ཨ་ཆེན་གངས་རྒྱབ་ནི་ངའི་སེམས་ཁོང་གི་དག་ཞིང་ཡིན།
2020.06.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 178

ཟླ་དྲུག་པའི་ཡུས་ཧྲུའུ་རྩྭ་ཐང་དུ་ལྗང་མདོག་གི་མྱུ་གུ་འབུས་ཤིང་མེ་ཏོག་གི་ལྡིང་ཆ་བཀྲ་བས་རིམ་བཞིན་དབྱར་དུས་ཀྱི་རྣམ་པ་ཞིག་མངོན་ལ་ཉེ་བ་དང་། ང་ཚོར་ཆུ་དམར་ལེབ་ནས་རླངས་འཁོར་ལ་བསྡད་དེ་མཛེས་སྡུག་གི་ཡུལ་ལྗོངས་རོལ་མྱོང་བྱེད་བཞིན་ཨ་ཆེན་གངས་རྒྱབ་དུ་ཐོན་པ་ན། གཞུང་ལམ་འགྲམ་གཉིས་སུ་ལྗང་མདོག་ཏིལ་འབྲུ་ཙམ་ཡང་མེད་པར་ཡོད་ཚད་སྐྱ་ཐང་ངེར་སྣང་ལ། རི་དྭགས་རྐྱང་དང་བོད་གཙོད་ཁྱུ་དང་ཁྱུ་བྱས་ཏེ་བག་ཡངས་སུ་རྒྱུ་བའི་རྣམ་པ་དེས། ས་གཞི་འདི་ལ་གཞན་ཡིད་འགུག་པའི་མཛེས་ལྗོངས་གསར་བ་ཅིག་བསྣན་བྱུང་།

དེ་ལྟར་ཡུས་ཧྲུའུ་ཁུལ་ཐོག་ནས་དུས་ཚོད་དྲུག་ལྷག་ལ་སོང་མཐར། ང་ཚོ་གཞི་ནས་ཨ་ཆེན་གངས་རྒྱབ་ནག་རི་ཆུ་ནག་ཁའི་སྲུང་སྐྱོབ་ས་ཚིགས་སུ་ཐོན་བྱུང་ལ། སྲུང་སྐྱོབ་ས་ཚིགས་དེ་ནི་རྒྱལ་ལམ109འགྲམ་དུ་ཆགས་ཤིང་། མཚོ་ངོས་ལས་མཐོ་ཚད་ལ་མུས4601ཡོད།  ནག་རི་ཆུ་ནག་ཁའི་སྲུང་སྐྱོབ་ས་ཚིགས་ནས་མདུན་ཕྱོགས་སུ་མུས100ལྷག་ལ་བསྐྱོད་པ་ན། བཀྲ་ཤིས་མགྲོན་ཁང་དང་བཀྲ་ཤིས་སྒོ་རྩིས་ཁང་ཞེས་པའི་སྒོ་བྱང་བྲིས་པའི་ལྕགས་ཁང་ཞིག་ང་ཚོའི་མིག་ལམ་དུ་མངོན་བྱུང་ལ། ཨ་ཆེན་གངས་རྒྱབ་ནགས་ཚལ་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་བསྟན་པ་ལགས་ཀྱིས་ང་ཚོ་འཁྲིད་ནས་སྲུང་སྐྱོབ་ས་ཚིགས་སུ་མི་འགྲོ་བར་ཐད་ཀར་དུ་བཀྲ་ཤིས་སྒོ་རྩིས་ཁང་དུ་ཁྲིད་བྱུང་བ་དང་། སྒོ་རྩིས་ཁང་དེ་ནི་ཚོང་ཁང་ཆུང་བ་དང་བོད་ཟས་ཁང་གཉིས་གཞི་གཅིག་ཏུ་འབྲེལ་བའི་ཞབས་ཞུའི་ལས་རིགས་ཤིག་ཡིན་མོད། འོན་ཀྱང་བོད་ཟས་ཁང་ཞེས་པ་ནི་མིང་ཙམ་ལས་རྒྱ་ཆེན་པོ་མིན་ལ། ཅོག་ཙེ་གཉིས་ཡོད་པའི་སྟེང་དུ་ཤ་སྐམ་དང་གོ་རེ་དམར་པོའི་སྡེར་ཁ་བཤམས་ཡོད་པ་དང་། བོད་ལུགས་ཀྱི་ལྕགས་ཐབ་ནང་དུ་མེ་ལྕེ་ལྷབ་ལྷབ་འབར་བཞིན་ཡོད་པས། ཁང་བའི་ནང་ཡོངས་སུ་དྲོད་ཁོལ་གྱིས་ཁེངས་འདུག ཁྱིམ་བདག་མས་ལྕགས་ཐབ་འགྲམ་དུ་ཁྱིམ་ལས་ལ་བྲེལ་བཞིན་མགྲོན་པོ་འཛུམ་གྱིས་བསུ་བཞིན་ཡོད་ལ། ཁྱིམ་གསོས་ཞི་ལ་ཁྲ་བོ་དེ་སོས་དལ་བག་ཕེབས་ངང་འབོལ་གདན་སྟེང་དུ་བདེ་བར་ཉལ་འདུག་ཅིང་། ཁྱིམ་གསོས་ལུ་གུ་དེ་རང་ཁྱིམ་དུ་ཐོན་པ་ལྟར་ས་ལྡིང་གནམ་ལྡིང་ངང་རྩེད་འཇོ་རོལ་བཞིན་འདུག

