ས་མགོའི་མཐོ་ཚད་ལ་མུས་ལྔ་སྟོང་བཞི་བརྒྱ་ཡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཟོ་སྐྱ་ཡུལ་ཚོ་འདམ་ཆུ་སྡེ་བ་རུ། ཉེ་སྔོན་བབས་པའི་ཁ་བ་ད་རུང་མ་ཞུ་བར་སྡེ་བ་ཧྲིལ་པོ་ཁ་བ་མཐུག་པོས་གཡོགས་འདུག
སྔ་དྲོའི་དུས་ཚོད་དགུ་ཡི་སྟེང་། ཆོས་མཚོས་ཞོགས་ཟས་ཉུང་ངུ་ཞིག་ཟོས་རྗེས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་སོང་བ་དང་། ཁྱིམ་ཚང་རེ་རེར་སོང་ནས་དབུལ་ཐར་མཁྲེགས་གཏོར་གྱི་ཆེས་མཇུག་མཐའི་གཞི་གྲངས་ལ་ཡང་བསྐྱར་དཔྱད་ཞིབ་བྱེད་པར་གྲ་སྒྲིག་བྱས། མཐོ་སྒང་གི་སྨུག་ཕྱིའི་འོད་ཆེ་བ་དང་དུས་ཡུན་རིང་པོར་སྣ་བར་མཁའ་དབུགས་སྐམ་ནས་སྣ་ཁྲག་བཞུར་བ་སྔོན་འགོག་བྱེད་ཆེད། མོས་ལུས་དང་མགོ་བོ་ཚང་མ་གྱོན་ཆས་དང་དགུན་ཞྭ་མཐུག་པོས་གཡོགས་ཡོད་པའི་ཁར། གདོང་ལའང་ཁ་ཐུམ་མཐུག་པོ་ཞིག་བརྒྱབ་སྟེ་ངོ་གདོང་ཡོངས་སུ་བཏུམ་འདུག
“དབུལ་ཐར་མཁྲེགས་གཏོར་ནི་ཆབ་སྲིད་ཀྱི་ལས་འགན་ཡིན་པ་དང་། དབུལ་ཕོངས་སེལ་བ་ནི་སེམས་ཁོང་གི་རེ་འདུན་ཡིན་ལ། མང་ཚོགས་དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུ་ནི་བརྩེ་བ་ཆེན་མོ་ཡིན”ཞེས་འདམ་ཆུ་སྡེ་བའི་སྡེ་སྡོད་ལས་བྱེད་པར་བདམས་པའི་ལོ་ངོ་གཉིས་རིང་གི་བྱ་བ་གླེང་སྐབས། ཆོས་མཚོས་གནད་ཁེལ་དབུལ་སྐྱོར་གྱི་བྱ་བར་བཅངས་པའི་དམིགས་བསལ་གྱི་བརྩེ་བ་དེ་དེ་ལྟར་སྐད་ཆ་ཚིག་འགའ་ཡི་ནང་དུ་བསྡུས་བྱུང་ལ། དེ་ནི་མོས་འདམ་ཆུ་སྡེ་བའི་དབུལ་ཕོངས་ཀྱི་རྣམ་པ་མཐོང་རྗེས། སྙིང་ཁོང་རུས་པའི་སྟེང་ནས་བཞག་པའི་དམ་བཅའ་ཡང་རེད།
ཆོས་མཚོ་ནི་འབྲི་སྟོད་རྫོང་ནོར་སྲིད་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡིན་པ་དང་། མོ་རང་སྡེ་བར་སྡོད་པའི་ཉིན་དང་པོར། མོས་རང་ཉིད་ལ་ཟིན་བྲིས་འགོད་བྱེད་ཀྱི་འབྲི་དེབ་མཐུག་པོ་ཞིག་ཉོས་པ་དང་། སྡེ་སྡོད་བྱ་བའི་ཚན་ཆུང་རྩ་འཛུགས་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་རིམ་པ་སོ་སོའི་སྡེ་ཁག་གི་འགོ་ཁྲིད་ཀྱིས་གནད་ཁེལ་དབུལ་སྐྱོར་བྱེད་སྟངས་ཐད་ནས་བཏོན་པའི་བླང་བྱར་ཞིབ་འཇུག་ཡང་ཡང་བྱས།“བསམ་བློ་ནི་འགུལ་སྐྱོད་ཀྱི་སྣེ་ཁྲིད་པ་ཡིན་པས། དབུལ་སྐྱོར་བྱ་བ་ལེགས་པོར་བསྒྲུབ་དགོས་ན། ཐོག་མར་བསམ་བློའི་སྟེང་དུ་དབུལ་སྐྱོར་རིགས་ལམ་ཆ་ཚང་ཞིག་ཆགས་སུ་འཇུག་དགོས། དེ་ལྟར་བྱས་ན་ད་གཟོད་འདམ་ཆུ་སྡེ་བའི་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ།”
