བྲག་དམར་རི་འདབས་ཀྱི་ཧྲུའུ་ཅི་བཟང་པོ།
2020.05.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 40

—རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཞང་གཉའ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་ལུང་བྷོ་ཡི་གནས་ཚུལ་བཀོད་པ།

བསོད་ནམས་ཀྱི་ཚོགས་བསགས་ཏེ་རྣམ་དཀར་ཀྱི་ལས་སྒྲུབ་པའི་བརྩེ་སེམས་ནི་འབྲི་མོ་དཀར་མོའི་འོ་མ་དང་འདྲ་ལ། ཉམ་ཆུང་མཐའ་ནས་སྐྱོར་ཞིང་དབུལ་བོའི་དཀའ་ཁག་སེལ་བའི་བྱང་སེམས་ནི“རྒྱལ་བུ་དྲི་མེད་ཀུན་ལྡན”དང་མཚུངས། དབང་དང་འབྱོར་བའི་བསླུ་བ་མེད་པར་གཞུང་དོན་སྒྲུབ་པའི་ཧྲུའུ་ཅི་ལུང་བྷོ་ལགས། ཁྱེད་ཀྱི་མདུན་ལམ་ནི་ནམ་ཡང་བཅོ་ལྔའི་དུང་ཟླ་ཇི་བཞིན་གསལ་བར་སྨོན།

འདི་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཞང་གཉའ་གོང་མ་སྡེ་བའི་གནད་འཁེལ་དབུལ་སྐྱོར་ཁྱིམ་ཚང་གི་བསོད་ནམས་དབང་ཕྱུག་གིས་ཧྲུའུ་ཅི་ལུང་བྷོ་འཚོ་བཞུགས་སྐབས་སུ།ཁོས་བྱ་བ་དྲང་བདེན་གྱིས་བསྒྲུབས་པར་བསྟོད་བསྔགས་བྱེད་པའི་སྙན་ངག་ཅིག་ཡིན་ཞིང་། དེ་ཡིས་མང་ཚོགས་ཀྱིས་ཁོའི་བྱ་བར་ཁས་ལེན་དང་གུས་བཀུར་བྱས་པ་མཚོན་ཡོད།

2019ལོའི་ཟླ7པའི་ཚེས3ཉིན། རྒྱལ་ཁབ་ནུས་ཁུངས་ཚོགས་སྒྲིལ་སྨྱན་སྦྱོར་ལྟེ་གནས་ཏང་ཀྲི་པུའུ་དང་གཉའ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཡི་ཆ་སྒྲིག་མཉམ་སྐྲུན་གྱི་ལས་མགོ་རྩོམ་པའི་ཚོགས་འདུའི་སྟེང་བློ་མཐུན་ལུང་བྷོ་ཡི་ལུས་ཕུང་གློ་བུར་དུ་མ་བདེ་བར་མྱུར་སྐྱོབ་བྱེད་དབང་མ་བྱིན་པར་ཚེ་ལས་འདས་པ་དང་དགུང་ལོ56ཡིན།

གཏམ་ངན་དེ་ཐོས་རྗེས། གཡུ་དཀར་འོམ་ལུང་རྩྭ་ཐང་དུ་སྐྱོ་གདུང་གིས་ཁེངས། ལོ25ཡི་རིང་ལ་ཉིན་རེ་བཞིན་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་རུ་ཏང་གི་བྱ་གཞག་དང་དམངས་ཀྱི་ལས་དོན་ཆེད་རང་ཉིད་ཀྱི་མི་ཚེ་གང་བོ་ཕུལ་བའི་རྩྭ་ཐང་གི་བུ་རྒོད་ལུང་བྷོ་དེ་ལྟར་བརྩེ་བ་ཟབ་པའི་རྩྭ་ཐང་དང་ཡུལ་མི་གཉེན་ཉེ་དག་ལ་གཏན་དུ་བྲལ།