བལྟས་མ་ཐག་གནས་འདིར་འོང་བའི་འགྲུལ་བ་དག་ཟ་མ་ཟ་བར་ཡོང་བ་མིན་པར་ཁྱིམ་འདིར་འཚམས་འདྲི་ཡོང་བ་ཇི་བཞིན་ཕན་ཚུན་ལ་ལབ་གླེང་སྣ་ཚོགས་བྱེད་བཞིན་རང་ཁྱིམ་ལྟ་བུའི་སྣང་བ་སྐྱིད་པོ་རོལ་བཞིན་མཆིས།

ང་ཚོས་རྒྱུས་ལོན་བྱུང་བ་ལྟར་ན། གཞུང་རྒྱུད་དྲང་ཤིང་གཤིས་རྒྱུད་འཇམ་པའི་ཁྱིམ་བདག་མ་འདི་ནི་ཨ་ཆེན་གངས་རྒྱབ་པུ་ཧ་ཆུ་བོའི་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་སྔོན་མ་ངག་དབང་བཟང་པོའི་ཆུང་མ་ཡིན་ཞིང་། སྲུང་སྐྱོབ་ས་ཚིགས་ཀྱི་མི་ཚང་མས་སྙིང་ཉེ་བའི་སྒོ་ནས་ཁོ་མོའི་མིང་ཨ་ཅག་ཞེས་འབོད་བཞིན་ཡོད་ལ། དོན་ངོ་མར་བཤད་ན་ཁྱིམ་དེ་ནི་སྲུང་སྐྱོབ་ས་ཚིགས་ཀྱི་མི་ཚང་མའི་ཐུན་མོང་གི་ཁྱིམ་གཞིས་ཤིག་ཡིན་པ་དང་། ཐེངས་རེར་རི་མགོར་ལྟ་ཞིབ་དུ་སོང་ནས་ཕྱིར་ཐོན་མ་ཐག་སྲུང་སྐྱོབ་ས་ཚིགས་ཀྱི་མི་ཚང་མ་ཐོག་མར་ཨ་ཅག་ཚང་ལ་འགྲོ་བ་དང་། ཨ་ཅག་གིས་ཀྱང་སྔ་མོ་ནས་ཟ་མ་གྲ་སྒྲིག་བྱས་ཏེ་ཁོ་ཚོ་ཡོང་བར་ངང་སྒུག་བྱེད་བཞིན་ཡོད་ལ། ཁོ་ཚོ་དུས་ལྟར་ཕྱིར་མ་ཐོན་ཚེ། ཨ་ཅག་གིས་ཁོ་ཚོས་བདེ་འཇགས་ལ་སེམས་ཁུར་བྱེད་ངེས། འདི་ལྟར་ཟླ་ཐོག་ཟླ་དང་ལོ་ཐོག་ལོ་བསྣན་ནས་མི་ལོ་ཉི་ཤུ་ལྷག་ལ་ཁྱིམ་གཞི་འདི་ནས་གཏན་འདུག་བྱས་པ་རེད།

