—རྐང་ཚའི་མི་དམངས་ཀྱི་སེམས་ཁོངས་ན་གསོན་པའི་ཁྲིམས་ལུགས་སྣེ་ཁྲིད་པ་འདས་པོ་སྙིང་དཀར་རྒྱལ་གྱི་གནས་ཚུལ་བཀོད་པ།
འདས་པོ་སྙིང་དཀར་རྒྱལ་ནི1953ལོར་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཞང་ཇོ་སྐོར་གོང་མ་འབྲོག་སྡེ་རུ་སྐྱེས། 1976ལོར་རྒྱལ་ཁབ་ཀྱི་བྱ་བར་ཞུགས་ནས་དམངས་སྒྲུབ་དགེ་རྒན་བྱས། དགེ་རྒན་གྱི་མིང་ཙམ་བཏགས་ནས་སློབ་གསོའི་ཁ་ཕྱོགས་ཅི་ཡང་མེད་པའི་སྐབས་དེའི་འབྲོག་སྡེ་རུ་ཐོན་པ་ན། ཁོང་ལ་སེམས་ཁུར་སྣ་ཚོགས་ཀྱིས་མནར་འོང་བའི་ཁར་སློབ་གསོ་ཟེར་བ་དང་སློབ་ཁྲིད་ཟེར་བ་དེ་མགོ་གང་ནས་བརྩམས་ཏེ་མཇུག་ཅི་ལྟར་སྐྱོང་བའི་ཕྱོགས་ལ་དྲན་ཚུལ་གསལ་པོ་ཞིག་མེད་ལ། སྐབས་དེར་བྱིས་པ་སློབ་གྲྭར་སྐྱེལ་མི་འདོད་པའི་འབྲོག་ཁུལ་ནས་སྦྲ་གུར་སློབ་གྲྭ་ཞིག་བཙུགས་པ་དང་། ཁོང་གིས་སྦྲ་གུར་སློབ་ཁང་དུ་ཁྱིམ་བདག་དང་སློབ་མ་ཚོར་སློབ་སྦྱོང་བྱས་ན་བཟང་ཚུལ་དང་སློབ་གྲྭར་སོང་ན་མདུན་ལམ་རྒྱ་ཆེ་བའི་སྐོར་ནས་ཁ་བརྡ་དང་སློབ་གསོ་མང་པོ་བཏང་བ་དང་སློབ་ཁྲིད་ཀྱང་བྱས། དེ་ལྟར་བྱིས་པ་སློབ་གྲྭར་མ་བསྐྱལ་ན་ཁྲིམས་འགལ་ཡིན་པ་བཤད་ནས་དགེ་རྒན་གྱི་བྱ་བ་ཡུན་གྱིས་རྒྱུན་བསྲིངས་བ་དང་། འབྲོག་པ་མང་ཚོགས་ལ་རང་ཉིད་ཀྱང་འབྲོག་ཁྱིམ་དཀྱུས་མ་ཞིག་གི་བུ་ཕྲུག་ཅིག་ཡིན་པ་ནན་བཤད་བྱས་ཚེ། ཨུ་ཚུགས་ཀྱིས་ཁོའི་ཁ་གཏད་དུ་འགྲེང་བའི་འབྲོག་པ་ཚོས་སློབ་གསོ་མྱངས་ན་དགོས་པ་ཡོད་པར་ཅུང་ཙམ་རློམ་པའི་རྣམ་འགྱུར་ཞིག་ཀྱང་བསྟན་འོངས་ལ། དེས་ཁོང་ལ་སློབ་གསོའི་བྱ་བ་མུ་མཐུད་དུ་རྒྱུན་སྐྱོང་དགོས་བའི་རེ་བ་ཕྲན་ཙམ་ཞིག་སྦྱིན། དེ་དུས་ཁོང་ལོ་ན་གཞོན་པ་དང་དམངས་སྒྲུབ་དགེ་རྒན་དཀྱུས་མ་ཞིག་ཀྱང་ཡིན་པས། འབྲོག་སྡེའི་བྱིས་པ་རྣམས་སློབ་གྲྭར་འགྲོ་བའི་སྐལ་བ་ཡག་པོ་ཞིག་ལྡན་ན་ཅི་མ་རུང་སྙམ་པ་ལས་ཐབས་ཤེས་གཞན་ཅི་ཡང་མེད་པར་གྱུར།