གཉའ་གོང་མ་སྡེ་བར་བསྐྱོད་ཚེ། ཨར་འདམ་གྱི་གཞུང་ལམ་སྡེ་བ་ཧྲིལ་པོར་སྦྲེལ་ཡོད་ལ། སྡེ་བ་རིམ་པའི་བྱ་འགུལ་ལྟེ་གནས་ཐང་ཆེན་དུ་རྒན་པ་དང་བྱིས་པ་ཚོས་ལུས་སྦྱོང་དང་རོལ་རྩེད་བྱེད་བཞིན་མཆིས། ཁྱིམ་ཚང་རེ་རེ་གཏན་སྡོད་ཁང་པ་རུ་བསྡད་པ་དང་འབྲོག་ཁྱིམ་མང་པོའི་སྒོ་མདུན་དུ་དོང་ཆུ་རེ་བརྐོས་ཡོད། སྡེ་དམངས་ཚོས་གསར་འགོད་པར་བཤད་རྒྱུར། འདི་ནི་ཧྲུའུ་ཅི་ལུང་བྷོ་ཡིས་ང་ཚོར་སྣེ་ཁྲིད་དེ་བསྐྲུན་པ་རེད་ཟེར།

བདེ་སྐྱིད་ཀྱི་དཔལ་ལ་རོལ་པའི་གཉའ་གོང་མ་སྡེ་བའི་ད་ལྟའི་རྣམ་པ་འདི་མཐོང་ཚེ། སེམས་སུ་སྣེ་ཁྲིད་པ་ལུང་བྷོ་དབང་མེད་དུ་དྲན་ཡོང་།

ལུང་བྷོ་ཡིས་རྒྱུན་དུ་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་རྣམས་ལ་བཤད་རྒྱུར“གཉའ་གོང་མ་སྡེ་བའི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་འདི་རྩ་བ་ནས་བཅོས་བསྒྱུར་བྱེད་རྒྱུ་ནི་ང་ཚོའི་སྐབས་འདིའི་མགོ་ཁྲིད་ཚན་ཆུང་གི་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ཡིན་ཞིང་། ང་ཚོས་ངེས་པར་དུ་རང་རྫོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བའི་གོ་སྐབས་བཟང་པོ་འདི་དམ་འཛིན་བྱས་ཏེ་རང་ཉིད་ཀྱི་དོན་དངོས་གནས་ཚུལ་དང་ཟུང་དུ་སྦྲེལ་ནས། སྔར་བས་བསམ་བློ་བཅིངས་འགྲོལ་དང་དུས་བསྟུན་ལྷན་སྐྱོད། མགྱོགས་མྱུར་གྱིས་འཕེལ་རྒྱས་གཏོང་བ་བཅས་ཀྱིས་རང་སྡེ་བའི་ཐོན་སྐྱེད་འཚོ་བ་རོལ་སྟངས་བསྒྱུར་དགོས། དེ་མིན་ན་ང་ཚོས་སྡེ་བ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱིས་ང་ཚོར་བཅངས་པའི་ཡིད་ཆེས་སྟོང་ཟད་དུ་གཏོང་སྲིད།” དེ་བས་ཁོས་རྒྱུན་དུ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མིའི་སྣེ་ཁྲིད་དེ་ཁྱིམ་ཚང་རེ་རེར་སོང་ནས་འཚམས་འདྲི་དང་མང་ཚོགས་ཀྱི་དཀའ་ཁག་རྒྱུས་ལོན་བྱེད་པ། མང་ཚོགས་ཀྱི་བསམ་འཆར་འཚོལ་བསྡུ་བྱེད་པར་མ་ཟད། གནས་བབ་གསར་པ་དང་གནས་ཚུལ་གསར་པ། འགན་འཁྲི་གསར་པའི་རེ་བར་གཞིགས་ནས་བསམ་ཕྱོགས་མུ་མཐད་དུ་སྙོམས་སྒྲིག་བྱས།

གཉའ་གོང་མ་སྡེ་བའི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་དེ་རྩ་བ་ནས་བཅོས་བསྒྱུར་བྱེད་ཆེད། ཁོས་ཕྱུགས་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ་འབྲེལ་ཡོད་བྱེད་སྒོ་ལས་ཁུངས་ཀྱི་གཞུང་ལས་ཁང་སོ་སོར་སོང་ནས་དཀའ་ཁག་དང་དགེ་མཚན་གླེང་བས། ཅི་ཡིན་ཆ་མ་འཚལ་བར་ལས་ཁུངས་ཀྱི་གཞུང་ལས་ཁང་སོ་སོའི་འགན་ཁུར་པ་གཙོ་བོ་དང་ལས་སྒོའི་རྐང་འཛིན་པ་དག་ངོ་ཤེས་སུ་གྱུར་ལ། ཁོ་ཚོའང་ལུང་བྷོ་ཡི་ལྷག་བསམ་རྣམ་དག་དང་དམངས་ལ་དོན་དངོས་བསྒྲུབས་པའི་བསམ་པ་དཀར་པོ་ཡིས་ཡིད་འགུལ་ཐེབས་ཏེ། ལྕགས་ར་དང་དྲོད་ཁང་། ཆུ་བེད་སོགས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ལས་གཞི་ཐོབ་ཅིང་མགྱོགས་མྱུར་གྱིས་ལག་བསྟར་བྱས་པར་མ་ཟད། མོ་ཕྱུགས་དང་ལུ་གུ་ཕན་ནུས་མཐོ་བའི་སྒོ་ནས་གསོ་སྤེལ་བྱེད་པ་དང་ནོར་ནག་གི་རྒྱུད་བཟང་སླར་གསོ། འབྲོག་ལུག་གི་རིགས་རྒྱུད་བདམས་གསོ་སོགས་སྐྱེ་ཁམས་ཕྱུགས་ལས་ཀྱི་ལག་རྩལ་ཕན་ནུས་ལྡན་པའི་སྒོ་ནས་ཁྱབ་གདལ་གཏོང་བར་སྲུང་སྐྱོབ་དང་འཕེལ་རྒྱས་བཏང་སྟེ། སྡེ་བ་ཡོངས་ཀྱི་ཕྱུགས་ལས་ལོ་བསྟུད་མར་ཐོན་འབབ་མང་བ་དང་འབྲོག་པའི་རྒྱུན་མཐུད་ཀྱི་ཡོང་སྒོ་མང་བའི་རྣམ་པ་ལེགས་པོ་མངོན།

གཉའ་གོང་མ་སྡེ་བ་ནི་བྲག་དམར་རི་འདབས་སུ་ཆགས་ཡོད་པས་སྔོན་ཆད“སྡོད་ཁང་དཀའ་བ་དང་འགྲོ་དཀའ་བ། འཐུང་ཆུ་དཀོན་པ་དཀའ་བ། གློག་བཀོལ་དཀའ་བ”ཡི་གནད་དོན་དང་འཕྲད་ཡོད། སྡེ་བ་ཡོངས་ཀྱི་རྗེས་ལུས་ཡིན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་གནས་བབ་ལེགས་བསྒྱུར་བྱེད་ཆེད། 2011ལོ་ནས་བཟུང་། ལུང་བྷོ་ཡིས་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་སྣེ་ཁྲིད་དེ་ཕྱོགས་སོ་སོ་ནས“འབྲོག་པ་གཏན་སྡོད་དང་སྐུལ་ལྕག་ཅན་གྱི་སྡོད་ཁང་། ས་གནས་གཞན་དུ་གནས་སྤོར་བ”སོགས་ཀྱི་སྡོད་ཁང་ལས་གཞི164བརྩོན་ལེན་དང་ལག་བསྟར་བྱས་པ་དང་། དྲོད་ཁང27བརྩོན་ལེན་བྱས་ལ། ཁྱིམ་ཚང32ལ“གློག་གཏོང་གསལ་བསྒྱུར་བཟོ་སྐྲུན”བརྩོན་ལེན་བྱས་པ་དང་། དོང་ཆུ33ཐག་གཅོད་བྱས་ལ། སྡེ་བར་བགྲོད་པའི་སྲ་བསྒྱུར་གཞུང་ལམ་སྤྱི་ལེ19.3ལས་པ་དང་། བྱེ་ཟེགས་ཀྱི་གཞུང་ལམ་སྤྱི་ལེ30གསར་སྐྲུན་བྱས་ཏེ། སྔོན་ཆད་ཀྱི“དཀའ་བ་བཞི་འཛོམས་ཀྱི་སྡེ་བ”ད་ལྟའི“མཐོ་སྒང་གི་མཛེས་པའི་ཡུལ་གྲོང”དུ་བསྒྱུར།

“ཏང་ཡོན་ནི་ཏང་གི་མི་ཡིན་པས་ངེས་པར་དུ་ཏང་གི་སྐར་ཆར་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས”ཞེས་ལུང་བྷོ་ཡིས་རྒྱུན་དུ་དེ་ལྟར་བཤད།