མི་ལོར་ཉི་ཤུ་ནག་རི་ཆུ་ནག་ཁར་སྲུང་སྐྱོང་བྱས་པའི་ཨ་ཅག

ཐོག་མར་གནས་འདིར་འབྱོར་དུས་ཀྱི་བག་ཆགས་གླེང་སྐབས། ཨ་ཅག་གི་བཞིན་ལ་འཛུམ་མདངས་རྒྱས་པའི་ངང་བཤད་རྒྱུར། ང་རང་ཐོག་མར་གནས་འདིར་ཐོན་དུས། སེམས་ལ་ས་འདི་ནས་མི་མ་དགོ་འདྲེ་ཡང་འདུག་ཐབས་བྲལ་བའི་སྣང་བ་སྐྱེ་མྱོང་ཞིང་། གནས་འདི་ནས་ལོ་ཉི་ཤུ་ལ་འདུག་ཐུབ་པ་ངའི་སེམས་ལའང་དྲན་མ་མྱོང་། ཨ་ཅག་གི་མིང་ངོ་མར་བཀྲ་ཤིས་བདེ་སྐྱིད་ཟེར་མོད། འོན་ཀྱང་སྲུང་སྐྱོབས་ས་ཚིགས་ཀྱི་མི་སུ་ཡིན་རུང་ཁོ་མོའི་དངོས་མིང་ཤེས་མཁན་ཉུང་ཉུང་ཡིན་ལ། བཀྲ་ཤིས་སྒོ་རྩིས་ཁང་དང་བཀྲ་ཤིས་མགྲོན་ཁང་། བཀྲ་ཤིས་ཟ་ཁང་སོགས་ཀྱང་ཁོ་མོའི་དངོས་མིང་ལ་བལྟས་ནས་བཏགས་པ་ཡིན་པར་རྗེས་ནས་ད་གཟོད་ཧ་གོ་བྱུང་།

ཡིན་ནའང་། གནས་འདིའི་ལམ་འགྲོ་བ་ཚང་མས་ཨ་ཅག་གི་དྲན་བྱང་སྟེང་དུ་འགོ་གཙོ་བཀྲ་ཤིས་ཀྱི་ཨ་ཅག་ངོ་མའི་མི་བཟང་པོ་ཞིག་རེད་ཅེས་བྲིས་འདུག་ལ། ཨ་ཅག་ནི་ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་ལྕི་ཆུ་ཞང་གི་མི་ཡིན་པ་དང་། ཁོ་མོ་ལོ་ཆུང་བའི་དུས་སུ་ཕ་མ་གཉིས་དང་མཉམ་དུ་ལྷ་སར་སོང་ཞིང་། ཁོ་ཚང་ལ་ཕུ་ནུ་མིང་སྲིང་བཅུ་ཡོད་པའི་ནང་དུ་ཁོ་མོ་ནི་ཨ་ཅེ་ཆེ་བ་ཡིན་ལ། ལོ་ན་ཆུང་བའི་དུས་ནས་བཟུང་ཕྱི་རོལ་དུ་སོང་ནས་ཚོང་ལས་གཉེར་ཞིང་ཕ་མ་གཉིས་ལ་རོགས་སྐྱོར་བྱས་ཏེ་རང་ལ་དབང་བའི་ཁྱིམ་གཞི་ཆུང་ཆུང་ཞིག་སྐྲུན་པ་ཡིན། ལྟོས་་དབང་གིས་དབང་དགའ་བཟང་པོ་ལ་འཕྲད་པ་ནས་བཟུང་། ཁོ་མོར་བྱ་བ་དེ་ཐོབ་པར་སེམས་གཏིང་ནས་ང་རྒྱལ་སྐྱེས་མྱོང་ལ། རི་ཁུལ་དུ་སྐོར་ཞིབ་དུ་འགྲོ་བ་ནི་དཀའ་ཚེགས་དང་ཉེན་ཁ་བརྒྱུད་དགོས་པ་ཞིག་ཡིན་པས། འགྱོད་སེམས་དང་སྐྲག་སྣང་ཡང་སྐྱེས་མྱོང་། གང་ལྟར་ཁོ་མོས་གསོག་དངུལ3800བཟུང་ནས་ལྷ་ས་ནས་ནག་རི་ཆུ་ནག་ཁར་ཡོང་སྟེ་ཟ་ཁང་ཆུང་ཆུང་འདི་གཉེར་བ་ཡིན། ཨ་ཅག་གིས་བཤད་རྒྱུར། སྐབས་དེའི་རེ་བ་ཉག་གཅིག་ནི་ཁོའི་ཉེ་སར་བཅར་ཏེ་ཁོ་ལ་རྒྱབ་སྐྱོར་ཁོ་ན་བྱེད་པ་ལས། དྲན་ཚུལ་གཞན་པ་ཅི་ཡང་མེད་ཟེར།

ཨ་ཅག་གིས་་རང་ཁྱིམ་དུ་གང་འདོད་དུ་རྒྱུགས་པའི་ལུ་གུ་དེའི་མིང་ལ་སྒྲོལ་མ་ཟེར།

ཨ་ཆེན་གངས་རྒྱབ་ལ་མི་ཀུན་གྱིས་ཚེ་སྲོག་གི་བཀག་སྡོམ་ས་ཁུལ་དུ་འབོད་ཞིང་། རང་བྱུང་གི་ཁོར་ཡུག་སྡུག་ཅིང་གནམ་གཤིས་ཀྱི་འགྱུར་བ་རྒོད་ནའང་། ལུག་མིག་སོགས་རི་སྐྱེས་མེ་ཏོག་རྣམ་པར་བཀྲ་བ་དེ་ནི་ཨ་ཅག་དང་འདྲ་བར་ཉམས་པ་མེད་པའི་ཚེ་སྲོག་གི་གསོན་ཤུགས་བརྟན་པོ་དེ་མངོན་བཞིན་ཡོད། ཡིན་ན་ཡང་།  དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དེ་ཨ་ཅག་དང་འདྲ་མོད། འོན་ཀྱང་། དེ་ལ་ཡང་ཉམས་ཆུང་བའི་དུས་ཡང་ཡོད། མོ་ཐོག་དང་པོར་ས་ཚིགས་འགོ་གཙོ་དབང་དགའི་ཕ་མར་ཐུགས་འཕྲད་བྱེད་དུ་འགྲོ་བའི་བརྒྱུད་རིམ་དེ་ང་ཚོར་གླེང་སྐབས། ཁོ་མོས་ད་དུང་སེམས་སྡུག་གི་མིག་ཆུ་བཞུར་བྱུང་། 1999ལོའི་དགུན་ཁར། ཨ་ཅག་དང་ས་ཚིགས་འགོ་གཙོ་དབང་དགའ་གཉིས་གཉེན་སྒྲིག་བྱེད་རྒྱུ་གྲ་སྒྲིག་བྱས་ནས། ཐོག་དང་པོར་དབང་དགའི་ཕ་མར་ཐུགས་འཕྲད་བྱེད་དུ་སོང་བ་རེད། སྐབས་དེར་དབང་དགའི་ཕ་མ་གཉིས་ནང་ཆེན་རྫོང་དུ་ཡོད་པ་དང་། དང་ཐོག་ན་གོར་མོ་ཐོན་རྗེས་ཁོ་དང་མཉམ་དུ་ཕ་ཡུལ་དུ་ལོག་རྒྱུའི་ཐག་བཅད་ཡོད། ཨ་ཅག་སེམས་འཚབ་དང་དགའ་སྣང་གིས་ཐེངས་དང་པོར་ལྷ་ས་ནས་ན་གོར་མོ་ལ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ལ་བསྡད་པ་དང་། སྐབས་ཐོག་དེར་ལམ་དེ་ནས་ཉིན་བདུན་ཙམ་ལ་སོང་བ་རེད། ཨ་ཅག་ན་གོར་མོ་རུ་ཐོན་རྗེས་ས་ཚིགས་འགོ་གཙོ་དབང་དགར་ཁ་པར་གཏོང་སྐབས། ཁ་པར་ལས་ཁོ་ཚོས་རི་ལ་སྐོར་གཡེང་བྱེད་སྐབས་རི་དྭགས་ལྐོག་རྔན་བྱེད་མཁན་གསུམ་འཛིན་བཟུང་བྱས་པ་དང་། དབང་དགས་དངོས་སུ་ཉེས་ཅན་དེ་གསུམ་པོ་ཡུས་ཧྲུའུ་ལ་སྐྱེལ་དགོས་པས། ཁོ་མོ་དང་མཉམ་དུ་ཕ་ཡུལ་ལ་འགྲོ་མི་ཐུབ་པའི་གནས་ཚུལ་ཐོས་བྱུང་བས། སྤྲོ་སྣང་ཐམས་ཅད་སྐད་ཅིག་ཉིད་དུ་མེད་པར་གྱུར་ཏེ་རླངས་འཁོར་ས་ཚིགས་ནས་ཁོ་མོས་ཁེར་རྐྱང་དུ་དངོས་པོ་ཁྱེར་ཞོར་སྐད་ཆེན་པོས་ངུས་བྱུང་། ཨ་ཅག་གིས་བཤད་རྒྱུར། སྐབས་དེར་ཁོ་མོས་སེམས་སུ་བརྩེ་དུང་གིས་རང་ཉིད་བསླུས་བྱུང་བའི་ཚོར་སྣང་སྐྱེས། ཡིན་ན་ཡང་། ཅུང་མ་འགོར་བར་དབང་དགའི་བདེ་འཇགས་ལ་ཡང་སེམས་ཁྲལ་བྱས།  གནས་དེར་ཆ་རྒྱུས་ཅི་ཡང་མེད་པའི་ཨ་ཅག་ན་གོར་མོ་ནས་རླངས་འཁོར་ལ་བསྡད་དེ་ཟི་ལིང་དུ་ཐོན་པ་དང་། ཁོ་མོར་མཚོན་ན་དེ་ནི་འགྲུལ་བཞུད་ཀྱི་ལམ་ཐག་ཆེས་རིང་བ་ཞིག་རེད། ཟི་ལིང་ས་ཆར་ཆ་རྒྱུས་མེད་པའི་དབང་གིས་རླངས་འཁོར་ས་ཚིགས་སུ་ཉིན་མང་པོར་བསྡད་མཐར་ས་ཚིགས་འགོ་གཙོ་དབང་དགར་བདེ་བླག་ངང་ཐུགས་འཕྲད་བྱུང་སོང་།

