སྟོན་མཇུག་གི་རྩྭ་ཐང་དུ་སྔོ་རྩྭ་དག་རིམ་གྱིས་སེར་པོར་གྱུར་ཅིང་ལམ་འགྲམ་གྱི་ཡངས་པའི་ཞིང་ཐང་ཀུན་ཏུ་ནས་འབྲུ་སྔོན་མོའི་མགོ་ལྕོག་ལྡེམ་ལྡེམ་གཡོ། དུས་སྐབས་དེ་དག་ཏུ་སྡེ་བའི་སྨན་པ་སྟག་ལྷ་རྒྱལ་གྱིས་སྨན་སྒམ་ཁུར་ནས་སྡེ་བའི་ཁྱིམ་ཚང་རེ་རེར་ཡར་འགྲོ་མར་འགྲོ་བྱེད་པའི་གཟུགས་བརྙན་དེ་ག་ས་གང་དུ་མཐོང་ཐུབ།
ས་མཐོའི་ཉི་འོད་ཀྱི་ཚ་སྡུག་གིས་མིག་མདུན་གྱི་བོད་རིགས་ཕོ་རྒོད་དེའི་གདོང་བ་སྨུག་པོར་གྱུར་ཅིང་། ཕར་བལྟས་ཚོད་ཀྱིས་ད་ལྟ་ཕོ་ལོ་ཞེ་དྲུག་ཡིན་པའི་སྐྱེས་པ་དེ་ལ་རྒས་ཉམས་ཅུང་ཟད་མངོན་འདུག གསར་འགོད་པའི་བརྙན་མིག་ལ་གདོང་ཕྱོགས་སྐབས། ཁོ་རང་དངངས་འཚབ་ལངས་ནས་རྔུལ་ཆུ་ཐོན་ན་ཡང་ནད་པའི་ནད་གཞི་སྣ་ཚོགས་ལ་ལྟ་སྐབས་སུ་ཁོའི་མིག་ཟུང་དུ་སྟོབས་ཤུགས་དང་ཡིད་ཆེས་ཀྱིས་ཁེངས་འདུག
ལོ་ལོན་ཞིག་གིས་ང་ལ་ཁ་པར་བཏང་ནས་ཁོའི་ལུས་པོ་མི་བདེ་རབས་བཤད་ཀྱི་འདུག ང་ཁོ་རང་ལ་ཅིག་བལྟ་རུ་འགྲོ་དགོས་ཞེས་སྟག་ལྷ་རྒྱལ་གྱིས་གསར་འགོད་པར་དེ་ལྟར་བཤད་ཞོར། ཉན་བརྟག་ཡོ་བྱད་དང་ཁྲག་ཤེད་བརྟག་ཆས། དེ་མིན་རྒྱུན་སྤྱོད་ཀྱི་བོད་སྨན་ཁག་ཅིག་ཁྱེར་ནས་བྲེལ་འཚུབ་ངང་སྡེ་བའི་འཕྲོད་བསྟེན་ཁང་ནས་ཕྱིར་བུད་བྱུང་། ཁོའི་གོམ་འགྲོས་མགྱོགས་པས་གསར་འགོད་པས་རྗེས་དེ་ཙམ་མི་ཆོད་ལ་གནས་དེ་རུ་མགྱོགས་པོར་སོང་ཚེ་དབུགས་གཏོང་ལེན་མང་པོ་བྱེད་དགོས་ཀྱི་འདུག
སྟག་ལྷ་རྒྱལ་སྡོད་སའི་ལྔ་གཅིག་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གྱི་ཉེ་འགྲམ་དུ་ཆགས་ཡོད་པ་དང་ཆ་སྙོམས་ཀྱི་ས་མགོའི་མཐོ་ཚད་རྨིད་སུམ་སྟོང་སུམ་བརྒྱ་ཙམ་ཟིན་གྱི་ཡོད།
