ད་ལོ་ལོ་ང་དགུ་ལ་སོན་པའི་སྒྲོལ་དགེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་ཆུ་དམར་སྡེ་བའི་མི་རེད། སྔོན་ཆད་ཀྱི་དཀའ་ཁག་ཆེ་བའི་འཚོ་བར་ཕྱིར་དྲན་བྱེད་སྐབས། མོའི་གདོང་ལ་སྡུག་མདོག་ཅིག་ཤར་འདུག
ཆུང་དུས་ནས་རྩྭ་ཆུར་སྙེག་སྟེ་འབྲོག་པའི་འཚོ་བ་རོལ་པ་དང་། ལོ་ངོ་མང་པོའི་རིང་ལ་དབྱར་གྱི་ཆར་བ་དང་དགུན་གྱི་ཁ་བའི་ཁྲོད་ཕྱུགས་ཟོག་གི་རྗེས་འབྲངས་པས་ལུས་ལ་ནད་རིགས་གང་མང་བྱུང་ཡོད། ཕྱུགས་ཟོག་བཅུ་ཁ་ལས་མེད་པའི་ཁར་མི་འདོད་ནད་ཀྱིས་གཙེས་པ་ནི་སྒྲོལ་དགེ་ལ་མཚོན་ན་ལུས་སེམས་གཉིས་ཀྱིས་ཐེག་དཀའ་བའི་སྡུག་བསྔལ་ཆེན་པོ་ཞིག་རེད།
2016ལོར། རུས་ཚིགས་ན་བའི་དབང་གིས་རྩེ་ཁོག་རྫོང་སྨན་ཁང་དུ་ཞག་སྡོད་བྱས་ཏེ་ཉིན་བཅུ་ལྷག་གི་རིང་ལ་སྨན་བཅོས་བྱས་པ་དང་། 2018ལོར། ཕོ་ནད་ཀྱི་དབང་གིས་རྨ་ལྷོ་ཁུལ་ཐོག་ཏུ་སོང་ནས་སྨན་བཅོས་བྱས་ཤིང་དྲག་སྐྱེད་བྱུང་བར་བརྟེན་ནས་རིམ་བཞིན་འཚོ་བ་ཇེ་ལེགས་སུ་སོང་།
སྒྲོལ་དགེ་བཟའ་མི་གང་བོས་ལོ་ངོ་མང་པོར་ཕྱུགས་ལས་རྐྱང་རྐྱང་ལ་བརྟེན་ནས་འཚོ་བ་རོལ་མོད། འོན་ཀྱང་རྩྭ་ས་ཉུང་བས་ཕྱུགས་ལས་ཁོ་ནར་བརྟེན་ན་ཁྱིམ་ཚང་གི་འབྱོར་བ་ཇེ་བཟང་དུ་གཏོང་དཀའ་བ་དང་། གཞན་ད་རུང་བྱིས་པ་ཚོ་སློབ་གྲྭར་སྐྱེལ་བ་སོགས་ཀྱི་ཐད་ནས་ཀྱང་སྟབས་ཧ་ཅང་མི་བདེ་བས་རྡོ་དཀར་མོ་ཞང་དུ་གནས་སྤར་བ་རེད། “ཞང་ཐོག་ཏུ་གནས་སྤར་རྗེས་ཞོར་ལས་རྩག་རྩིག་གཉེར་ཆོག་པས། ཁྱིམ་གྱི་དཔལ་འབྱོར་གནས་ཚུལ་ཡང་ཇེ་བཟང་དུ་གྱུར་པ་དང་། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཁང་པ་གྱན་གསུམ་ལས་ཤིང་། ཁང་མིག་རེ་རེར་མཛེས་སྤྲས་ཀྱང་གང་འཚམ་བྱས་ཡོད་པར་མ་ཟད། འཁྱག་སྒམ་དང་བརྙན་འཕྲིན་སོགས་ཉེར་མཁོའི་ཁྱིམ་ཆས་ཀྱང་ཉོས་པས། འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་སོང་ཞིང་སེམས་ལ་དགའ་སྣང་ཞིག་ངང་གིས་འཁོར་ཡོང”ཞེས་སྒྲོལ་དགེ་ཡིས་དེ་ལྟར་བཤད།
ཡིན་ཡང་ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པའི་དཔེ་བཞིན་ཁོ་མོར་དལ་གཤིས་ནད་རིགས་ཤིག་བྱུང་བའི་དབང་གིས་ལག་པ་འགུལ་སྐྱོད་བྱེད་མི་ཐུབ་པས་ཞོར་ལས་ཀྱི་མཚམས་མི་འཇོག་ཐབས་མེད་བྱུང་། དེ་སྔོན་བསགས་ཡོད་པའི་བསགས་དངུལ་དེ་ཡང་སྨན་རིན་དུ་ཤོར། ཏག་ཏག་སྐབས་དེར་ད་རུང་བུ་མོ་ཆུང་བར་གློ་བུར་དུ་ནད་ཅིག་བྱུང་བས་སློབ་གྲྭ་ནས་ཞག་སྡོད་མི་བྱེད་ཐབས་མེད་བྱུང་བས། འབྱོར་བ་ཇེ་བཟང་དུ་ཡོང་མགོ་རྩོམ་བཞིན་པའི་ཁོ་ཚང་གི་འཚོ་བ་ཡང་བསྐྱར་ཇེ་སྡུག་ཏུ་གྱུར།
དཀའ་ཁག་ལ་འཕྲད་དུས་ཤ་ཉེ་རིང་ལས་གཞན་ཁོ་མོར་རྒྱབ་བརྟེན་ཞིག་ཡོད་པ་ནི་ཏང་དང་སྲིད་གཞུང་རེད། ཞང་སྲིད་གཞུང་དང་སྡེ་སྡོད་ལས་བྱེད་པས་སྒྲོལ་དགེ་ཚང་གི་གནས་ཚུལ་ལ་གཞིགས་ནས་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གི་གྲས་སུ་བཞག་པར་མ་ཟད། འཚོ་བའི་ཐད་ཀྱི་དཀའ་ཁག་ལ་རོགས་རམ་དང་མཛུབ་སྟོན་གང་ལེགས་བྱས་པ་རེད།
ད་ལོའི་ཟླ་དང་པོར་ཞང་སྲིད་གཞུང་དང་སྡེ་སྡོད་ལས་བྱེད་པའི་རོགས་རམ་འོག ཁོ་མོ་ཞིང་ཆེན་སྨན་ཁང་བཞི་པ་རུ་བསྡད་དེ་ཉིན་ཉི་ཤུའི་རིང་ལ་སྨན་བཅོས་བྱས། “ད་ལྟ་ནད་གཞི་ཇེ་དགའ་རུ་སོང་ཡོད་པས་རྒྱུན་ལྡན་གྱི་འགུལ་སྐྱོད་བྱེད་ཐུབ། སྨན་རིན་ལ་སྒོར་ཁྲི་ལྔ་ལྷག་ཤོར་བ་དང་། སྲིད་གཞུང་གིས་དེའི་ཁྲོད་ཀྱི་བརྒྱ་ཆའི་དགུ་བཅུ་ཡན་རྩིས་སྤྲོད་བྱས་པས་སེམས་ཁུར་ཆེན་པོ་མེད”ཅེས་གདོང་ལ་དགའ་སྤྲོའི་མདངས་ཤིག་རྒྱས་བཞིན་བཤད་བྱུང་།
སྲིད་གཞུང་གིས་སྨན་རིན་གྱི་ཐད་ནས་རོགས་བྱས་པར་མ་ཟད། ད་རུང་བཟའ་མི་དྲུག་པོར་ལོ་རེར་སྲིད་གཞུང་གི་མ་མཐའི་འཚོ་བའི་ཁ་གསབ་སྒོར་ཁྲི་གཉིས་ལྷག་དང་། སྒོར་བརྒྱད་བརྒྱ་ལྷག་གི་དྲོད་འདོན་རོགས་དངུལ་ཡོད་པས་སྒྲོལ་དགེ་ཡི་འཚོ་བའི་གནོན་ཤུགས་ཇེ་ཡང་དུ་བཏང་།