ཨ་ཅག་དང་ས་ཚིགས་འགོ་གཙོ་དབང་དགའ་གཉིས་བཀྲ་ཤིས་སྒོ་རྩིས་ཚོང་ཁང་གི་མདུན་གྱི་མཉམ་པར།

《མོན་ཆ་རར་ཕུལ་བ》ཞེས་པའི་གླུ་ཚིག་གི་ནང་དུ་སྐད་ཆ་འདི་འདྲ་ཞིག་ཡོད་དེ། ང་ནི་ཁྱོད་དང་ཆེས་ཉེ་བའི་ཤིང་བལ་རྐང་གཅིག་སྟེ། ལྗོན་ཤིང་གི་གཟུགས་བརྙན་ཡིན་པའི་ཆ་ནས་ཁྱོད་དང་མཉམ་དུ་ལངས། རྩ་བ་ས་གཞིར་འདྲེས་ཤིང་རྩེ་མོ་སྤྲིན་དུ་ཟུག ས་ཚིགས་འགོ་གཙོ་དབང་དགའ་ནི་ཐོག་དང་པོར་ཨ་ཆེན་གངས་རྒྱབ་དུ་སྐོར་ཞིབ་བྱེད་དུ་ཡོང་བའི་རུ་མི་ཞིག་ཡིན་ཞིང་། སྐབས་དེར། ལྐོག་རྔོན་པ་འདོད་རྔམ་ཆེ་བའི་དཀའ་སྡུག་གི་ལོ་ཟླའི་ནང་དུ་ཁོ་ཚོས་རང་ཉིད་ཀྱི་ལང་ཚོ་དང་རྔུལ་ཆུ་ཕུལ་ནས། མཐའ་ཡས་པའི་ས་གཞི་ཆེན་མོ་འདིའི་ལྷིང་འཇགས་སྲུང་སྐྱོང་བྱས།

ཨ་ཆེན་གངས་རྒྱབ་ཀྱི་བརྟན་སྲུང་སྙིང་སྟོབས་ཀྱི་འགྲེལ་བཤད་ནི“བྱ་གཞག་ལ་བློ་དཀར་སེམས་དཀར་དང་རང་དོན་རྒྱབ་སྐྱུར་གྱིས་ཡོད་ཚད་འབུལ་བ། རང་སྲོག་བློས་གཏོང་ཕོད་པ། ནམ་ཡང་བརྟན་སྲུང་བཅས་བྱེད་དགོས། ས་ཚིགས་ཀྱི་འགོ་གཙོ་དབང་དགའ་དང་འདྲ་བར་སྐོར་དང་པོའི་ཨ་ཆེན་གངས་རྒྱབ་སྐོར་སྲུང་བྱེད་མཁན་གྱི་རུ་མི་ཚོས“ཨ་ཆེན་གངས་རྒྱབ་བརྟན་སྲུང་སྙིང་སྟོབས”ལ་འགྲེལ་བཤད་རགས་ཙམ་བྱས། ཨ་ཅག་ཡང་དུས་དེ་ནས་བཟུང་ས་ཚིགས་འགོ་གཙོ་དབང་དགའ་དང་དཔུང་པ་མཉམ་གཤིབ་ཀྱིས་སྲུང་སྐྱོབ་ས་ཚིགས་ཀྱི་སྐོར་སྲུང་རུ་མི་དང་འདྲ་བར། ཁོ་མོ་ཡང་གནས་དེར་དགའ་ཞེན་ཆེན་པོ་ཡོད་པ་མ་ཟད་རང་ཉིད་ཀྱི་ཐབས་ལ་བརྟེན་ནས་སྲུང་སྐྱོང་བྱེད་ཀྱིན་ཡོད། སྲུང་སྐྱོབ་ས་ཚིགས་འགྲམ་གྱི་རས་གུར་ཚོང་ཁང་ཞིག་ནས་ད་ལྟའི་ཚོང་ཁང་འགའ་ཡོད་པ་དང་། ཨ་ཅག་གིས་ས་གཤིས་ཞན་པའི་ས་གཞི་དེའི་སྟེང་དུ་སྤྲོ་སེམས་འཁོལ་བའི་ངང་འཚོ་བ་རོལ་བཞིན་ཡོད། སྲུང་སྐྱོབ་ས་ཚིགས་ཀྱི་རུ་མི་ཚོར་གཞིས་ཁྱིམ་དྲོན་མོ་ཞིག་འདོན་སྤྲོད་བྱས་པ་མ་ཟད། རྒྱལ་ལམ109འགྲམ་གྱི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཚོའི“ངལ་གསོའི་གནས་མལ”ཞིག་ཏུ་གྱུར་ཡོད་ལ། མཚོ་བོད་གཞུང་ལམ་རྒྱུད་ཀྱི་གནས་སྐོར་བ་ཚོས་མལ་གསོ་སའི“གནས་མཆོག”ཅིག་རེད།