ལུང་བྷོ་ཡི་སེམས་སུ། ཏང་གི་སྐད་ཆར་ཉན་དགོས་ཞེས་པ་དེ་ནི་མང་ཚོགས་ཀྱི་ལས་དོན་སྒྲུབ་པ་དང་དབུལ་ཐར་ལ་རོགས་སྐྱོར་བྱེད་པ་དེ་ཡིན་ལ། དེ་ནི་ཁོ་རང་གི་འོས་འགན་ཡང་ཡིན་པས། མི་ཚེ་རྫོགས་རག་བར་དུ། ཁོས་ད་དུང་རང་སྡེ་བའི་མེ་ལུང་ས་ཁུལ་དུ་ལམ་འོག་ཆུ་ལམ5དང་ཟམ་པ2། སྤྱི་ལེ3གྱི་བྱེ་ཟེགས་ལམ་གསར་དུ་བསྐྲུན་པ་དང་། གཉའ་གོང་མ་སྡེ་བའི2019ལོའི“ལས་དོན་གཅིག་ལ་གྲོས་གཞི་གཅིག”གི་ལས་གཞི་དང་རྒྱལ་ཁབ་ནུས་ཁུངས་ཚོགས་སྒྲིལ་གྱི་གསར་འགྱུར་དང་སྨྱན་སྦྱོར་ལྟེ་གནས་ཏང་ཀྲི་པུའུ་དང་མཉམ་དུ་ཆ་སྒྲིག་མཉམ་སྐྲུན་སོགས་ལས་དོན་གྱི་ཆེད་དུ་བྲེལ་བཞིན་མཆིས།

“མང་ཚོགས་ཀྱིས་ང་རང་སྡེ་བའི་ལས་བྱེད་པར་བདམས་པ་ནི་ང་ལ་ཡིད་ཆེས་བྱས་པ་རེད། སྡེ་བའི་ལས་བྱེད་པར་བསྡད་ན། མང་ཚོགས་ཀྱི་ལས་དོན་བསྒྲུབ་པ་དང་དཀའ་ཁག་སེལ་རོགས་བྱེད་དགོས། མང་ཚོགས་རྣམས་དཀའ་ཁག་དང་འཕྲད་སྐབས་ཐག་གཅོད་བྱེད་ཐུབ་ན་ཐག་གཅོད་དང་། ཐག་གཅོད་བྱེད་མི་ཐུབ་ན་ཇི་མ་ཇི་བཞིན་གོང་རིམ་ལ་ཡར་ཞུ་བྱས་ཏེ་ཐབས་བཀོད་འཐེན་ནས་ཐག་གཅོད་བྱེད་དགོས”ཞེས་ལུང་བྷོས་དེ་ལྟར་བཤད་ཅིང་དེ་ལྟར་བསྒྲུབས། གང་དུ་གནོད་སྐྱོན་བྱུང་ཚེ་ཁོ་རང་གི་གཟུགས་བརྙན་དེ་རུ་ཡོད་ལ། གང་གི་མང་ཚོགས་ལ་དཀའ་ཁག་ཡོད་ཚེ་ཁོ་རང་གི་སྐད་སྒྲ་དེ་རུ་འབྱིན།

2017ལོའི་ཟླ7པར། གཡུ་དཀར་འོམ་ལུང་ཞང་དུ་དྲག་ཆར་བབས་ཏེ་ས་གནས་མང་པོར་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་ཐེབས། ལུང་བྷོ་ཡིས་དུས་ཐོག་ཏུ་གོང་རིམ་འབྲེལ་ཡོད་སྡེ་ཁག་ལ་གནོད་སྐྱོན་གནས་ཚུལ་ཡར་ཞུ་བྱས་ཤིང་གནོད་སྐྱོབ་དངོས་རྫས་བཀོད་སྒྲིག་བྱས། ཐེངས་དེར་ཁོ་ཚང་ལའང་ཆུ་ལོག་གི་གནོད་སྐྱོན་ཐེབས་མོད།འོན་ཀྱང་ཁོས་ཆུང་མ་དང་བུ་མོ་གཉིས་བསྐྱུར་ཏེ་གནོད་ཁུལ་དུ་སོང་ནས་གནོད་སྐྱོན་གནས་ཚུལ་ཞིབ་བཤེར་དང་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི། གནོད་སྐྱོན་བྱ་བར་བཀོད་འདོམས་བཅས་བྱས་པ་རེད།

