ས་ཞིང་གཤིན་པོའི་སྟེང་རྡོ་རྗེ་ཚེ་རིང་གི་ལང་ཚོའི་ཕུགས་འདུན་གྱི་མེ་ཏོག་བཞད།
2020.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 236

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཞིན་ཅེ་ཧོས་རིགས་ཡུལ་ཚོ་ཡི་ཞིང་ཕྱུགས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་བའི་རྨང་གཞིའི་སྟེང་། “ཡུལ་ཚོ་རེར་ལས་རིགས་རེའི”གཙོ་ཁྲིད་ཐོན་ལས་བརྟན་པོའི་ངང་སྐྱེད་སྲིང་བྱས་ནས། ནུས་ཤུགས་ཡོད་དགུས“སྡེ་བ་རེར་ཐོན་རྫས་རེའི”ཁྱད་ལྡན་ཐོན་ལས་གསར་སྐྲུན་བྱས། 2019ལོར་སྤྱིའི་འདེབས་འཛུགས་ཀྱི་རྒྱ་ཁྱོན་ས་མུའུ་ཁྲི་གཉིས་དང་སྟོང་བདུན་ལེགས་འགྲུབ་བྱུང་། སོན་བཟང་ཅན་དུ་འགྱུར་ཚད་བརྒྱ་ཆའི་བརྒྱ་རུ་ཟིན་ཡོད་ལ་ཐོ་འགོད་ཚོང་རྟགས་བཅུ་གསུམ་ཡོད། སྨྱུག་དམར་དང་ཙོང་སོགས་གཙོར་བྱས་པའི་ལྗང་མདོག་སྐྱེ་ལྡན་གྱི་སྔོ་ཚལ་རྟེན་གཞི་མུའུ་སྟོང་གསུམ་དང་བརྒྱད་བརྒྱ་ཉེར་གསུམ་ཡོད། ལྕ་བ་དང་སྲད་དཀར་གཙོར་བྱས་པའི་སྐྱེ་ལྡན་ཀྲུང་ལུགས་དང་བོད་ལུགས་རྩྭ་སྨན་རྟེན་གཞི་ལ་མུའུ་སྟོང་གཉིས་བདུན་བརྒྱ་ཡོད། རྒྱ་སྲན་དང་ཡུག་པོ་གཙོར་བྱས་པའི་གཟན་རྩྭའི་རྟེན་གཞི་མུའུ་སྟོང་གསུམ་དང་བརྒྱད་བརྒྱ་དྲུག་ཅུ་ཡོད།

ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ནི་ཞང་ཅེ་རུ་རྐང་ཚུགས་པ་དང་། ལས་ལ་བརྩོན་ཞིང་བྱ་བར་ནན་ཏན་ཡིན་པ། ཞིང་ལས་ལ་འབད་འབུངས་བྱེད་མཁན་བཅས་ཀྱི་མི་ཁག་ཅིག་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་བར་ཁྲིད་སྟོན་བྱས་ཡོད། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་འདེབས་འཛུགས་འཕེལ་རྒྱས་བཏང་སྟེ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ལ་རམ་འདེགས་བྱས་ཡོད། ཞིན་ཅེ་ཧོས་རིགས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཡུལ་ཚོ་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་ལས་སྐྲུན་ཕྱུག་འགྱུར་གྱི་དཔེ་མཚོན་མི་སྣ་དང་བྱས་རྗེས་སྔོག་འདོན་གཏིང་ཟབ་བྱས་ནས། མིག་དཔེ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་སྣེ་ཁྲིད་པ་སྐོར་ཞིག་འདེམས། ཉིན་དེ་ནས་བཟུང་ཞིན་ཅེ་ཡི་སྐད་འཕྲིན་སྤྱི་རྟགས་སུ་དྲིལ་བསྒྲགས་བྱས་པ་རེད། ཉེ་འགྲམ་གྱི་དཔེ་མཚོན་ལ་བརྟེན་ནས་ཉེ་འཁོར་གྱི་མི་ལ་སློབ་གསོ་གཏོང་བ་དང་། རྒྱ་ཆེའི་མང་ཚོགས་ལ“བདེ་སྐྱིད་ནི་འབད་འཐབ་བྱས་པ་ལས་བྱུང་བའི”བསམ་བློ་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས། མང་ཚོགས་ཀྱིས་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་བྱེད་པའི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ཏེ་ཐུན་མོང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བ་བྱས།

