ལུག་རྫི་ལྷ་མོ་སྐྱབས་ཀྱི་ཕྱུག་འགྱུར་ལམ་བུ།
2020.10.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 39

ལྷ་མོ་སྐྱབས་ཀྱི་ནང་མི་ཚང་མ་རྫོང་མཁར་དུ་གཞིས་ཆགས་ནས་ད་བར་ལོ་བཞི་སོང་ཞིང་། གྲོགས་པོ་དང་མཉམ་འཛོམས་བྱེད་པའི་སྐབས་སུ་ཁོས་སྐབས་རེ་དགོད་ཁ་སློང་བཞིན་དུ“ང་སྔར་བཞིན་ལུག་རྫི་ཞིག་ཡིན”ཞེས་བརྗོད་ཀྱི་ཡོད།འོན་ཀྱང་གྲོགས་པོ་ཚོས་ཁོས་ངོམ་བཟོ་བྱེད་ཀྱི་འདུག་སྙམ།

ད་ལོ་ལོ་སོ་བཞི་ལ་སླེབས་པའི་ལྷ་མོ་སྐྱབས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གཡུ་སྒང་ཉིན་གྲོང་རྡལ་བྲག་དམར་སྡེ་བ་རུ་ཁག་གཉིས་པའི་ཡིན།  ཆུང་བྱིས་པའི་དུས་ནས་རྩྭ་ཐང་དུ་འཚར་ལོངས་བྱུང་བ་ཞིག་ཡིན་ཞིང་ཁོ་རང་བྱིས་པ་གཉིས་ཀྱི་ཨ་ཕར་གྱུར་རྗེས།  ཉིན་ཞིག་རྩྭ་ཐང་དང་ཁ་བྲལ་དགོས་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད།

2016ལོའི་ལོ་མཇུག་ཏུ་ཁོའི་ནང་མིས་ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་གྱི་སྲིད་ཇུས་ལོངས་སྤྱོད་བྱས་ཏེ་རྩྭ་ཐང་ནས་རྫོང་མཁར་དུ་གནས་སྤོས་རྗེས་ཁོ་ལ་གཅིག་ནས་དགའ་ཚོར་ཞིག་སྐྱེས་པ་དང་གཉིས་ནས་བློ་མི་བདེ་བ་ཞིག་ཀྱང་བྱུང་།

རང་ཉིད་ཀྱིས་སྒོར་མོ་ཁྲི་གཅིག་མ་གཏོགས་སྟེར་མ་དགོས་པར་རྫོང་མཁར་གྱི་ཐོག་ཁང་ནང་དུ་འདུག་ཐུབ་པས་དགའ་ཚོར་ལོས་སྐྱེས། འོན་ཀྱང་རྩྭ་ཐང་དང་ཁ་བྲལ་རྗེས་རང་ཉིད་ལ་ནོར་ལུག་མེད་པས་ནང་མི་ཚོའི་འཚོ་རྟེན་གང་ལ་བཅོལ་དགོས་སམ།  རྩྭ་ཐང་བདག་སྐྱོང་བའི་སྤྱི་ཕན་ལས་གནས་དང་རྩྭ་ཐང་ཁ་གསབ་བྱ་དགའི་ཡོང་འབབ་ཁོ་ནར་བརྟེན་ན་ཕྱུག་པོར་ཆགས་ཐུབ་མིན་སོགས་ཀྱི་གནད་དོན་དེ་ཚོ་རིམ་བཞིན་ཡིད་ལ་འཁོར་དུས། དབང་མེད་དུ་དངངས་འཚབ་ལངས་ཀྱི་འདུག་ཅེས་ལྷ་མོ་སྐྱབས་ཀྱིས་བཤད།

ལྷ་མོ་སྐྱབས་ཀྱི་སེམས་ཁྲལ་དེ་དག་ཡུན་རིང་མ་སོང་བར་རྦད་དེ་ཡལ་སོང་། 2017ལོའི་ལོ་མགོར་ས་གནས་སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་གྱི་ཁྱིམ་ཚང་དབུལ་པོར་དམིགས་ནས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་ཡིན་པའི་སྐོར་གྱི་གནས་ཚུལ་ཐོས་རྗེས། ཁོ་ལ་ཐེ་ཚོམ་སྤུ་ཙམ་མེད་པར་མིང་ཐོ་བཀོད་པ་རེད།