2018ལོའི་ཟླ8པར་གཉའ་གོང་མ་སྡེ་བའི་དབུལ་ཕོངས་ཏང་ཡོན་བན་ཐར་ནད་ཀྱིས་ཚེ་ལས་འདས་པས། གནད་འཁེལ་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ངལ་རྩོལ་པ་མེད་པའི་དབང་གིས་ཁྱིམ་ཚང་དེ་ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་ཆེད། ལུང་བྷོ་ཡིས་དབུལ་སྐྱོར་རོགས་རེས་མཐུན་ཚོགས་ཀྱི་ཁོངས་མི་བསྡུས་ཏེ་གྲོས་བསྡུར་བྱས་ཤིང་། བན་ཐར་གྱི་བུ་མོ་ཚེ་རིང་སྐྱིད་ལ་རོགས་སྐྱོར་དངུལ་བུན་སྒོར་ཁྲི1བྱིན་ནས་ཐོན་སྐྱེད་དང་འཚོ་བའི་ཐད་བཀོལ་དུ་བཅུག་པར་མ་ཟད། ཀྲི་པུའུ་ཡི་ཏང་ཡོན་ཡོངས་ལ་སྐུལ་སློང་བྱས་པ་དང་རང་གིས་སྣེ་ཁྲིད་དེ་དབུལ་ཕོངས་ཏང་ཡོན་བན་ཐར་ཚང་ལ་སྒོར་སྟོང2000ཞལ་འདེབས་ཕུལ།

2019ལོའི་ལོ་གསར་སྐབས་སུ། ལུང་བྷོ་ཡིས་རང་གིས་འགྲོ་གྲོན་བཏང་ནས་སྡེ་བ་ཡོངས་ཀྱི་ཏང་ཡོན28ལ་སོ་སོར་བཟའ་སྣུམ་རྒྱ་མ10དང་འབྲས་རྒྱ་མ20། ཕྱེ་རྒྱ་མ50བཅས་བྱིན་ཏེ་ཏང་ཡོན་བློ་མཐུན་ལ་སེམས་ཁུར་དང་འཚམས་འདྲི་བྱས་ནས་རང་ཉིད་ཀྱི་ལྷག་བསམ་མཚོན་ཅི་ཐུབ་བྱས། འདི་ལྟ་བུའི་བྱ་བ་ད་རུང་བགྲང་གིས་མི་ལངས།

ལུང་བྷོ་ཡིས་སྡེ་བའི་བྱ་བ་བསྒྲུབས་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། ཁོས་ནམ་ཡང་ཏང་དང་མི་དམངས་ཀྱི་བྱ་གཞག་ཨང་དང་པོར་བཞག་སྟེ། འབད་པ་ལྷུར་ལེན་དང་འཁུར་སེམས་རྣམ་དག ལྷག་བསམ་གསོལ་འབུལ་བཅས་བྱས་པ་རེད།

ཁོས་སེམས་སུ་ནམ་ཡང་རོང་འབྲོག་མང་ཚོགས་ཀྱི་བདེ་སྡུག་བཅངས་ལ། དུས་རྒྱུན་དུ་ཁོ་རང་འཕྲུལ་རྟར་ཞོན་ནས་ཁ་བ་བུ་ཡུག་དང་རི་ལུང་བརྒལ་ཏེ་རོང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་སོང་སྟེ། ཞིབ་བཤེར་ཞིབ་འཇུག་དང་དཀའ་སྡུག་འདྲི་བ། བྱ་བར་མཛུབ་སྟོན། གནད་དོན་ཐག་གཅོད་བཅས་བྱས་ཏེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་བརྩེ་འདང་དང་མཛའ་བརྩེ་ཟབ་མོ་ཞིག་ཆགས་ཤིང་། མང་ཚོགས་དང་ལས་བྱེད་པའི་ཡིད་ཆེས་དང་བསྙེན་བཀུར་གང་ལེགས་ཐོབ།

དཀའ་ཚེགས་ཀྱི་དབང་གིས་ཁོ་ལ་ནད་བྱུང་བས་རྒྱུན་དུ་མགོ་ན་བ་དང་།མགོ་བོ་ན་ཚེ་མུན་ནག་འཐིབས་ཏེ་ཡུན་རིང་བོར་སླར་གསོ་བྱེད་དཀའ། དེ་ལས་གཞན་ད་རུང་ཁོས་འཕྲུལ་རྟ་ལམ་འགྲམ་དུ་བཞག་ནས་ཆུ་འཁྱག་གིས་སྨན་འཐུང་བའི་སྣང་ཚུལ་དེ་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་རྒྱུན་དུ་མཐོང་ཐུབ།

