ཞིང་སྡེ་དར་སྤེལ་གཏོང་བའི་སྣེ་ཁྲིད་མཁན།
2020.12.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 44

—རྐང་ཚ་རྫོང་ཁྱོན་རྒྱས་ཡུལ་ཚོ་ཉིན་ཞྭ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོ་ཡི་གནས་ཚུལ་བཀོད་པ།

སྲོལ་རྒྱུན་གྱི་ཕྱུགས་ལས་གསོ་སྤེལ་ལས་རིགས་ཀྱི་དཀའ་གནས་ནས་ཐར་ཏེ་སྐྱེ་ཁམས་ཕྱུགས་ལས་ཀྱི་བསམ་ཕྱོགས་བཀག་རྒྱ་ཡོངས་སུ་གཏོར་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་དེ་ཡང་སྔར་ལས་ཇེ་བཟང་དུ་འགྱུར་བཞིན་ཡོད། སྔོན་ཆད་མ་དངུལ་མེད་པ་དང་ལས་གཞི་མེད་པའི་རྒྱང་རིང་ལུང་ཁུག་གི་གྲོང་སྡེ་ཆུང་ཆུང་དེ་དེང་སང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཡིད་རྟོན་འཛུགས་སྐྲུན་གྱི་སྔོན་ཐོན་སྡེ་བ་རུ་གྱུར་ཟིན། རྐང་ཚ་རྫོང་ཁྱོན་རྒྱས་ཡུལ་ཚོ་ཉིན་ཞྭ་སྡེ་བའི་འཕོ་འགྱུར་ཆེན་པོ་ནི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོ་ཡིས་སེམས་ཤུགས་ཡོད་རྒུ་བཏོན་པ་དང་ཁ་འབྲལ་ཐབས་ཡེ་ནས་མེད།

ཚེ་བྷོ་ནི་མཚོ་སྔོན་པོའི་འགྲམ་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ངོ་མ་ཞིག་ཡིན་པ་དང་། མི་རབས་ནས་མི་རབས་བར་ཕ་ཚ་བུ་རྒྱུད་ཚང་མས“རྩྭ་ཆུའི་རྗེས་སུ་བསྙེགས་པ”ཡི་འབྲོག་པའི་འཚོ་བ་རོལ་བཞིན་ཡོད།

ལོ་ངོ་མང་པོའི་རིང་ཆགས་པའི་སྲོལ་རྒྱུན་གྱི་ཕྱུགས་རིགས་འཚོ་བའི་ཐོན་སྐྱེད་བྱེད་སