུང་ཟིའི་འཕེལ་རྒྱས་ལ་སྔར་ལས་མང་པོའི་བསམ་ཕྱོགས་མང་པོ་ཡོད་པ་དང་། ཁོ་རང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་དང་སྡེ་དམངས་རྣམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར།

ལོ་ཙཱ། ཚེ་རིང་སྒྲོལ་མ།