མགོན་པོ་ཡི་ལས་འཁྱུར་ངལ་གསོའི་འཚོ་བ།
2020.05.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 23

སྡེ་བའི་མང་ཚོགས་ཀྱི་བསམ་ཡུལ་འདས་པ་ཞིག་ནི་ཁོ་རང་ལས་འཁྱུར་ངལ་གསོ་བྱས་རྗེས། བག་ཕེབས་ཀྱི་འཚོ་བ་མི་རོལ་བར་ཕྱིར་ཞིང་སྡེ་རུ་ཡོང་ནས་ལག་ལ་ལྕགས་ཁེམ་བཟུང་ཏེ་རི་ངོས་སུ་སྡོང་བོ་འཛུགས་མགོ་བརྩམས་པ་དེ་རེད། ལས་བྱེད་པ་འདིའི་མིང་ལ་མགོན་པོ་ཟེར།

གདོང་ལ་འཛུམ་གྱིས་ཕྱུག་ཅིང་། མགོ་ན་སྐྲ་ལོ་མེད་ལ། ལུས་པོ་ཆེ་ཞིང་གཟུགས་རིང་བོ་ཡིན་པ་དང་། མི་ལ་འགྲོགས་བདེ་བའི་སྣང་བ་སྟེར་བ་དེ་ནི་ཁོས་མི་རྣམས་ལ་བཞག་པའི་ཐོག་དང་པོའི་བག་ཆགས་རེད། ལོ་འགའི་སྔོན་ལ། མགོན་པོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནས་ལས་འཁྱུར་ངལ་གསོ་བྱས་པ་དང་། སྤྱིར་བཤད་ན། མཚོ་ངོས་ལས་མཐོ་བའི་རྨ་སྟོད་རྫོང་དུ་བྱ་བ་སྒྲུབ་ནས་ལོ་སུམ་ཅུ་འགོར་ཡོད་པས། སྤྱིར་ཡུལ་ལ་ལོག་ནས་ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱི་འཚོ་བ་སྐྱིད་པོ་ཉམས་སུ་མྱངས་ཆོག་ཀྱང་། ཁོ་རང་དེ་ལྟར་མ་བསྡད་པར་ལས་འཁྱུར་ངལ་གསོ་བྱས་རྗེས། ཕ་ཡུལ་དུ་ལོག་ནས་ལྗང་མདོག་བསྐྲུན་འདོད་པའི་ཐོག་མའི་སེམས་པ་དེས་སྔོན་ཆད་ས་རྒོད་ཐང་སྟོང་དུ་གྱུར་བའི་རི་ངོས་དེ་ནགས་ཚལ་ཞིག་ཏུ་བསྐྲུན།

ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་དུ། མགོན་པོ་ཡིས་མཚོ་ཤར་གྲོང་ཁྱེར་ཧྭ་ལུང་རྫོང་གཤོང་ཞན་བོད་རིགས་ཞང་ཆུ་ཤར་སྡེ་བའི་རི་མགོ་སྐྱ་བོར་སྡོང་བོ་བཙུགས་པ་དང་། སེམས་རྩེ་གཅིག་གིས་ཕ་ཡུལ་དུ་ལྗང་མདོག་ཞིག་བསྐྲུན་འདོད།  ཆུ་ཤུར་སྡེ་བའི་བྱང་ཕྱོགས་ཀྱི་སྒོ་མོ་ལ་རི་རྒྱུད་ཤར་གྱི་གངས་རི་དེ་ནི་ཤར་ཕྱོགས་སུ་རྒྱབ་བརྟེན་བྱས་ཡོད་པས་ས་དེའི་མང་ཚོགས་ཀྱིས་སྐྱེས་རི་རུ་འབོད་བཞིན་ཡོད། རི་བོ་གཉིས་ཀྱི་འབྲེལ་མཚམས་སུ་རང་བྱུང་གི་རླུང་ཁ་ཞིག་གྲུབ་འདུག་པ་དང་། རླུང་ཆེན་མཡུགས་ནས་བྱེ་རྡུལ་མང་པོ་གནས་འདིར་འཁུར་ནས་ཡོང་བ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད། མཚོ་ངོས་ལས་མཐོ་བ་དང་ཆར་ཆུ་ཉུང་བ། ལྤང་ཤུན་ཉུང་བ་དང་ས་རྒོད་མང་། འདི་ལྟ་བུའི་སྐྱེ་ཁམས་ཁོར་ཡུག་དེ་ལ་ས་དེའི་མི་རྣམས་ཀྱིས༼སྐམ་སྐྱ༽ཞེས་འབོད་ཡོད་ཅིང་། དེ་ནི་རྩ་སྐྱེས་རྒྱུ་མེད་པའི་རིའི་མིང་ཡིན།