ངལ་རྩོལ་གཟི་བརྗིད་དང་ཏང་གཅེས་ལས་བཀུར་།  ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་བཅས་ལ་བརྟེན་ནས། ཁོ་ཚོས་སྒེར་སེམས་མེད་པའི་རང་དོན་རྒྱབ་སྐྱུར་གྱི་ལེགས་སྐྱེས་འབུལ་བཞིན་ཡོད་ལ། ཁོ་ཚོས་ཕྲག་ཟུང་གི་འགན་འཁྲི་སེམས་ལ་དམ་པོར་བཟུང་ཡོད། ཁོ་ཚོས་ཁྱད་དུ་འཕགས་པའི་སྙིང་སྟོབས་འཚོལ་སྙེག་བྱེད་བཞིན་ཡོད། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་རྒྱུན་འཛིན་དང་དངོས་སྒྲུབ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པར་བརྩོན་ལེན་བྱེད་བཞིན་ཡོད།

ད་ལོ་ལོ་ཞེ་གསུམ་ལ་སླེབས་པའི་རྡོ་རྗེ་ཚེ་རིང་ནི་ཁྲི་ཀ་རྫོང་ཧི་ཞི་གྲོང་རྡལ་རྡོ་རེས་སྡེ་བའི་སྡེ་མི་ཞིག་རེད། སྐྱེ་ལྡན་འདེབས་འཛུགས་དེ་ཕ་ཡུལ་གྱི་ཞིང་པ་རྣམས་དབུལ་ཐར་ཕྱུག་འགྱུར་གྱི་ཐབས་ལམ་གཙོ་བོ་འགྱུར་བར་བྱས་ནས། སྐྱེ་ལྡན་ཐོན་རྫས་མཚོ་སྔོན་ནས་རྒྱལ་ཡོངས་སུ་བསྐྱོད་དུ་འཇུག་རྒྱུ་ནི་ཁོའི་ཕུགས་འདུན་རེད། དམིགས་ཡུལ་དང་ཕུགས་འདུན་དེ་བཅངས་ནས། རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་འཐབ་ཇུས་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་འཐབ་ཇུས་ཀྱི་ཤར་རླུང་དང་བསྟུན་ནས། ཁོའི་སྐྱེ་ལྡན་སྔོ་ཚལ་འདེབས་འཛུགས་ཐད། གསོན་ཉམས་ལྡན་ཞིང་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་བརྩམས་ཡོད།

ལྷོ་ཕྱོགས་ནས་ཀོང་ཏུང་དུ་བསྐྱོད་དེ་མ་དངུལ་ཐོག་མ་བསགས།

རྡོ་རྗེ་ཚེ་རིང་གིས་རིག་པ་རྣོ་བ་མ་ཟད་བསམ་བློ་སྔོན་ཐོན་ཡིན་ལ། ཁོ་ནི་སྒྲུབ་ཕོད་པ་དང་དཀའ་སྤྱད་སྡུག་རུས་བྱེད་པ། བརྩོན་འགྲུས་དང་སློབ་སྦྱོང་ལ་དགའ་བ་ཞིག་རེད། སློབ་འབྲིང་མཐར་ཕྱིན་རྗེས་ཕྱུག་འགྱུར་གྱི་ཕུགས་འདུན་སེམས་སུ་བཅངས་ནས། རྡོ་རྗེ་ཚེ་རིང་གིས་རང་ཉིད་དང་གྲོགས་པོ་ཚོས་དབྱར་རྩྭ་དགུན་འབུ་འཐུས་རྗེས་ལྷོ་ཕྱོགས་ཀོང་ཏུང་དུ་ཕྱིར་ཚོང་བྱེད་པར་བསྐྱོད། དབྱར་རྩྭ་དགུན་འབུའི་རྒྱུ་སྤུས་བཟང་ལ་ཁོས་ཡིད་རྟོན་ཚོང་གཉེར་དང་འབད་བརྩོན་ལྷོད་མེད་བྱས་པས། ལོ་འགའི་རྗེས་སུ་མ་དངུལ་ཅུང་གསོག་འཇོག་བྱས་ཡོད། ཀོང་ཏུང་ཧོས་ཀྲིག་ཏུ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱེད་པའི་ཚོང་ཁང་དང་པོ་བཙུགས་ལ། རྟེན་མེད་ཁྱིམ་འཛུགས་ཀྱི་ལས་སྐྲུན་ལམ་བུ་ཞིག་བཏོད་པ་རེད། དམའ་འབྲིང་གི་སློབ་ཐོན་ལག་ཁྱེར་ལས་མེད་པའི་བྱིས་པ་ཞིག་ནས་གསར་གཏོད་བྱེད་ཕོད་པ་དང་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་གཏོད་འཇོན་ཐང་ཅན་ཞིག་གི་ངོས་ནས་བརྗོད་ན། ལྷོ་ཕྱོགས་སུ་བསྐྱོད་པའི་བརྒྱུད་རིམ་དེས་ཁོའི་དེ་སྔོན་རྗེས་ལུས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་བ་མ་ཟད། མཐོང་རྒྱ་ཆེ་རུ་ཕྱིན་ལ་ཉམས་མྱོང་ཡང་མང་པོ་བསགས་ཡོད། རྒྱུ་ནོར་རྩ་ཆེན་དེ་དག་འཁྱེར་ནས་ཕ་ཡུལ་གྱི་ས་གཞི་གཤིན་པོ་དེར་ཞེན་ཆགས་ཚད་མེད་བྱེད་བཞིན་ཡོད་ལ། ཁོས་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱ་རྒྱའི་ཐག་བཅད།

ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པར་ཁོས་སྐྱེ་ལྡན་འདེབས་འཛུགས་ལས་རིགས་གཉེར་རྒྱུའི་ཐག་བཅད།

སྤྱི་ཚོགས་ཡར་རྒྱས་གོང་འཕེལ་དུ་སོང་བ་དང་བསྟུན་ནས། མི་རྣམས་ཀྱིས་ཟས་རིགས་བདེ་འཇགས་ཀྱི་དགོས་མཁོ་ཉིན་རེ་བཞིན་ཇེ་དྲག་ཏུ་འགྱུར་བཞིན་ཡོད་ལ། སྐྱེ་ལྡན་ཐོན་རྫས་ཁྲོམ་རའི་ཐོག་ཚོང་ཧ་ཅང་བྲིན་པ་མཐོང་རྗེས། ཁོས་མཚོ་སྔོན་གྱི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་བཟང་བ་དང་། ཕ་ཡུལ་དུ་སྐྱེ་ལྡན་སྔོ་ཚལ་འདེབས་འཛུགས་བྱས་ནས་ཕ་ཡུལ་མི་དམངས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་པོར་འགྱུར་ཆེད། ཁོས་མྱུར་དུ་ཐག་གཅོད་བྱས་རྗེས་ས་གནས་སོ་སོར་སོང་ནས་ཚོང་རར་རྟོག་ཞིབ་བྱས་པ་མ་ཟད། ས་ཞིང་ཐོན་ཁུངས་དང་རང་བྱུང་ཆ་རྐྱེན་ཞིབ་བསྡུར་བྱས་པ་བརྒྱུད་ནས། ཞིན་ཅེ་ས་ཁུལ་ནི་གནམ་གཤིས་གྲང་མོའི་ཁོངས་སུ་གཏོགས་པ་དང་། ས་རྒྱ་ཆེ་ལ་ཁོད་སྙོམས་པ་དང་ས་རྒྱུ་གཤིན་པོ་དང་ཆར་ཆུ་མང་པས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་གྱི་རྒྱུ་ཆ་དང་མཐོངས་ཡངས་སྔོ་ཚལ་སོགས་སྐྱེ་དངོས་སྐྱེ་རྒྱུར་འཚམ་པས། ཁོས་འདེབས་འཛུགས་རྟེན་གཞི་ཞིན་ཅེ་ཡི་ཧོས་རིགས་ཡུལ་ཚོའི་སྦྲུལ་ལྕེ་དང་སྐར་མ་ཐང་། མ་བུའུ། ཞིན་ཅེ་བཅས་སྡེ་བ་བཞི་རུ་བདམས། ཁོས་འདེབས་འཛུགས་ཀྱི་དཔེ་ཆ་སྣ་ཚོགས་ལ་བལྟས་པ་དང་། འདེབས་འཛུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་བྱས། མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་ཁང་དུ་སོང་ནས་ཆེད་མཁས་པར་བཀའ་འདྲི་བྱས་པ་དང་། ཞིང་ཆེན་ཕྱིའི་ས་ཁུལ་དུ་སོང་ནས་འདེབས་འཛུགས་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་འཇོག་བྱས། 2016ལོའི་ཟླ་དང་པོར། ཁོས་མཚོ་སྔོན་ནོར་གསུམ་ཞིང་ཕྱུགས་གསར་སྤེལ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་པ་དང་། ཞིན་ཅེ་ཡི་ས་ཞིང་མུའུ་སྟོང་གཅིག་བརྒྱ་དང་གྱ་བཞི་འཁོར་རྒྱུག་བྱས་ཏེ་གཙོ་བོ་ཞོག་ཁོག་དང་ནས་ནག ཀན་ལན། ཙོང་སོགས་འདེབས་ཀྱིན་ཡོད་ལ། རང་ཉིད་ཕ་ཡུལ་གྱི་ལས་སྐྲུན་ལོ་རྒྱུས་ཀྱི་ལམ་བུར་སྐྱོད་འགོ་ཚུགས། "

