དབུལ་ཕོངས་ལས་ཐར་རྗེས་ཏང་ལ་དྲིན་འཇལ་རྒྱུ་མི་བརྗེད་པ།
2020.05.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

 ཉེ་སྔོན།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཞང་ཀ་ཆེན་སྡེ་བའི་ཆོས་སྐྱོང་སྐྱབས་བྲེལ་བྲེལ་འཚུབ་འཚུབ་ངང་ཞང་སྲིད་གཞུང་དུ་སླེབས། ཁོས་ཞང་གི་ལས་བྱེད་པ་ཚེ་རིང་བདེ་སྐྱིད་མཐོང་མ་ཐག ལམ་སང་ལྭ་བའི་ནང་རོལ་གྱི་ཁུག་མའི་ནང་བཅུག་པའི་སྒོར་ཁྲི་གཅིག་ཡོད་པ་དེ་མོའི་ལག་ཏུ་སྤྲད།

“སྡེ་བའི་ཏང་ཡོན་མང་ཆེ་ཤོས་ཀྱིས་ཞལ་འདེབས་འབུལ་བཞིན་པ་མཐོང་བས། ང་ཏང་ཡོན་མིན་རུང་། ངས་ཀྱང་རིམས་ནད་འགོག་རྒོལ་ཐད་རང་གི་ནུས་ཤུགས་འདོན་འདོད།”

སྐད་ཆ་དེ་ཐོས་མ་ཐག ཚེ་རིང་བདེ་སྐྱིད་སྐད་ཅིག་དེ་ཉིད་ལ་མགོ་འཐོམ་བྱུང་། ཆོས་སྐྱོང་སྐྱབས་ལ་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ལོ་འགའི་སྔོན་ལ། མིག་མདུན་གྱི་སོག་རིགས་ཕོ་རྒོད་དེས་ད་དུང“དབུལ་ཕོངས་ཁྱིམ་ཚང”གི་མིང་འཁུར་ཡོད་པ་གཞན་སུ་ལས་ཀྱང་མོར་གསལ་ཆ་ཆེ།

དེ་ནི2014ལོའི་དོན་དག་རེད།  དེ་དུས། ཆོས་སྐྱོང་སྐྱབས་ཀྱི་བུ་ཆེ་བ་ཚེ་རིང་བསམ་འགྲུབ་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གྲྭ་སྒྲིག་འཛིན་གྲྭར་རྒྱུགས་འཕྲོད་མ་ཐག་ཡིན་པ་དང་། བུ་མོ་ཆུང་བ་ཡང་སློབ་ཆུང་འགྲིམ་བཞིན་ཡོད། བཟའ་མི་ཚོས་ཁོ་ཕྱུགས་རྫི་བྱེད་པ་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད། འོན་ཀྱང་གསོ་སྤེལ་གྱི་འདུ་ཤེས་གསར་པ་མེད་པ་དང་། རང་གི་རྩྭ་སའི་སྟེང་དུ་སྒོ་ཕྱུགས་མང་པོ་འཚོ་དཀའ་བས། འཚོ་བ་ཡང་རིམ་བཞིན་ཇེ་སྡུག་ཏུ་གྱུར། གནད་ཁེལ་དབུལ་སྐྱོར་བྱེད་མགོ་བརྩམས་པ་ནས་བཟུང་། སྡེ་བའི་ལས་བྱེད་པ་ཆོས་སྐྱོང་སྐྱབས་ཚང་དུ་སོང་སྟེ་རྩིས་ཤིག་བརྒྱབ་པ་ན། བཟའ་མི་ལྔ་བོའི་ལོ་གཅིག་གི་ཆ་སྙོམས་ཀྱི་ཡོང་འབབ་ནི་སྒོར2600ཙམ་ལས་མེད་པ་རེད།