ལྷ་མོ་སྐྱབས་ཀྱིས་བདམས་པའི་གསོ་སྦྱོང་རྣམ་གྲངས་ནི་ཁང་པ་མཛེས་བཟོའི་ལག་རྩལ་གསོ་སྦྱོང་རྣམ་གྲངས་རེད། འོན་ཀྱང་ད་བར་འབྲོག་ལས་ཁོ་ན་ལས་མི་ཤེས་པའི་འབྲོག་པ་ཞིག་གི་ངོས་ནས་བརྗོད་ན། ཁང་པ་མཛེས་བཟོའི་ལས་ཀ་དེ་སྟབས་བདེ་མོ་ཞིག་ག་ལ་ཡིན།

དང་ཐོག་ལས་སླ་ཤོས་ཀྱི་རྒྱན་སྤྲས་རྒྱུ་ཆའང་ངོ་ཤེས་ཀྱི་མེད་པས་དཔེ་རིས་སོགས་ལ་དེ་བས་ལྟ་ག་ལ་ཤེས། དེ་བས་གསོ་སྦྱོང་མགོ་ཚུགས་མ་ཐག་ཕྱིར་བཤོལ་བྱ་རྒྱུའི་བསམ་བློ་ཡང་སྐྱེས་མྱོང་མོད། ཡིན་ནའང་མཐར་རང་ཉིད་ཀྱིས་རྒྱུན་འཁྱོངས་བྱས་པ་ཡིན་ཞེས་ལྷ་མོ་སྐྱབས་ཀྱིས་གསར་འགོད་པར་བཤད།

མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གཅིག་ཀྱང་མེད་ཅེས་པའི་དཔེ་ལྟར། ཁང་པ་མཛེས་བཟོའི་གསོ་སྦྱོང་འཛིན་གྲྭ་ནས་ཐོན་རྗེས།ལྷ་མོ་སྐྱབས་མཛེས་བཟོ་ཀུང་སི་ཞིག་ཏུ་གླ་བྱེད་པར་ཕྱིན། ཁོས་དེ་གར་ལས་ཀ་བྱེད་ཞོར་དུ་སློབ་སྦྱོང་བྱས་པས་ཁང་པ་མཛེས་བཟོའི་རྒྱུན་ཤེས་ཁོང་དུ་ཆུད་པ་མ་ཟད། ད་དུང་ས་གནས་དེ་གའི་མཛེས་བཟོ་ཁྲོམ་ར་དང་དོ་དམ་ཐད་ཀྱི་ཐབས་ལམ་ཁ་ཤས་ཀྱང་རྙེད་པ་རེད།

2018ལོར་ལྷ་མོ་སྐྱབས་ཀྱིས་ཧི་ནན་རྫོང་ཨལ་ཐན་ཧན་མཛེས་བཟོ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་བཙུགས་བཙུགས་ཤིང་། ལོ་དེ་གཅིག་པུའི་རིང་ལ་ཡོང་འབབ་སྒོར་མོ་ཁྲི་བཞི་བླངས་པ་རེད།

ཀུང་སི་གཉེར་མགོ་ཚུགས་པ་ནས་བཟུང་བྱ་བ་སྣ་ཚོགས་ལེགས་ལམ་དུ་འགྲོ་བཞིན་ཡོད། ན་ནིང་ཀུང་སིས་མི་བརྒྱད་གླས་པ་དང་དེའི་ནང་མི་དྲུག་ནི་སློབ་ཆེན་མཐར་ཕྱིན་སློབ་མ་ཡིན་ཞེས་ལྷ་མོ་སྐྱབས་ཀྱིས་གསར་འགོད་པར་བཤད།

རང་ཉིད་ཀྱི་ཁྱོ་ག་གོམ་པ་རེ་རེ་བཞིན“ལུག་རྫི”ཞིག་ནས་སྦྱིན་བདག་ཆུང་ཆུང་ཞིག་ཏུ་འགྱུར་བ་མཐོང་སྐབས་ལྷ་མོ་སྐྱབས་ཀྱི་ཆུང་མ་པད་མ་མཁའ་འགྲོ་ལས་མེད་བག་ཕེབས་སུ་སྡོད་ག་ལ་ཐུབ། བྱིས་པ་གཉིས་རྫོང་གི་བཅའ་སྡོད་སློབ་གྲྭར་འགྲོ་བཞིན་ཡོད་པས་གཟའ་འཁོར་གཅིག་ལ་ཐེངས་གཅིག་ལ་མ་གཏོགས་ཡུལ་དུ་ལོག་མི་ཐུབ། དེ་བས་ང་ལ་རྒྱུན་དུ་ཁྱིམ་ན་བྱ་བ་མང་པོ་མེད་པས་གསོ་སྦྱོང་འཛིན་གྲྭའི་ནང་ཞུགས་ནས་ལས་ཀ་ཞིག་བཙལ་བར་འདོད་ཅེས་པད་མ་མཁའ་འགྲོས་བཤད།