སྐྱེ་ལྡན་བདེན་དཔང་ར་སྤྲོད་བྱས་ཡོད་པས། ཐོན་རྫས་ཀྱི་སྤུས་ཚད་འགན་སྲུང་བྱས།

མཚོ་སྔོན་གྱི་སྐྱེ་ལྡན་ལྷད་མེད་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས། རྡོ་རྗེ་ཚེ་རིང་སྐྱེ་ལྡན་ཞིང་ལས་འཕེལ་རྒྱས་སུ་གཏོང་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད། ཀུང་སི་བཙུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ“རྟེན་གཞི་འཛུགས་པ་དང་། ཐོན་རྫས་སྐྲུན་པ། གཞི་ཁྱོན་ཆེ་རུ་གཏོང་བ”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མྱུར་དུ་ནན་ཅིན་ཀའོ་ཧན(OFDC)སྐྱེ་ལྡན་ཐོན་རྫས་བདེན་དཔང་ར་སྤྲོད་ལྟེ་གནས་སུ་གྲོ་དང་ལི་གྲོ། ཚོད་མ་ཨོ་སུན་སོགས་འབྲུ་རིགས་སྔོ་ཚལ་སྣ་ཁ་བཅུ་བདུན་གྱི་སྐྱེ་ལྡན་ཐོན་རྫས་བདེན་དཔང་ར་སྤྲོད་རེ་ཞུ་བྱས་པ་རེད། དུས་མཚུངས་སྐྱེ་ལྡན་དཔང་བདེན་ར་སྤྲོད་ཀྱི་ཆེད་མཁས་པ་གདན་ཞུ་བྱས་ནས་ཞིང་ཁར་བསྐྱོད་དེ་འདེབས་འཛུགས་ཤེས་བྱ་དམར་ཁྲིད་བྱས། ལོ་ཏོག་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ཁྲོད། སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་བླང་བྱ་ལྟར་བཀོལ་སྤྱོད་ནན་མོ་བྱས་ཏེ་སྦགས་བཙོག་གཏན་འགོག་བྱ་དགོས་པ་མ་ཟད། མིས་ཡུར་མ་ཡུར་བ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་སྨན་དང་རྫས་ལུད། རྩྭ་ལྡུམ་སེལ་རྫས། གཞི་རྒྱུ་བསྒྱུར་བའི་ལག་རྩལ་བཅས་གཏན་ནས་བཀོལ་སྤྱོད་མི་བྱེད་པར་རྟེན་གཞིའི་ཐོན་སྐྱེད་འགན་ལེན་བྱེད་པའི་ཞིང་ལས་ཐོན་རྫས་ཚང་མ་ལྗང་མདོག་ལྷད་མེད་ཡིན། ཐོན་རྫས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་དྲིལ་བསྒྲགས་རྒྱ་ཆེ་རུ་གཏོང་ཆེད། རྒྱལ་ཁབ་ཚོང་རྟགས་ཅུའུ་ནས“ཨ་མ་ལགས”དང“གངས་ཅན་པ”སོགས་ཀྱི་ཚོང་རྟགས་ཐོ་འགོད་རེ་ཞུ་བྱས་པ་རེད། མིག་སྔར། ཚོང་རྟགས་ལག་ཁྱེར་དང་ཐོན་རྫས་མང་པོ་ཞིག་གི་སྐྱེ་ལྡན་བདེན་དཔང་ར་སྤྲོད་ལག་ཁྱེར་བླངས་ཡོད་པ་དང་། ས་རྒྱུ་དང་ཞིང་ལས་ཆུ་འདྲེན་གྱི་ཆུ་སྤྱོད་ཞིབ་དཔྱད་ཚད་ལེན་གྱི་གྲངས་གཞི་ཚང་མ་རེ་བ་དང་མཐུན་ཡོད་པ་རེད།