དབུལ་སྐྱོར་སྲིད་ཇུས་དངོས་འབེབས་དང་དམིགས་སར་འབྱོར་བ་དང་བསྟུན་ནས། ཆོས་སྐྱོང་སྐྱབས་ཀྱི་བུ་མོ་ཆེ་བ་ཡི་དམ་སྐྱིད་ནགས་སྲུང་དུ་གྱུར། ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པའི་དུས་མཚུངས་སུ། ཟླ་རེར་སྒོར1800ཡི་བརྟན་འཇགས་ཡོང་འབབ་ཀྱང་ཡོད་པ་རེད། 2016ལོར། ཁྱིམ་མི་གང་བོ་སོ་ཕག་གི་ཁང་པ་ཁང་མིག3ཅན་དེ་དང་ཁ་གྱེས་ཏེ། སྐར་གང་ཡང་མ་ཕུད་པར་སྨི་གྲུ་བཞི་མ80ཡོད་པའི་ཁང་གསར་དུ་གནས་སྤར། ཁང་མིག4ཅན་གྱི་སྡོད་ཁང་དེ་ནི་ཁོད་ཡངས་ཤིང་གསལ་ཡངས་ཆེ་ལ། གྱང་ཇེ་མཐུག་ཏུ་བཏང་ཡོད་སྟབས། སྔོན་གྱི་ཁང་རྙིང་ལས་ཧ་ཅང་ཇེ་དྲོར་སོང་ཡོད། དེ་ཙམ་གྱིས་མི་ཚད། ཆ་སྡེབ་སྒྲིག་བཀོད་འཐུས་ཚང་དུ་སོང་བ་དང་བསྟུན་ནས། ལོ་མང་པོར་འཐུང་རྒྱུ་ཆུ་དཀོན་པ་དང་། ཕར་འགྲོ་ཚུར་འོང་བྱེད་དཀའ་བའི་གནད་དོན་རང་ཤུགས་སུ་ཐག་བཅད། ལྷག་པར་དུ་ཆར་ཟིལ་འཆར་གཞིས་རོགས་སྐྱོར་བྱས་པ་བརྒྱུད། ཚེ་རིང་བསམ་འགྲུབ་ཀྱི་སློབ་རིན་ལ་རེ་ས་ཡོད་པར་གྱུར་པ་དེས། ཆོས་སྐྱོང་སྐྱབས་ཀྱི་དཔལ་འབྱོར་གྱི་ཁུར་པོ་དེ་མ་ཉིད་དུ་ཇེ་ཡང་དུ་བཏང་།

2016ལོར་དབུར་ཕོངས་ལས་ཐར་རྗེས། བཀའ་དྲིན་སེམས་སུ་ཉར་བའི་ཆོས་སྐྱོང་སྐྱབས་ལ་ངར་ཤུགས་རབ་ཏུ་རྒྱས་ཏེ། གོ་སྐབས་རེ་རྙེད་ཚེ་ཞང་གི་ལས་བྱེད་པར་སློབ་སྦྱོང་དང་དོགས་འདྲི་བྱེད་དུ་སོང་ཞིང་། ཡུན་རིང་མ་འགོར་བར། འཕེལ་རྒྱས་ཀྱི་འདུ་ཤེས་སྐྱེས་ཤིང་གོ་སྐབས་འཛིན་མཁས་པར་གྱུར། གན་རྒྱ་བཞག་པ་བརྒྱུད་དེ། ཁོས་ཕྱོགས་གཅིག་ནས་སྡེ་བའི་གསོ་སྤེལ་ཁྱིམ་ཚང་ལ་རྫི་བོ་བྱས་ཏེ་ཡོང་འབབ་ཇེ་མང་དུ་གཏོང་ཞོར། ཕྱོགས་གཞན་ཞིག་ནས་རང་གི་སྒོ་ཕྱུགས་ལའང་གསོ་སྐྱོང་བྱས་པས། ཡོང་འབབ་འཚོལ་བའི་ཐབས་ལམ་རྒྱ་བསྐྱེད་པར་མ་ཟད། རང་ཁྱིམ་གྱི་རྩྭ་སའང་རིམ་གྱིས་ཉམས་གསོ་ཐུབ་པ་བྱུང་།