1979ལོའི་ཟླ11པ་ནས1985ལོའི་བར་སྙིང་དཀར་རྒྱལ་གྱིས་སྐྱིད་སྨོན་ཞང་དུ་བྱ་བ་སྒྲུབ་པ་དང་། 1985ལོ་ནས1991ལོའི་བར་རྐང་ཚ་རྫོང་བཟོ་ཚོང་དོ་དམ་ཅུའུ་རུ་ལས་གནས་སྤར། ཁྲིམས་ལུགས་ལ་མོས་ཤིང་དམངས་ལ་བྱམས་པའི་ཀུན་སྤྱོད་གཙང་མ་ཞིག་སེམས་སུ་བཟུང་ནས་ཡང་བསྐྱར་ལས་གནས་གསར་པ་ཞིག་གི་མགོ་བརྩམས་མོད། ཁོང་གིས་སློབ་གསོའི་ལམ་ཁ་ན་སློབ་བྱོལ་ལ་བྲེལ་བའི་བྱིས་པ་དེ་ཚོ་ཡིད་ལ་དྲན་ཐེངས་རེར། སེམས་སྨྲེང་ཞིང་། ནམ་ཞིག་སློབ་གསོ་གོང་འཕེལ་དུ་བཏང་སྟེ་འབྲོག་པའི་རྗེས་ལུས་ཀྱི་རྣམ་པ་འདོར་བའི་ལས་འགན་ཞིག་སེམས་ཁོངས་སུ་ཉར་ཏེ། ཡང་བསྐྱར་བཟོ་ཚོང་དོ་དམ་བྱ་བའི་ལས་གནས་སུ་ཞུགས། དེ་རུ་སྔར་བཞིན་འཕེལ་རྒྱས་ཀྱི་རྣམ་པའི་ཟུར་ཙམ་ཡང་མ་མཐོང་བ་མ་ཟད། སྐབས་དེའི་རྐང་ཚ་རྫོང་གི་ཚོང་ཟོག་འགྲིམ་འགྲུལ་བྱ་བ་རྙོག་འཛིང་ཆེ་ཞིང་། ཚོང་རྫས་རྫུན་མ་བཙོང་བའི་ཚོང་བདག་གི་མགོ་འཕངས་མཐོ་བ་དང་། མང་ཚོགས་ཀྱིས་ཚོང་རྫས་དག་རྫུན་གྱི་དབྱེ་བ་འབྱེད་མི་ཤེས་བས། ཁོང་གི་སེམས་ཀྱི་ཁུར་བོ་སྔར་ལས་ཇེ་ལྕི་རུ་སོང་། སྐབས་དེར་ཕོ་བར་ན་ཟུག་ཀྱང་རྒྱུན་མི་ཆད་པར་ལངས་བཞིན་འདུག ཡིན་ཡང་ཁོ་རང་སྨན་ཁང་དུ་ལུས་ཕུང་བརྟག་དཔྱད་བྱེད་དུ་མ་སོང་བར་མུ་མཐུད་དུ་ལས་གྲོགས་ཚོ་དང་མཉམ་དུ་སྲང་མདོའི་ཚོང་ཁང་དག་ལ་སོང་ནས་ཚོང་རྫས་ལ་བརྟག་དཔྱོད་བྱས་པ་དང་། ཚོང་རྫས་རྫུན་མ་ཡིན་མིན་ལ་ལྟ་བའི་བྱ་བ་དེ་མུ་མཐུད་དུ་སྒྲུབས།
སྙིང་དཀར་རྒྱལ་གྱིས་འབྲོག་པ་མང་ཚོགས་ཀྱིས་ཁྲིམས་མ་ཤེས་པས་རྒྱུ་ནོར་ལ་གོད་ཆག་དང་། མི་ཤི་རྟ་འགྱེལ་གྱི་གྱོད་དོན་མང་དུ་འབྱུང་བཞིན་ཡོད་པ་དང་། གཞན་ལོག་ལམ་དང་ཉེས་པ་བསགས་པའི་ལམ་དུ་ཞུགས་པའི་རིགས་སོ་སོའི་སྤུན་ཟླ་དག་མཐོང་ནས། སེམས་སྐྱོ་སྟེ་ཁོ་རང་མ་ཤི་བར་དུ་འབྲོག་ཕྱོགས་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་མཐོ་རུ་གཏོང་བའི་བྱེད་ཐབས་ཤིག་འཚོལ་ཞིབ་བྱེད་དགོས་པའི་དམ་བཅའ་བཞག