རྒྱུས་ལོན་པ་ལྟར་ན། མིག་སྔར་རྩེ་ཁོག་རྫོང་གི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་སྣ་ཁྲི་གཉིས་དང་སྟོང་གཅིག་བརྒྱ་དང་གསུམ་སྨན་བཅོས་འགན་སྲུང་ནང་ཞུགས་ཡོད་ལ། དབུལ་ཕོངས་ཁྱིམ་ཚང་གི་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད་པ་དང་། འགྲོ་སོང་རྩིས་ཞུ་བྱེད་པ་བརྒྱ་ཆའི་བརྒྱད་ཅུ་ནས་བརྒྱ་ཆའི་དགུ་བཅུ་ཇེ་མཐོར་བཏང་ཡོད། ཞང་དང་གྲོང་རྡལ་སོ་སོ་རུ་སྨན་བཅོས་འགན་སྲུང་སྲིད་ཇུས་དང་གནད་ཁེལ་དབུལ་སྐྱོར་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ། མང་ཚོགས་ཀྱིས་སྨན་བཅོས་འགན་སྲུང་ལ་རྒྱུས་ལོན་པའི་ཚད་ཇེ་མཐོར་བཏང་བར་མ་ཟད། ལུགས་མཐུན་སྒོས་ཟས་སྤྱོད་དང་སྨན་བཅོས་ཤེས་བྱ་དྲིལ་སྒྲོག་གང་ལེགས་བྱེད་བཞིན་ཡོད།
མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ཡོང་བ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གྲུབ་ཆ་གལ་ཆེན་དང་། སྨན་བཅོས་འགན་སྲུང་གི་ཐད་ནས་གནད་ཁེལ་དབུལ་སྐྱོར་བྱས་པ་དེས་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་པར་འགན་སྲུང་བྱས་ཡོད། ད་ལོ་ནས་བཟུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡིས་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོ་དང་། གོང་རིམ་ལས་སྒོ་ལས་ཁུངས་ཀྱི་སྣེ་ཁྲིད་ཡང་དག་འོག་རྩེ་ཁོག་རྫོང་གི་སྨན་བཅོས་འགན་སྲུང་བྱ་བ་མཐའ་དག་གོ་རིམ་ལྡན་པའི་སྒོ་ནས་སྤེལ། མི་དམངས་དཀྱིལ་སྙིང་ཡིན་པ་རྒྱུན་འཁྱོངས་དང“2020ལོའི་སྨན་བཅོས་འགན་སྲུང་གཙོ་གནད་བཅོས་བསྒྱུར་འོས་འགན”གནད་དུ་བཟུང་སྟེ། སྨན་བཅོས་འགན་སྲུང་གི་བྱ་བ་ལེགས་པར་བསྒྲུབ་པ་དང་། སྨན་བཅོས་འགན་སྲུང་ཐད་ནས་མགོ་སྐོར་གཏོང་བར་རྡུང་རྡེག་གཏོང་བ། དཀའ་ཁག་ཡོད་པའི་མང་ཚོགས་ལ་སྨན་བཅོས་འགན་སྲུང་དངོས་འབེབས་བྱེད་པ། སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་ལམ་ལུགས་ལ་བཅོས་བསྒྱུར་དང་དོ་དམ་ལ་ཤུགས་སྣོན་བྱས་ཏེ་ཞབས་ཞུ་ཇེ་ལེགས་སུ་བཏང་ཞིང་ཕན་འབྲས་མངོན་གསལ་བླངས་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།