“སྔོན་ཆད་ངེད་ཚང་གི་ཆ་རྐྱེན་ཅི་འདྲ་ཡིན་མིན་ཁྱེད་ལ་གསལ་ཆ་ཡོད་ནི་རེད། ལོ་འདི་འགར་འཕེལ་རྒྱས་བཏང་བ་བརྒྱུད། ད་ལྟ་ནོར60དང་ལུག100ཡོད། ན་ནིང་བུ་ཆེ་བ་སློབ་ཆེན་ལས་མཐར་ཕྱིན་རྗེས་བྱ་བ་ཞིག་ཀྱང་ལག་སོན་བྱུང་། སྔོན་ཆད་དང་བསྡུར་ན་ཁྱིམ་གྱི་ཆ་རྐྱེན་ཇེ་བཟང་དུ་སོང་ཡོད། བདེ་སྐྱིད་ཀྱི་འཚོ་བ་འདི་ལྟ་བུ་ནི་གུང་ཁྲན་ཏང་གིས་ང་ལ་གནང་བ་ཡིན། མི་ཞིག་ཡིན་ན་དྲིན་གཟོ་ཤེས་དགོས།  ངའི་བསམ་པར་མང་ཉུང་གང་ཡིན་རུང་བྱས་རྗེས་ཤིག་འཇོག་འདོད་ཡོད།” སོམ་ཉིའི་དྲ་བར་ཚུད་པའི་ཚེ་རིང་བདེ་སྐྱིད་ལ་ལྟ་ཞོར། ཆོས་སྐྱོང་སྐྱབས་ཀྱིས་འཛུམ་དང་བཅས་ཏེ་རྒྱུ་མཚན་བཤད།

“དེའི་རྐྱེན་གྱིས་སྒོར་ཁྲི་གཅིག་ཞལ་འདེབས་སུ་འབུལ་རྒྱུ་ཡིན་ནམ།”

“མ་འཆུག་ཐལ། ངེད་བཟའ་མི་གང་བོས་ཁ་སང་ནས་གྲོས་ཐག་བཅད་ཟིན།”དེ་མུར་ཆོས་སྐྱོང་སྐྱབས་ཀྱིས་ལག་པ་ཚུར་བརྐྱངས་ཤིང་། མཛུབ་མོ་ནང་ལ་བཀུག་སྟེ་རྩིས་བརྒྱབ།“ཆུ་འཐེན། ལམ་ལས། ཁང་པ་བརྒྱབ། དེར་མ་ཟད་ང་ཚོ་ལ་སྒོར་མོ་ཡང་གནང་བྱུང་།……རྒྱལ་ཁབ་ཀྱིས་ང་ལ་རོགས་སྐྱོར་བྱས་པ་དང་བསྡུར་ན། ངས་སྒྲུབ་ཐུབ་པ་ནི་ཧ་ཅང་ཉུང་།”

སྐད་ཆ་དེ་ཐོས་པ་ན། ཚེ་རིང་བདེ་སྐྱིད་ཀྱིས་གཞི་ནས་ཧ་གོ་སོང་། ཆོས་སྐྱོང་སྐྱབས་ཀྱིས་ཞལ་འདེབས་སུ་ཕུལ་བའི་སྒོར་ཁྲི་གཅིག་པོ་འདི་ནི། རིམས་ནད་འགོག་རྒོལ་ཁྲོད་རང་གི་ནུས་ཤུགས་འདོན་འདོད་པ་ཙམ་མ་ཡིན་པར། དབུལ་ཕོངས་ལས་ཐར་རྗེས་ཏང་དང་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བསམ་པ་དེ་རེད།

ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་བར་དུ། ཆོས་སྐྱོང་སྐྱབས་ཀྱི་སེམས་ནི་རེ་བས་ཁེངས་སོང་། ཡོད་ཚད་ཇེ་བཟང་དུ་འགྲོ་ངེས། ཁོའི་སེམས་སུ་དེ་ལྟར་དྲན་བྱུང་། །

                                                            རྩོམ་སྒྲིག་པ། གཡང་འབུམ་རྒྱལ།