དེའི་རྗེས་ཀྱི་ཀྱག་ཀྱོག་གི་ལོ་ངོ27རིང་ལ་ཁོང་གིས་དམངས་ཁྲིམས་ལག་ལེན་དང་གྱོད་དོན་རྩད་ཞིབ། ཁྲིམས་ལུགས་དྲིལ་སྒྲོག་བཅས་ཀྱི་བྱ་བ་མང་པོ་རྩེ་གཅིག་གིས་སྒྲུབས། ཁོས་ཡིད་ནས་ནམ་ཡང་བོར་མྱོང་མེད་པ་ནི་ཁྲིམས་ལུགས་ཡིན་ལ། སེམས་ནས་བརྗེད་མྱོང་མེད་པ་ནི་མང་ཚོགས་ཡིན་ཞིང་། མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་དང་གོ་རྟོགས་གོང་འཕེལ་དུ་གཏོང་རྒྱུ་ནི་ཁོང་གི་དམིགས་ཡུལ་ཡང་ཡིན། དེ་བས1992ལོ་ནས་བཟུང་གཡུ་དཀར་འོམ་ལུང་སློབ་ཆུང་དང་ཇོ་སྐོར་སློབ་ཆུང་། མཚོ་སྔོན་པོའི་ཞིང་རའི་སློབ་ཆུང་གི་སློབ་ཕྱིའི་ཁྲིམས་ལུགས་མཛུབ་སྟོན་པའི་འགན་བླངས་པ་ནས་མགོ་བརྩམས་ཏེ། དམངས་ཁྲིམས་ལ་ཟབ་ཞུགས་དང་ཁོམ་ལོང་ཅུང་ཙམ་ཡོད་ཚེ་སློབ་རར་ཁྲིམས་ལུགས་དྲིལ་སྒྲོག་བྱེད་པའི་ལས་ཀ་དེ་མཚམས་ཆད་མ་མྱོང་། ཁོས་སྔ་རྗེས་སུ་རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོར་སོང་ནས་ཁྲིམས་ལུགས་ཤེས་བྱ་སྒྲོག་འགྲེལ་གྱི་བྱ་འགུལ་ཐེངས་བརྒྱ་དང་སུམ་ཅུ་ལྷག་སྤེལ་ཞིང་། ཉན་མཁན་ཁྲི་གཉིས་དང་སྟོང་བཞི་ལྷག་ལ་སླེབས། གཞན་ཁོ་རང་འཕྲུལ་རྟར་ཞོན་ནས་དབྱར་དགུན་སྟོན་དཔྱིད་མེད་པར་ཁ་བ་བུ་ཡུག་དང་ཙག་རླུང་ལ་གདོང་གཏད་ནས། དེ་དུས་ཀྱི་ཐབས་ཆག་གི་ཁོར་ཡུག་ཁྲོད་དུ་ཞང་གསུམ་གྱི་སྡེ་བ་བཅོ་ལྔ་དང་། རུ་ཁག་སོ་དྲུག་གི་ཁྱིམ་ཚང་སྟོང་གསུམ་ལྷག་ལ་སྒོ་ཉུལ་གྱིས་ཁྲིམས་ལུགས་དྲིལ་སྒྲོག་དང་ཁ་ཏ་སློབ་གསོ་གང་མང་བྱས་མྱོང་། ཁྲིམས་སྲོལ་དྲིལ་སྒྲོག་ཚོགས་འདུ་ཐེངས་ཉིས་བརྒྱ་ལྷག་དང་། མང་ཚོགས་ལ་ཁྲིམས་ལུགས་ཁྲིམས་སྲོལ་ཐེངས་ཉི་ཤུ་ལྷག་བསྒྲགས་མྱོང་། ཁོང་གིས་དེ་ལྟར་མང་ཚོགས་ལ་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས་པ་དེས། རྐང་ཚ་རྫོང་གི་རྒན་དར་གཞོན་གསུམ་གྱི་སེམས་སུ་ཁྲིམས་ལུགས་ཀྱི་བག་ཆགས་ཤིག་བཞག་ཡོད།