ཀྲང་ཧུའེ་ཆིང་གིས་སྔ་ས་ནས་རང་ཁྱིམ་གྱི་སྒོ་རྩར་སྨན་པ་སྟག་ལྷ་རྒྱལ་ལ་བསྒུགས་འདུག བཟའ་ཟླ་ཝང་ལུང་ལ་ཁྲག་ཤེད་མཐོ་བའི་ནད་དང་སྙིང་ནད་ཡོད་ཁར་འགྲོ་འདུག་ཀྱང་སྟབས་བདེ་བོ་མེད་པས་ལོ་འཁོར་མོ་ཡུག་ཏུ་ཉལ་སར་ལྷུང་ཡོད་པར་བརྟེན། ནད་པ་དེ་འདྲ་ནི་སྟག་ལྷ་རྒྱལ་གྱིས་དོ་ཁུར་བྱེད་ས་གཙོ་བོ་ཡིན། ཉིན་འདི་དག་ལ་ངའི་བཟའ་ཟླའི་ལུས་ཕུང་དེ་ཙམ་བདེ་བོ་མི་འདུག སྨན་པ་ཁྱེད་རང་གིས་ཅིག་ལྟ་རོགས”ཞེས་ཀྲང་ཧུའེ་ཆིང་གིས་བཤད།
སྐྱོན་ཆེན་པོ་མི་འདུག ཁྲག་ཤེད་ཀྱང་རྒྱུན་ལྡན་རེད། ངས་བོད་སྨན་ཁ་ཤས་ཁྱེར་ཡོད། ཉིན་གསུམ་ལ་བཏང་ནས་ཕན་མིན་ལ་ལྟོས་དང་ཞེས་སྟག་ལྷ་རྒྱལ་གྱིས་བཤད།
སྡེ་མི་རྣམས་ལ་མགོ་ན་བ་དང་ཚ་བ་རྒྱས་པ་ལྟ་བུའི་མི་བདེ་བ་བྱུང་ཐེངས་རེར་སྡེ་བའི་སྨན་པ་སྟག་ལྷ་རྒྱལ་ཡིད་ལ་འཁོར་གྱི་ཡོད་པ་རེད། གྲང་རླུང་འུར་འུར་དུ་ལྡང་བ་དང་ཁ་ཆར་བུ་ཡུག་ཇི་འདྲ་འཚུབ་རུང་ནད་པའི་སྐད་འབྱོར་དུས་སྨན་པ་སྟག་ལྷ་རྒྱལ་མྱུར་དུ་ཐོན་བཞིན་ཡོད་པ་རེད།
སྟག་ལྷ་རྒྱལ་གྱིས་རང་ལོ་ཉི་ཤུ་ནས་བཟུང་བོད་ཀྱི་གསོ་བ་རིག་པ་སྦྱངས་པ་དང་། 1996ལོར་ཁོ་རང་དངོས་སུ་སྡེ་བའི་སྨན་པར་གྱུར། སྔོན་ཆད་ལྔ་གཅིག་སྡེ་བའི་སྨན་ཁང་དེ་ཁོ་ཚང་གི་ཁྱིམ་དུ་བཙུགས་ཡོད་པས། སྟག་ལྷ་རྒྱལ་གྱིས་རི་མགོ་ནས་སྨན་རྩྭ་བཏུས་ཏེ་སྨན་སྡེབ་ཀྱི་ཡོད་པར་མ་ཟད། དུས་རྒྱུན་དུ་ཁོས་རྟ་བཞོན་ནས་སྨན་སྒམ་ཁུར་ཏེ་གང་སར་སྨན་བཅོས་བྱེད་དུ་འགྲོ་དགོས་ཀྱི་ཡོད།