འདམ་ཆུ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང“གནད་ཁེལ་དབྱེ་འབྱེད”བྱེད་རྒྱུ་ནི་ཞིབ་ཚགས་ལྡན་ཞིང་རྙོག་དྲ་ཆེ་བའི་བྱ་བ་ཞིག་ཡིན་མོད། འོན་ཀྱང་དེ་ནི་སྡེ་སྡོད་བྱ་བའི་ངེས་སྦྱོང་སློབ་ཚན་ཞིག་ཀྱང་ཡིན་པས། བརྩེ་བ་ཟབ་མོ་བཅངས་ནས་སྡེ་བར་བསྡད་ན་ད་གཟོད་ཕན་ཚུན་གྱི་སེམས་པ་ཡོངས་སུ་འདྲེས་ཐུབ། “སྔོན་ཆད་སྡེ་བར་སྡོད་པ་དང་ཁྱིམ་ཚང་དུ་སོང་ནས་བྱ་བར་རྟོག་ཞིབ་བྱེད་སྐབས། གུང་ཟས་ཀྱི་དུས་ཚོད་ལོངས་རྗེས་སྡེ་བའི་ཨུ་ཡོན་ལྷན་ཁང་དུ་སོང་ནས་ཟ་མ་བཟའ་དགོས། ད་ལྟ་སྔོན་ཆད་དང་མི་འདྲ་བར། མང་ཚོགས་རྣམས་ཀྱི་སེམས་སུ་སྤྲོ་སེམས་ཀྱིས་ཁེངས་ཡོད་པ་དང་། ཁྱིམ་ཚང་དུ་སོང་ནས་ཟ་མ་མ་ཟོས་བར་འགྲོ་རུ་མི་འཇུག་པས། སྡེ་བར་སྡོད་པའི་ཉིན་མོ་ནི་མགྱོགས་ཤིང་སྤྲོ་སྣང་ལྡན་པ་ཞིག་རེད”ཅེས་ཆོས་མཚོས་དེ་ལྟར་བཤད།
ལོ་རབས་བདུན་ཅུའི་རྗེས་སུ་སྐྱེས་པའི་ཆོས་མཚོས་དང་ཐོག་འདམ་ཆུ་སྡེ་བར་རོགས་སྐྱོར་བྱེད་སྐབས་གཙོ་བོ་དངོས་པོའི་སྟེང་ནས་རོགས་སྐྱོར་བྱས་མོད། འོན་ཀྱང་ཅང་མ་འགོར་བར་དངོས་པོའི་རོགས་སྐྱོར་གྱིས་འདམ་ཆུ་སྡེ་བའི་དམངས་སྲོལ་དང་སྡེ་སྲོལ་བསྒྱུར་བའི་ཐད་ནུས་པ་གང་ཡང་འདོན་ཐུབ་ཀྱིན་མེད་པ་ཚོར་བྱུང་། འདམ་ཆུ་སྡེ་བའི་དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་ཞིང་དབུལ་ཕོངས་སུ་གྱུར་པའི་རྒྱུ་རྐྱེན་རྙོག་འཛིང་ཆེ་བས། དངོས་པོའི་རོགས་སྐྱོར་ལ་བརྟེན་ནས་འདམ་ཆུ་སྡེ་བའི་རྣམ་པ་བསྒྱུར་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན།
བསྟུད་མར་ཐེངས་འགའ་ལ་དངོས་པོའི་རོགས་སྐྱོར་བྱས་རྗེས། ཆོས་མཚོས་དུས་ཐོག་ཏུ་དབུལ་སྐྱོར་བྱ་བའི་ཁྲོད་ཀྱི་དཀའ་གནད་དང་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་ཕྱོགས་སྡོམ་བྱས་ཤིང་། སྔོན་ཆད་ཀྱི“འཚམས་འདྲིའི་རང་བཞིན”གྱི་རོགས་སྐྱོར་རྣམ་པ་དེ་གཙོ་ཁྲིད་རང་བཞིན་གྱི་རོགས་སྐྱོར་དུ་བསྒྱུར་ཏེ། དངོས་གཉེར་གསར་འཛུགས་དང་ཕྱུགས་ལས་རིགས་སྒྱུར་རིམ་སྤར། ཐོན་ལས་རོགས་སྐྱོར། བསམ་བློའི་སྣེ་ཁྲིད་སོགས་ཀྱི་རོགས་སྐྱོར་རིགས་ལམ་ཆ་ཚང་ཞིག་བཏོན་པར་མ་ཟད། རོགས་སྐྱོར་བྱ་བའི་ལག་བསྟར་བྱེད་སྟངས་དང་ཇུས་གཞི་འཆར་འགོད། བྱ་བའི་ཁ་ཕྱོགས། དམིགས་འབེན་ལས་འགན་སོགས་གཏན་ལ་ཕབ་སྟེ། དབུལ་ཐར་མཁྲེགས་གཏོར་བྱེད་པའི་ཐད་བསམ་བློའི་རྨང་གཞི་བརྟན་པོ་ཞིག་བཏིངས།