2005ལོའི་ཟླ6པར། ཞང་སྲིད་གཞུང་གི་ཉེ་འགྲམ་གྱི་ཁྱིམ་ཚང་ཞིག་ཏུ་ཆང་འཐུང་འགས་རྙོག་དྲ་བཟོས་པ་ཡར་ཞུ་བྱས་ཤིང་། དེ་རུ་གྱོད་དོན་རྩད་ཞིབ་ཏུ་སོང་བ་ན་དེ་ནི་བཙོན་གྲོལ་བཏང་ནས་ཅུང་འགོར་མེད་པའི་མི་ཞིག་ཡིན་ལ། དེ་ལ་བར་བཀག་ཀྱང་མི་ཁོགས་པར་མ་ཟད། ཝུ་ཆང་དམ་བུ་ཞིག་གིས་ཅི་བྱུང་གང་བྱུང་མེད་པར་ཁོའི་གདོང་ལ་གཏད་ནས་བརྒྱབ་པས། དུས་དེ་ནས་བཟུང་ཁོའི་མིག་ཡ་གཅིག་ཀྱང་ཁྲིམས་སྐྱོང་གི་བྱ་བའི་ཁྲོད་ནས་ལོང་བར་གྱུར། དེ་ལྟ་བུའི་ཕམ་ཁ་མྱངས་ནའང་ཁྲིམས་ལུགས་དྲིལ་སྒྲོག་གི་བྱ་བ་དེ་ཁོའི་སེམས་ནས་ནམ་ཡང་བོར་མྱོང་མེད། ཁོ་ཚང་ལ་བཟའ་མི་མང་ལ་དབང་བོ་སྐྱོན་ཅན་གྱི་བུ་མོ་ཞིག་ཀྱང་ཡོད་པས། སྤྱིར་ན་ལས་འཁྱུར་ངལ་གསོ་བྱས་ནས་འདི་དག་གི་ཁ་རྒྱབ་ལྟོ་གོས་ལ་འབད་ནས་བསྡད་ན་ཆོག་མོད། དེ་ལས་ལྡོག་སྟེ་ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་ནན་ནན་ཏིག་ཏིག་གིས་སྒྲུབས་པར་མ་ཟད། ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱང་མུ་མཐུད་དུ་ཁྲིམས་ལུགས་དྲིལ་སྒྲོག་གི་བྱ་བ་ཆེ་མ་ཆུང་གསུམ་ཀུན་ལ་ཞུགས། དེར་མ་ཟད་རྐང་ཚའི་སློབ་གསོ་སྡེ་ཁག་དང་འཕྲོད་བསྟེན་སྡེ་ཁག་སོགས་ལས་ཁུངས་དུ་མའི་གདན་ཞུའི་ཁྲིམས་ལུགས་དྲིལ་སྒྲོག་པ་དང་། ལྷག་པར་རྐང་ཚ་རྫོང་སྤྱི་བདེ་ཅུའུ་དང་མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་ཅུའུ་སོགས་ཀྱི་གདན་ཞུའི་འདུམ་འགྲིག་པ་དང་གཟུ་བ་ཡིན་ལ། ག་ས་གང་དུ་ཁྲིམས་ལུགས་དྲིལ་སྒྲོག་གི་ལས་ལ་འབད་ནས་མི་ཚེ་རྫོགས།
དེ་ལྟར་དཀའ་སྤྱད་ཀྱིས་བྱ་བ་མང་པོ་སྒྲུབས་མཐར། 2000ལོར་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཚོགས་ཀྱིས་ཁོང་ལ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྔོན་ཐོན་མཁན་གྱི་མཚན་སྙན་གནང་བ་དང་། 2003ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་པུའུ་ཡིས་མི་སྒེར་གྱི་རིམ་པ་གསུམ་པའི་བྱས་རྗེས་ཅན་གྱི་བྱ་དགའ་གནང་ཞིང་། 2011ལོར་ཁུལ་དང་རྫོང་རིམ་པའི་ཁྲིམས་ལྟར་ཁྲིམས་སྐྱོང་གི་དཔེ་བཟང་མི་སྣར་བདམས། 