རྨ་ཆུ་ཆུ་ཤར་སྡེ་བའི་འདབས་སུ་བཞུར་བཞིན་ཡོད་པས། ཁྱད་དུ་འཕགས་པའི་མཛེས་པ་ཞིག་ལྷུན་གྱིས་གྲུབ་འདུག རི་མགོ་ནས་ལངས་ཏེ་འཁྱུག་འགྲོས་སུ་བགྲོད་བཞིན་པའི་རྨ་ཆུར་ལྟ་ཐེངས་རེ་རེར་མགོན་པོ་ཡི་སྣང་ངོར་དྲན་ཚུལ་གཅིག་འོང་བ་ནི། གལ་ཏེ་རི་ངོས་སྔོ་ལྗང་དུ་གྱུར་ཚེ། ཆུ་ཤར་སྡེ་བར་གནས་སྐོར་བ་མང་པོ་ཡོང་སྲིད་པར་འདོད།

བསམ་ཕྱོགས་འདི་དང་འགྲོགས་ཏེ་ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་། མགོན་པོ་ཡིས་ཁྱིམ་མིས་བཀག་འགོག་བྱས་པར་མ་ཉན་པར་རང་ཉིད་ཀྱི་བསོགས་དངུལ་ཀྱིས་སྡེ་བའི་ཉེ་འགྲམ་གྱི་ས་རྒོད་ཀུང་ཆིན་ཉིས་བརྒྱ་འགན་གཙང་ལེན་བྱས་པ་དང་། ས་དོང་བརྐོས་ནས་སྡོང་བོ་འཛུགས་མགོ་བརྩམས། རི་ངོས་སུ་ཐན་པ་ཆེ་པ་ཆེ་བས་ཆུ་དཀོན་པ་དང་། མགོན་པོ་ཡིས་ཤ་ཉེ་འབྲེལ་ཚང་མར་སྐུལ་སློང་བྱས་ཏེ་འདྲུད་འཐེན་འཁོར་ལོ་བསྐོར་ནས་རི་གཤམ་དུ་ཆུ་འདྲུད་དུ་སོང་བ་དང་། ཉིན་གཅིག་ལ་ཆུ་ཏུན་བརྒྱད་ཅུ་དྲུད།

མི་ལ་བརྩོན་འགྲུས་ལྡན་གྱུར་ན། ། འཇིག་རྟེན་འདི་ན་དཀའ་བ་མེད་ཅེས་པའི་དཔེ་བཞིན་དུ། ཉིས་སྟོང་བཅུ་བདུན་ལོ་གཅིག་པོར་མགོན་པོ་ཡིས་ས་ཀུང་ཆིན་བཞི་བཅུའི་ས་རྒོད་དེ་ནགས་ཚལ་དུ་བསྒྱུར།

ཆེས་ཐོག་མར་སྡོང་བོ་འཛུགས་པའི་གནས་ཚུལ་གླེང་སྐབས། མགོན་པོའི་སེམས་ཀྱི་དྲན་པ་ཧ་ཅང་གསལ། གཅི་སྙི་ཟ་ཁུའི་ནད་བྱུང་ཡོད་པའི་ཁོར་མཚོན་ན། ཉིན་རེ་རེའི་ཞོགས་པར་ནགས་ཚལ་བརྒྱུད་དེ་སྡོང་ཕྲུག་གི་སྐྱེ་ཚད་ལ་རྟོག་དཔྱོད་བྱས་པ་དང་། ལོ་ངོ་གཅིག་གི་རིང་ལ། ཁོས་རི་སྐེད་དུ་ཡུན་ཧྲན་གསོམ་སྡོང་འཛུགས་པ་དང་། རི་རྩེ་རུ་ཆི་ལེན་གསོམ་སྡོང་འཛུགས་རྒྱུ་སྤྱི་བསྡོམས་བྱས།

ད་ལྟ། ས་དེའི་ཆུ་བེད་སྡེ་ཁག་གིས་རིའི་སྟེང་དུ་ཆུ་འདྲེན་པའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། མུས་སུམ་སྟོང་ལྷག་གི་རི་སྟེང་དུ་ཆུ་འདྲེན་པའི་སྦུག་ལམ་གཙོ་བོ་ལས་ཟིན་པ་དང་། མུས་ལྔ་བརྒྱའི་གཏིང་ཚད་ཡོད་པའི་ཁྲོམ་པ་བརྐོས་པ་དང་རི་རྩེ་ཡི་ཆུ་གསོག་རྫིང་བུ་ཡང་ལས་ཚར།

ཆུ་བེད་ཀྱི་འདེགས་སྐྱོར་ཡོད་པས། སྔོན་ཆད་ཀྱི་ས་སྟོང་དེ་ལྗང་མདོག་གི་ཕ་ས་ཞིག་ཏུ་གྱུར།