“དབུལ་བོར་རོགས་སྐྱོར་དང་དཀའ་ཁག་ཅན་ལ་རོགས་སྐྱོར། རིགས་ལམ་ཐད་ཀྱི་རོགས་སྐྱོར་བཅས་བྱེད་དགོས།”འདམ་ཆུ་སྡེ་བ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་གནས་སུ་ཡོད་པས། ཁྱིམ་ཚང་རེར་སྐྱེ་ཁམས་སྲུང་སྐྱོབ་མཁན་གཅིག་རེ་ཡོད་པ་དང་།“སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་རིམ་གྱིས་ས་གནས་མང་ཚོགས་ཀྱི་སེམས་སུ་འཇགས་ཡོད། ཁྱབ་ཁོངས་བགོས་ནས་ཕྱུགས་ཟོག་འཚོ་རེས་བྱེད་པ་དང་ཕྱུགས་ཟོག་ལུགས་མཐུན་སྒོས་འཚོས་ཏེ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་གཞིར་བཟུང་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ཡོང་བར་དོ་སྣང་བྱས་ཏེ། དབུལ་ཕོངས་མི་རབས་ནས་མི་རབས་སུ་བརྒྱུད་པ་སྔོན་འགོག་བྱེད་པ་དང་། སྨན་བཅོས་འགན་སྲུང་དང་ཕྱུགས་ལས་འགན་སྲུང་། འཐུང་ཆུའི་བདེ་འཇགས་ཨང་དང་པོར་འཇོག་པ་སོགས་ཀྱི་བྱ་བ་ཡོངས་རྫོགས་རེ་རེ་བཞིན་ཆོས་མཚོའི་ཟིན་བྲིས་སྟེང་བཀོད་དེ། འདམ་ཆུ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་རེ་རེའི་སེམས་སུ་བཞག་ཡོད།
དབུལ་ཐར་མཁྲེགས་གཏོར་གྱི་ཐད“རོགས་སྐྱོར”བྱེད་དགོས་མོད། དེ་བས་ཀྱང་གལ་ཆེ་བ་ནི་རང་སྟོབས་རང་སྤེལ་བྱེད་དུ་འཇུག་རྒྱུ་དེ་རེད། རང་བྱུང་ཆ་རྐྱེན་ཞན་པ་ནས་རེ་བ་ཡོད་པར་གྱུར་པ་དང་། རྗེས་ལུས་ནས་སྔོན་ཐོན་དུ་གྱུར་པའི་འདམ་ཆུ་སྡེ་བས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་ཁྱོན་ཡོངས་ནས་དབུལ་བོ་གཙང་སེལ་བྱེད་པའི་གནད་དོན་ཆེན་མོ་རེ་རེར་ཁ་གཏོད་དགོས་པས། ཆོས་མཚོ་ལྟ་བུའི་སྡེ་སྡོད་ལས་བྱེད་པ་ཡོངས་ཀྱི་བྱ་སྤྱོད་བཟང་པོ་ནི་གྲངས་འབོར་ལ་བརྟེན་ནས་མཚོན་མི་ཐུབ་པར། ཁོ་ཚོའི་དཀའ་སྤྱད་འབད་བརྩོན་གྱི་གྲིབ་གཟུགས་འདམ་ཆུ་སྡེ་བ་དར་རྒྱས་སུ་འགྲོ་བཞིན་པའི་ལས་དོན་སྣ་ཚོགས་ཀྱི་ཁྲོད་དུ་སིམ་འདུག འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རིམ་གྱིས་ཇེ་མཐོར་འགྲོ་བཞིན་ཡོད་ལ། སྐྱིད་སྣང་ཀྱང་ལོ་རེ་ལས་ལོ་རེར་ཇེ་མཐོར་འགྲོ་བཞིན་ཡོད།
སྡེ་བའི་ནང་གི་ཆོས་མཚོ་འདུག་སའི་སྡོད་ཁང་ནང་དུ་འདམ་ཆུ་སྡེ་བའི་ས་ཁྲ་ཞིག་ཡོད་པ་དང་། མོས་རྒྱུན་དུ་མདུན་གྱི་ཅོག་ཙེར་འཁེན་ནས་ས་ཁྲ་དེར་ཡུན་རིང་ལྟ་དགོས་བྱུང་། དེ་ནི་མོའི་སེམས་སུ་དུས་དང་རྣམ་པ་ཀུན་ཏུ་འདམ་ཆུ་སྡེ་བའི་ཁྱིམ་ཚང་ཡོད་ཚད་དབུལ་ཕོངས་ལས་ཐར་ཏེ། ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་དུ་འཇུག་དགོས་པར་འདོད་ཡོད་པས་རེད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།