ཞང་ཏང་ཨུ་དང་སྲིད་གཞུང་གིས་ཁོ་རང་ལ་ནད་བྱུང་ཡོད་པ་ཤེས་རྗེས་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་དགོས་པའི་རེ་བ་བཏོན་མོད། ཡིན་ཡང་ཁོས་རྒྱུན་དུ“སྐྱོན་མེད་ཀི སྐྱོན་མེད་ཀི”ཟེར། 2018ལོའི་ཟླ8པར་ནད་ཇེ་སྡུག་དུ་སོང་བས། ཞང་ཏང་ཨུ་དང་སྲིད་གཞུང་གིས་ཡང་བསྐྱར་ཁོ་རང་སྨན་ཁང་དུ་འདུག་དགོས་པའི་རེ་བ་བཏོན་མཐར། ཁོ་རང་ད་གཟོད་ཞིང་ཆེན་བོད་སྨན་ཁང་དུ་སོང་ནས་ཉིན20རིང་ལ་སྨན་བཅོས་བྱས་ཤིང་སྙིང་རྩ་འགག་པའི་ནད་དུ་ངོས་འཛིན་བྱས། སྨན་ཁང་དུ་བསྡད་པའི་སྐབས་སུ་ལུས་ཀྱི་ལྗིད་ཚད་རྒྱ་མ30ཇེ་ཡང་དུ་སོང་བ་དང་། སྨན་ཁང་ནས་ཕྱིར་བུད་རྗེས་ཞང་གིས་ཁོ་ལ་ཆེད་དུ་ཉིན10ཡི་གནང་བ་བྱིན་ནའང་ཁོས་ངལ་གསོ་མ་བྱས་པར་ཡང་བསྐྱར་བྱ་བར་ཞུགས།

ལས་བྱེད་པའི་སྣང་བརྙན་བཟང་པོ་ནི་ལས་སྒྲུབ་ཀྱི་ཁྲོད་ནས་ཐོབ་པ་དང་། སྙན་གྲགས་ནི་དོན་དངོས་ཀྱི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་རེད།

“སྡེ་བའི་ཏང་ཀྲི་པུའུ་ལ་འཐབ་རྩོད་ནུས་པ་ཡོད་མེད་དང་སྡེ་བའི་ལས་བྱེད་པར་མང་ཚོགས་ཀྱི་སེམས་སུ་གོ་གནས་ཡོད་མེད་དེ། གཙོ་བོ་ཀྲི་པུའུ་ཡི་མགོ་ཁྲིད་ཚན་ཆུང་མཐུན་སྒྲིལ་ཡོང་མིན་དང་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་དོན་དངོས་དང་དོན་བཟང་བསྒྲུབ་ཐུབ་མིན། གནད་དོན་ཐག་གཅོད་བྱེད་སྐབས་སྤྱི་གསལ་དང་འདྲ་མཉམ། དྲང་བདེན་ཡོང་མིན་བཅས་ལ་རག་ལས་ཡོད”ཅེས་ལུང་བྷོས་དེ་ལྟར་བཤད་ཅིང་དེ་ལྟར་བསྒྲུབས།

ལུང་བྷོ་ང་ཚོ་དང་གཏན་དུ་བྲལ་རུང་། ཁོའི་སྣང་བརྙན་གསོན་པོ་དེ་ནམ་ཡང་མཚོ་སྔོན་པོའི་འགྲམ་ངོགས་དང་གཡུ་དཀར་འོམ་ལུང་རྩྭ་ཐང་དུ་གནས་ལ། ནམ་ཡང་ཁོ་རང་རྗེས་སུ་དྲན་བཞིན་པའི་མང་ཚོགས་རེ་རེའི་སེམས་སུ་ཟུག་ཡོད། ཁོའི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་སྔར་བཞིན་རྩྭ་ཐང་གི་བུ་བུ་མོ་རྣམས་ལ་ཁོ་དང་འདྲ་བར་ཞུམ་པ་མེད་པའི་སྒོ་ནས་ནམ་ཡང་གཟི་བརྗིད་དང་ཕུགས་འདུན་གྱི་ཆེད་དུ་འབད་པ་བྱེད་དགོས་པའི་སྐུལ་ལྕག་གཏོང་བཞིན་ཡོད་དོ། །

                                        རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།