གཞི་ཁྱོན་ཆེ་རུ་བཏང་ནས་ཞིང་བ་ཁྱིམ་ཚང་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ།

རྡོ་རྗེ་ཚེ་རིང་གིས“ཀུང་སི་དང་རྟེན་གཞི། ཞིང་བ་ཁྱིམ་ཚང”དང་། “ཀུང་སི་དང་མཉམ་ལས་ཁང་། ཞིང་བ་ཁྱིམ་ཚང་།”“འདེབས་འཛུགས་དང་ཐོན་སྐྱེད། ཕྱིར་ཚོང་བཅས་ཟུང་དུ་འབྲེལ་བ”སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཐོན་སྐྱེད་ཚོང་གཉེར་བྱས་པ་རེད། ཁུལ་དང་རྫོང་ཞིང་ཕྱུགས་ཅུའུ་དང་ཞིན་ཅེ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག ལག་རྩལ་གྱི་ཁྱད་སྟོབས་དང་འདེབས་འཛུགས་ཀྱི་ཉམས་མྱོང་བེད་སྤྱོད་བྱས་ཏེ། མཐའ་འཁོར་གྱི་འདེབས་འཛུགས་ཁྱིམ་ཚང་ལ་སྐྱེ་ལྡན་ཞིང་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱས་ནས། འདེབས་འཛུགས་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་བཏང་སྟེ་མཉམ་དུ་ཕྱུག་འགྱུར་ཡོང་བའི་དམིགས་ཡུལ་འགྲུབ་པར་བྱས། དེ་དང་ཆབས་ཅིག ལོ་རེར་ཞིན་ཅེ་ཡུལ་ཚོའི་སྡེ་བ་བཞི་ཡི་ངལ་རྩོལ་ནུས་ཤུགས་སྟོང་གཅིག་ལྷག་ཙམ་ཐག་གཅོད་བྱས་པའི་ཁྲོད་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཀྱིས་བརྒྱ་ཆའི་བཞི་བཅུ་ཡན་ཟིན་ཡོད། སྐྱེ་ལྡན་ཞིང་ལས་འཕེལ་རྒྱས་བཏང་བ་དེས་ཀུང་སིའི་དཔལ་འབྱོར་གྱི་ཕན་འབྲས་ཐོན་པ་མ་ཟད། དེ་དང་ཆབས་ཅིག་མཐའ་འཁོར་མང་ཚོགས་ཀྱི་འདེབས་འཛུགས་ཧུར་སེམས་འཕེལ་བ་དང་སྲོལ་རྒྱུན་རྨོ་འདེབས་ཀྱི་བསམ་བློའི་འདུ་ཤེས་ཀྱང་བསྒྱུར། མིག་སྔར། ཐོན་རྫས་ཧྲིན་ཀྲིན་དང་ཀོང་ཀྲིག ནན་ཅིན། ཁུན་མིང་སོགས་གྲོང་ཁྱེར་ཆེ་འབྲིང་ལ་ཕྱིར་འཚོང་བྱས་པས། ཞིན་ཅེ་སྐྱེ་ལྡན་སྔོ་ཚལ་ཞིང་ཆེན་ཕྱིའི་འཛད་སྤྱོད་པའི་གསོལ་ལྕོག་ཐོག་བསྒྲིགས་ཡོད། ལོ་གཅིག་གི་ནང་སྔོ་ཚལ་སྣ་ཚོགས་ཏུན་སུམ་བརྒྱ་ལྷག་ཙམ་ཐོན་སྐྱེད་བྱས་པ་དང་། ལོ་རེར་ཕྱིར་ཚོང་བྱས་པའི་ཡོང་སྒ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ལྷག་ལེན་གྱིན་ཡོད།

བོད་རིགས་བུ་རྒོད་རྡོ་རྗེ་ཚེ་རིང་གིས་ཞིན་ཅེ་ཡི་ས་ཞིང་གཤིན་པོའི་སྟེང་ཕུགས་འདུན་དོན་གཉེར་བྱེད་བཞིན་ཡོད་ལ། “གསར་གཏོད་གཉིས”ཀྱི་ཤར་རླུང་དང་བསྟུན་ཏེ། ཁོས་སྤྲོ་སེམས་དང་སེམས་ཤུགས་ལ་བརྟེན་ནས་མི་ཚེའི་རིན་ཐང་མཚོན་པ་དང་ཚན་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བའི་ཕུགས་འདུན་དོན་གཉེར་གྱི་གཏམ་རྒྱུད་འབྲི་བཞིན་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།