2016ལོར་རྐང་ཚ་རྫོང་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་ཨུ་ཡོན་ཕུལ་བྱུང་ཅན་དུ་བདམས་པ་དང་། 2018ལོའི་ཟླ12པར་རྐང་ཚ་རྫོང་གི་སྐབས་གཉིས་པའི་རྐང་ཚའི་མི་སེམས་འགུལ་བའི་མི་སྣ་གྲགས་ཅན་ལ་བདམས་པ་སོགས་རྒྱལ་ཁ་དང་གྲུབ་འབྲས་མང་པོ་ཞིག་ལེན་ཐུབ་པ་བྱུང་།
དམངས་སྒྲུབ་དགེ་རྒན་དཀྱུས་མ་ཞིག་ནས་རིམ་གྱིས་བཅའ་ཁྲིམས་ལ་སློབ་སྦྱོང་དང་ལག་ལེན་བྱས་པ་དང་། སྤྱི་བདེ་ལས་གནས་ཀྱི་ལས་དོན་གང་མང་ཞིག་རྒྱབ་ཏུ་ཁུར་ནས་ཚེ་ཡི་འཕེན་པ་རྫོགས། དེ་དུས་ཀྱི་རྐང་ཚའི་འཚོ་བའི་ཆ་རྐྱེན་སོགས་ཕྱོགས་གང་ཐད་ནས་ད་ལྟའི་དུས་སྐབས་དང་བསྡུར་ཐབས་བྲལ་ལ། མང་ཚོགས་ཀྱི་སློབ་གསོའི་འདུ་ཤེས་དང་ཁྲིམས་ལུགས་འདུ་ཤེས་ཧ་ཅང་ཞན་པས། ཉམ་ང་བའི་འཚོ་གནས་ཀྱི་ཁྲོད་དུ་ལྗིད་ཏིག་ཏིག་གི་ལས་འགན་ཞིག་ཕྲག་ཏུ་འཁུར་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན། ཁོང་རང་འབྲོག་པ་ཤ་སྟག་ཅིག་ཡིན་པའི་ཆ་ནས་འབྲོག་ཕྱོགས་སུ་རྒྱུས་མངའ་ཆེན་པོ་ཡོད་ལ། ལོ་ངོ་མང་རིང་ཁྲིམས་ལུགས་དྲིལ་སྒྲོག་དང་བྱ་བའི་ཉམས་མྱོང་ལས་བསགས་པའི་ཁྲིམས་ལུགས་ཤེས་བྱའི་འབྲས་བུ་དེ་དག་སྔར་བཞིན་རང་ཉིད་ཀྱི་ཡུལ་མི་ཚོའི་ཆེད་དུ་འབུལ་འདོད་པའི་འདུན་མ་དྲག་པོ་ཞིག་གིས་མགོ་བརྩམས་ཏེ། ལོ་ན་དྲུག་ཅུ་རེ་དྲུག་ལ་ཐོན་རག་བར་དུ་མང་ཚོགས་ལ་བྱ་བ་མང་པོ་སྒྲུབས། 2019ལོའི་ཟླ་དང་པོར། རྐང་ཚའི་མི་སེམས་འགུལ་བའི་མི་སྣ་གྲགས་ཅན་དུ་བདམས་པའི་གཡུར་ཟའི་འབྲས་བུ་ཁོར་ཐོབ་པ་དེ་ནི་ཁོང་གིས་རང་ཉིད་ཀྱིས་མི་ཡུལ་ལ་བཞག་པའི་ལེགས་སྐྱེས་ཤིག་ཏུ་བསམ་བཞིན། ལོ་དེའི་དབྱར་ཟླ་དྲུག་པའི་མེ་ཏོག་སྣ་བརྒྱ་བཞད་པའི་དུས་ཚིགས་དེར། ཁོང་གིས་རྐང་ཚའི་འབྲོག་པ་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་སྔར་བས་ཇེ་མཐོར་སོང་ཡོད་པ་ཚོར་བ་ལྟར། བློ་བདེ་བག་ཕེབས་ཀྱིས་འཇིག་རྟེན་མི་ཡུལ་དང་གཏན་དུ་བྲལ།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།