མཚམས་ལན་རེར་ཁོ་རང་ཁྱིམ་ཚང་རེ་རེར་སོང་སྟེ་རིམས་འགོག་སྨན་བྱིན་ནའང་ཁྱིམ་བདག་ཚོས་རྟག་ཏུ་ཁ་ཡ་བྱེད་ཀྱི་མེད། བོད་རིགས་མང་ཚོགས་ཀྱིས་སྨན་དེ་ཅི་ཡིན་མི་ཤེས་པས་བྱིས་པར་སྟེར་མི་རུང་ཟེར་གྱི་ཡོད་ཅེས་སྟག་ལྷ་རྒྱལ་གྱིས་གསར་འགོད་པར་བཤད། དེ་ལྟར་ཉིན་གང་བོར་གང་སར་སོང་ཡང་སྨན་ཁ་ཤས་ལས་སྟེར་ཐུབ་ཀྱི་མེད་པས་ཁོས་དེའི་ཐད་ལ་སེམས་ཁྲལ་ཡང་བྱས་མྱོང་།
ད་ལྟ་ལྔ་གཅིག་སྡེ་བའི་སྨན་ཁང་གསར་དུ་བཙུགས་པས་གཙང་སྦྲ་ལེགས་ལ་དཀར་ཆ་དོད་པ་དང་། ནད་བརྟག་ཁང་དང་། བརྟག་དཔྱད་ཁང་། སྨན་རྫས་ཁང་། སྨན་སྡེབ་ཁང་། ཁབ་རྒྱག་ཁང་། འགོག་སྨན་ཁང་། སྤྱི་པའི་འཕྲོད་བསྟེན་ཁང་སོགས་སོ་སོར་ཕྱེས་ཡོད་པ་དང་། སྨན་རྫས་ཁང་དུ་རྒྱུན་སྤྱོད་ཀྱི་ནུབ་སྨན་གྲལ་འགྲིག་པོའི་ངང་བསྒྲིགས་ཡོད་ཁར་ད་དུང་མུ་ཏིག་ཉེར་ལྔ་དང་རྒུན་འབྲུམ་བདུན་པ་སོགས་བོད་སྨན་སྣ་ཁ་བདུན་ཅུ་ལྷག་ཙམ་བསྒྲིགས་ཡོད།
ས་ཆ་དེའི་མི་དམངས་མང་ཚོགས་ལ་སྔར་ལས་ལེགས་པའི་ཞབས་འདེགས་ཞུ་ཆེད། སྟག་ལྷ་རྒྱལ་སྔ་ཕྱིར་མཚོ་ལྷོ་ཁུལ་དང་ཟི་ལིང་གྲོང་ཁྱེར་སོགས་སུ་སོང་ནས་སློབ་སྦྱོང་བྱས་པ་མ་ཟད། དར་མའི་ཆེད་སྦྱོང་འཛིན་གྲྭ་ལ་རྒྱུགས་སྤྲད་ནས་ཞིང་སྡེ་སྨན་པའི་ལས་གཉེར་ལག་ཁྱེར་དང་སྨན་པ་དཀའ་བཅུ་པའི་ལག་ཁྱེར་ཀྱང་བླངས་ཡོད། དེ་ལས་ཀྱང་ཁོ་རང་དགའ་སྤྲོ་སྐྱེ་འོས་པ་ཞིག་ནི་ལོ་འདི་དག་གི་རིང་ལྔ་གཅིག་སྡེ་བར་གོང་རིམ་ནས་སྨན་པ་གཉིས་མངགས་ཡོང་ཡོད་པ་དེ་རེད། ད་ལྟ་ཁོ་ཚོས་མཉམ་གཅིག་ཏུ་ས་ཁུལ་དེའི་ཁྱིམ་ཚང་བཞི་བརྒྱ་ཉེར་གཉིས་ཀྱི་མི་ཆིག་སྟོང་ལྔ་བརྒྱ་བཅུ་བཞི་ཡི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་གཞི་རྩའི་སྨན་བཅོས་ཞབས་ཞུ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ། བདེ་ཐང་དབུལ་སྐྱོར་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།