ཨ་ཅག་གིས་སྐོར་ཞིབ་བྱེད་དུ་སོང་ནས་ཕྱིར་ཐོན་པའི་རུ་མིའི་ལྭ་བའི་སྟེང་གི་ས་རྡུལ་སྤྲུགས་བཞིན་པ།

ནག་རི་ཆུ་ནག་ཁའི་སྲུང་སྐྱོབ་ས་ཚིགས་སུ་སྡོད་པའི་སྐབས། ང་ཚོ་དུས་ཚོད་མང་ཆེ་བར་བཀྲ་ཤིས་སྒོ་རྩིས་ཚོང་ཁང་ནས་བསྡད་པ་ཡིན་ལ། ཨ་ཅག་ཉིན་རྒྱུན་འཚོ་བར་བྲེལ་བའི་ཟུར་ཞིག་མཐོང་ཐུབ། ཉིན་རེའི་ཞོགས་པའི་ཆུ་ཚོད་དྲུག་གི་སྟེང་མལ་ལས་ལངས་པ་དང་དགོང་མོ་ཆེས་སྔ་ན་ཡང་དུས་ཚོད་བཅུ་གཉིས་སྟེང་ལས་མཚམས་འཇོག་ཐུབ་པ་རེད། ཨ་ཅག་སྒོ་རྩིས་ཚོང་ཁང་དང་ཟ་ཁང་གཉིས་ཀྱི་བར་བྲེལ་བཞིན་ཡོད། ད་དུང་གནས་འདི་རུ་གློག་དང་རང་འབབ་ཆུ་མེད་པས་རང་གིས་གློག་འདོན་པ་དང་དོང་ཆུ་བརྐོས་ནས་ཆུ་ལེན་དགོས། འདི་ལྟ་བུའི་འཚོ་བ་ཉིན་མཚན་མེད་པར་མཚམས་བཞག་མ་མྱོང་། ངས་མོ་དུས་ཚོད་ཕྱེད་ཀ་ལས་བརྒལ་ཏེ་ལྷོད་ལྷོད་སྒོས་ངལ་གསོ་བྱེད་བཞིན་པ་མཐོང་མ་མྱོང་། འོན་ཀྱང་ཁོ་མོའི་གདོང་དུ་ནམ་ཡང་ངལ་དུབ་ཀྱི་རྣམ་འགྱུར་ཞིག་མཐོང་རྒྱུ་མེད། ཁོ་མོའི་ལུས་སྟེང་དུ་རྒྱུན་པར་བཀོལ་མི་ཚར་བའི་ནུས་ཤུགས་ཤིག་ཡོད་པ་དང་འདྲ་བར་རང་ཉིད་ཀྱི་སེམས་ཤུགས་ཡོད་ཚད་ཚ་ཚ་འུར་འུར་གྱི་འཚོ་བའི་ཁྲོད་དུ་བཀོལ་བཞིན་ཡོད།