དེ་ནས་2019ལོར་པད་མ་མཁའ་འགྲོས་ཡུལ་གཞན་དུ་གནས་སྤོར་ཁྱིམ་ཚང་དབུལ་པོར་དམིགས་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་མིང་ཐོ་བཀོད་རྗེས་ཁ་ལོ་བའི་ལག་ཁྱེར་བླངས་པ་རེད།

ཁ་ལོ་བའི་ལག་ཁྱེར་བླངས་རྗེས། སྐབས་ཤིག་རིང་མི་གཞན་ལ་གླ་གཏོང་རླངས་འཁོར་གཏོང་རོགས་བྱས་པ་ཡིན། ད་ལོའི་ཟླ་ལྔ་པར་དབུལ་སྐྱོར་དངུལ་བུན་སྤྱད་དེ་རླངས་འཁོར་ཅིག་ཉོས་པ་དང་། ཟླ་ཤས་རིང་གླ་གཏོང་རྒྱུག་པ་དེས་འགྲོ་སོང་ཚང་མ་ཕུད་རྗེས་ཆ་སྙོམས་ཉིན་རེར་ཡོང་འབབ་སྒོར་ཉིས་བརྒྱ་འདུག་ཅེས་པད་མ་མཁའ་འགྲོས་བཤད།

2016ལོ་ནས་བཟུང་ཧི་ནན་རྫོང་གིས་མང་ཚོགས་དབུལ་བོར་དམིགས་ནས་དུས་ཐུང་གི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་43གཉེར་བ་དང་། དེའི་ཁྲོད་གསོ་སྦྱོང་གི་རྣམ་གྲངས་མི་འདྲ་བ་ཁག11འདུས།  དེའི་རིང་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་བྱས་པའི་མི་གྲངས་སྟོང་གསུམ་ཙམ་ཟིན་པ་དང་། དེའི་ནང་ལྷ་མོ་སྐྱབས་དང་འདྲ་བའི་ལས་གཏོད་ཕྱུག་བསྒྱུར་གྱི་སྣེ་ཁྲིད་པ་མི་སོ་དགུ་ཡོད་ཅེས་ཧི་ནན་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་བྱུང་།

གསོ་སྦྱོང་བྱས་པ་བརྒྱུད་ཡིག་ཚགས་དང་བྱང་བུ་བཟོས་པའི་མང་ཚོགས་དབུལ་བོར་ལག་ཤེས་སྣ་གཅིག་ཁོང་དུ་ཆུད་པར་བྱས་པ་དེ། ་ལས་ཞུགས་གསར་སྐྲུན་བྱེད་ཐུབ་པར་བྱས་ནས་དབུལ་ཐར་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ཚེ།  གཞི་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ནུས་ལྡན་ངང་ཇེ་བརྟན་དུ་གཏོང་ཐུབ་པར་མ་ཟད།  ཞིང་སྡེ་དར་རྒྱས་ལ་སྐུལ་འདེད་སྔར་ལས་ཆེན་པོ་གཏོང་ཐུབ་ཅེས་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས།

ད་ལྟ་ཁང་པ་མཛེས་བཟོའི་ལས་ཀ་བྱེད་བཞིན་པའི་ལྷ་མོ་སྐྱབས་ཀྱིས་རང་ཉིད་ཀྱི་ཁྱིམ་ལ་མཛེས་རྒྱན་ལེགས་པར་སྤྲས་ཏེ་ཁང་པའི་ནང་དུ་དེང་རབས་ཀྱི་ཉམས་སྣང་མངོན་པར་བྱས་ཡོད་པར་མ་ཟད། ད་དུང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ཀྱང་མངོན་པར་བྱས་འདུག དེ་དག་ལས་ཀྱང་ང་ཚོས་གསལ་བོར་མཐོང་བ་ནི་ཁང་པའི་གྱང་ངོས་སུ་བཀལ་བའི་བྱིས་པའི་བྱ་དགའི་དཔང་ཡིག་དེ་དག་དང་དབུལ་ཐར་གཟི་བརྗིད་ཁྱིམ་ཚང་གི་གཟི་བརྗིད་མཚན་སྙན་ལག་ཁྱེར་དེ་རེད།

                                                                                རྩོམ་སྒྲིག་པ། གཡང་འབུམ་རྒྱལ།