མགོན་པོ་ཕ་ཡུལ་གྱི་རི་རྩེ་ཞིག་ཏུ་ལངས་ཏེ་རྨ་ཆུའི་བཞུར་རྒྱུན་གྱི་དྭངས་གཙང་གི་ཁུག་པ་ཞིག་བསྟན་ནས་ཕ་ཡུལ་གྱི་ཆེད་དུ་ང་རྒྱལ་ཞིག་སེམས་གཏིང་ནས་སྐྱེས་བྱུང་། ཡུལ་དངོས་སུ་རྟོག་དཔྱོད་བྱས་པ་བརྒྱུད། འབྲེལ་ཡོད་ཐོན་ལས་སྲིད་ཇུས་ཐད་ལ་ཞིབ་འཇུག་བྱས་རྗེས། ཁོར་སྔར་ལས་ཆེ་བའི་ཕུགས་འདུན་ཞིག་སྐྱེས་པ་དང་། ཁོས་ཤུགས་ཡོད་ཚད་བཏོན་ནས་སྤུས་བཟང་སྐྱེ་ཁམས་ནགས་ཚལ་རྟེན་གཞི་ཞིག་དང་། ཁྱད་ཆོས་ལྡན་པའི་སྐྱེ་ཁམས་གསོ་སྤེལ་རྟེན་གཞི། ཁྱད་ཆོས་ལྡན་པའི་གནས་སྐོར་ཐོན་ལས་རྟེན་གཞི་ཞིག་བསྐྲུན་ནས། ཡུལ་མི་ཚོའི་སྣེ་ཁྲིད་དེ་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད།

མགོན་པོས་གསར་འགོད་པར་བཤད་རྒྱུར། ཁོ་ཡོད་ན་ཁོས་ས་རྒོད་འདི་བཅོས་སྐྱོང་བཟང་པོ་བྱེད་རྒྱུ་ཡིན་པ་དང་། གནས་འདི་གྲོང་གསེབ་མང་ཚོགས་ཕྱུག་བསྒྱུར་གྱི་གསེར་རི་དངུལ་རི་ལྟ་བུར་བསྒྱུར་རྒྱུ་ཡིན་ཟེར།

ཕ་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བཟང་པོ་བྱེད་པ་དང་། ཧྭ་ལུང་རྒྱུད་ཀྱི་རྨ་ཆུར་བཅོས་སྐྱོང་བྱེད་པ་ཁོ་ནས་མགོན་པོ་ཡིད་ཚིམས་བཞིན་མེད་པ་རེད། ཁོས་སེམས་ནས་རྨ་ཆུར་དུས་ཡུན་རིང་བོར་གསོན་ཤུགས་ལྡན་པ་དང་། མང་ཚོགས་ལ་བདེ་སྐྱིད་བསྐྲུན་དུ་འཇུག་འདོད་ན། ངེས་པར་དུ་རྨ་ཆུའི་མགོ་ཁུངས་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་རྟོགས་ཡོད། དེ་བས། ཁོ་ཡང་བསྐྱར་རང་ཉིད་ཀྱི་བྱ་བ་སྒྲུབ་མྱོང་ས་སྟེ། རྨ་ཆུའི་མགོ་ཁུངས་རྨ་སྟོད་རྫོང་ལ་སོང་། སྔོན་ཆད། མཐོ་སྒང་དུ་ཨ་བྲ་ཇེ་མང་དུ་སོང་བ་དང་། རྨ་སྟོད་རྫོང་གི་ས་ཁུལ་ཁ་ཤས་སུ་གྱི་སྔར་ཡོད་ཀྱི་རྩྭའི་སྤང་ཤུན་སྲབ་མོ་དེ་ཨ་བྲ་སོགས་ཀྱིས་བསློགས་ནས་རྩྭ་སྐྱེས་མི་ཐུབ་པར་བཟོས་པས། རྩྭ་སའི་སྐྱེ་ཁམས་མ་ལག་མྱུར་མོར་ཇེ་ཞན་དུ་འགྲོ་མགོ་བརྩམས། ཉིས་སྟོང་ལྔ་ལོར། ས་དེ་ནས་རྫས་འགྱུར་དང་། མིས་ཐབས་ཀྱིས་ཨ་བྲ་མེད་པར་གཏོང་བ་སོགས་ཚོད་ལྟ་བྱས་ཡང་། ས་ཁོངས་ཁ་ཤས་སུ་འབྲས་བུ་ཧ་ཅང་མི་བཟང་། དེའི་འཕྲོར་མགོན་པོ་རྨ་སྟོད་དུ་ཡོང་བ་དང་། ས་དེའི་དངོས་ཡོད་གནས་ཚུལ་དང་བྱ་བའི་ཉམས་མྱོང་གཞིར་བཟུང་ཏེ། མི་མངོན་པའི་ས་དོང་བརྐོས་ནས་ཨ་བྲ་འཛིན་བཟུང་བྱེད་པའི་ལག་རྩལ་ཞིག་གསར་གཏོད་བྱས།

                                                                                                             ལོ་ཙཱ། ཚེ་རིང་སྒྲོལ་མ།