2009ལོའི་སྐབས་ཀྱི་བཀྲ་ཤིས་སྒོ་རྩིས་ཚོང་ཁང་།

ཨ་ཅག་ནི་གཞན་ལ་རོགས་རམ་བྱེད་པར་སྤྲོ་བའི་བུད་མེད་མཛངས་མ་ཞིག་རེད། མཐོ་སྒང་དུ་དབྱངས་དབུག་དཀོན་པའམ་ཡང་ན་ལམ་ནོར་ཐེབས་པའི་གནས་སྐོར་བར་འཕྲད་སྐབས་ཁོ་མོས་དུས་ཐོག་ཏུ་རོགས་སྐྱོར་བྱེད་ཀྱིན་ཡོད། “ཚེ་སྲོག་གི་བཀག་སྡོམ་ས་ཁུལ”འདིར་རོགས་སྐྱོར་ཐེངས་གཅིག་བྱས་ན་མི་ཞིག་འཆི་གསོན་གྱི་མཚམས་ནས་ཚུར་འཁྲིད་མཁན་ཞིག་ཏུ་འགྱུར་སྲིད། ཨ་ཅག་གིས་ཕྱིར་དྲན་ཞིག་བྱས་ཏེ་བཤད་རྒྱུར། “ན་ནིང་དབྱར་ཁར་ནང་ལོག་ནས་ཡོང་བའི་གསར་བུ་ཞིག་གིས་ལྕགས་རྟ་བཞོན་ནས་མཚོ་བོད་གཞུང་ལམ་བརྒྱུད་དགོས་ཟེར་བཞིན་གནས་འདི་རུ་ཟ་མ་ཟོས་རྗེས་མུ་མཐུད་དུ་ལམ་ལ་ཆས། འགྲོ་ཁར་ཁོས་ངའི་སྐད་འཕྲིན་བསྣན། ཕལ་ཆེར་དགོང་མོའི་ཆུ་ཚོད་བཅུ་ཡས་མས་སུ་ངའི་ཁ་པར་ལ་གློ་བུར་དུ་ཁོས་བསྐུར་བའི་སྐད་འཕྲིན་ཞིག་འབྱོར། “སྲོག་སྐྱོབ་རོགས། སྲོག་སྐྱོབ་རོགས”ཅེས་པའི་མྱུར་སྐྱོབ་བརྡ་འཕྲིན་ཞིག་འབྱོར། ངས་མྱུར་དུ་ཕྱིར་ཁ་པར་བཏང་བ་ན་ཅི་ལྟར་བྱས་ཀྱང་ཁ་པར་མི་འཕྲོད་པས། ནུ་བོ་དང་མཉམ་དུ་རླངས་འཁོར་བསྐོར་ནས་ལམ་འགྲམ་ནས་ཁོའི་རྗེས་ཤུལ་བཙལ། དུས་ཡུན་རིང་བོ་ཞིག་འགོར་རྗེས། ང་ཚོས་རྒྱལ་ལམ་འགྲམ་ནས་ལྕགས་རྟ་ཞིག་མཐོང་ལ། ཁོ་བོ་མི་རིང་བའི་སར་དྲན་མེད་དུ་བརྒྱལ་འདུག ངས་མྱུར་དུ་འཁྱེར་ཡོང་བའི་དབྱང་རླུང་ཁུག་མ་དེ་ཁོ་ལ་བྱིན། ད་དུང་ཁོ་ལ་རྩམ་པ་ཅུང་ཙམ་བླུད་རྗེས་ཁོ་ཅང་མ་འགོར་བར་སད་པ་དང་རྗེས་སུ་ཁོ་ངེད་ཚང་ནས་ཉིན་ཁ་ཤས་བསྡད་བྱུང་།” ཨ་ཅག་གིས་ལོ་བཅུ་དྲུག་སྔོན་དུ་བོད་ལྗོངས་ནས་བསླུས་འཚོང་བྱས་པའི་བྱིས་པ་གཉིས་བསྐྱབ་མྱོང་། བྱིས་པ་གཉིས་ཀྱི་ཕ་མ་ཉེན་རྟོག་པའི་རླངས་འཁོར་ལ་བསྡད་ནས་ནག་རི་ཆུ་ཁག་ཁར་ཐོན་ཏེ་རང་གི་བྱིས་པ་བདེ་ཐང་ཡིན་པ་མཐོང་དུས། མིག་ཆུ་བཞུར་ཞོར་ཨ་ཅག་གི་ལག་པར་འཇུས་ནས་ཐུགས་རྗེ་ཆེ་ཞུས་ལ། རྣམ་པ་དེ་ད་ལྟའི་བར་དུ་ཁོ་མོའི་མིག་ལམ་དུ་འཆར་བཞིན་ཡོད། ཨ་ཅག་གིས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་གནས་འདིར་སྲུང་སྐྱོབ་བྱེད་པའི་ཉིན་མཚན་ཀུན་ཏུ་འདི་ལྟ་བུའི་གཏམ་རྒྱུད་ཡང་ཡང་བྱུང་མྱོང་།

2010ལོར་ཨ་ཅག་གིས་ཡུས་ཧྲུའུ་ས་འགུལ་གནོད་ཐེབས་ས་ཁུལ་ལ་གནོད་སེལ་དངོས་རྫས་བསྐྱལ་བཞིན་པ།

2010ལོར་ཕ་ཡུལ་དུ་ས་འགུལ་བྱུང་སྐབས། ཁོ་མོས་དུས་ཐོག་ཏུ་རང་ཉིད་ཀྱི་ཕུ་ནུ་མིང་སྲིང་དང་གྲོས་བསྡུར་བྱས་ཏེ། སྒོར་འབུམ་བཞི་བཀོལ་ནས་སྐབས་དེར་མཁོ་བའི་ཟས་རིགས་དང་གྱོན་ཆས་ཉོས་པ་དང་། རང་ཉིད་ཀྱིས་དངོས་སུ་གནོད་ཐེབས་ས་ཁུལ་དུ་སྐྱེལ་འདྲེན་བྱས། ཚད་ཡོད་ཀྱི་དུས་དང་བར་སྟོང་དུ་ཚད་མེད་ཀྱི་འཚོ་བ་རོལ་བཞིན་ཡོད་པས། འཚོ་བར་བཅངས་བའི་ལྷག་བསམ་རྣམ་དག་གི་བསམ་པ་གཏན་ནས་འདོར་མི་སྲིད། དེ་ནི་ཨ་ཅག་གི་ཆེས་དངོས་ཡོད་ཀྱི་སྣང་ཚུལ་ཡིན་ངེས་ལ། ཧུར་བརྩོན་ཡར་སྐྱེད་ཀྱི་དྲང་ནུས་དེ་རིགས་ཀྱིས་ཁྱོད་ལ་ཁོ་མོའི་འགྲམ་ནས་སྐུལ་མ་ཆེན་པོ་ཐེབས་སྲིད།

ས་ཚིགས་འགོ་གཙོ་དབང་དགའ་དང་རུ་མི་རྣམས།

ད་ལྟ་ས་ཚིགས་འགོ་གཙོ་དབང་དགའ་ལས་འཁྱུར་ངལ་གསོའི་ལོ་ཚོད་ལ་ཐོན་ལ་ཉེ། རང་ཉིད་ལོ་ངོ20ལྷག་ལ་ཕྱིར་མ་ལོག་པའི་ཕ་ཡུལ་བཤད་དུས། ཁོའི་གདོང་ལ་འཛུམ་གྱིས་ཁེངས་བའི་རྣམ་འགྱུར་ཞིག་ཤར་བཞིན་མཛེས་ལྗོངས་དེ་མིག་མདུན་ན་ཡོད་པ་དང་འདྲ། ལས་འཁྱུར་ངལ་གསོ་བྱས་རྗེས་གནས་འདིར་ཕྱིར་བལྟ་རུ་ཡོང་མིན་བཤད་སྐབས། བཟའ་ཟླ་གཉིས་ཀྱིས་ཕན་ཚུན་ལ་བལྟ་ཞོར་ཁོ་ཚོས་སྔ་མོ་ནས་གྲོས་བསྡུར་བྱས་ཡོད་ཟེར། ལས་འཁྱུར་ངལ་གསོ་བྱས་རྗེས་ལོ་རེར་ཕྱིར་ཡོང་ནས་ཁོ་ཚོའི་ལང་ཚོ་སྐྱེས་སུ་ཕུལ་བའི་སྤྱི་ལེ་གྲུ་བཞི་མ་ཁྲི་བཞི་དང་སྟོང་ལྔ་ཡོད་པའི་ས་གཞི་དྲོན་མོ་དེར་བལྟ་རུ་ཡོང་དགོས། ས་ཚིགས་འགོ་གཙོ་དབང་དགའ་ཡི་ཀླད་པའི་ནང་རི་བོ་རེ་རེ་དང་མཚོ་རེ་རེ། ཆུ་བོ་རེ་རེ་བཅས་གསལ་ལེར་ཡོད་པ་དང་། ཁོ་ཚོ་ཆེས་དགའ་བའི་རི་སྐྱེས་སྲོག་ཆགས་གཙོད་ལ་བལྟ་རུ་ཡོང་ངེས། མི་ལ་ལས་བཤད་ན། ཚེ་གྲོགས་ནི་ཆེས་བརྩེ་དུང་ཟབ་པའི་སེམས་གཏམ་བརྗོད་མཁན་ཡིན་ཞེས་པ་ལྟར། ས་ཚིགས་འགོ་གཙོ་དབང་དགའ་ཡིས་ལོ་ངོ20ལྷག་གི་རིང་བརྟན་སྲུང་བྱས་ནས“ཨ་ཆེན་གངས་རྒྱབ་བརྟན་སྲུང་སྙིང་སྟོབས”གསོན་ཉམས་ལྡན་པའི་ངང་གསལ་བཤད་བྱས་ཡོད་པས། ད་ལྟའི་ཨ་ཆེན་གངས་རྒྱབ་ལྷིང་འཇགས་སུ་གྱུར་ཡོད། ཨ་ཅག་གིས་ཀྱང་ལོ་ངོ20ལྷག་ལ་སྲུང་སྐྱོང་བྱས་པས། འཇིག་རྟེན་འདིའི་ཆེས་ལྷད་མེད་ཀྱི་བརྩེ་དུང་དང་ཆེས་ཡིད་དབང་འཕྲོག་པའི་གཏམ་རྒྱུད་བརྗོད་བཞིན་ཡོད།

ལོ་ཙཱ་བ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།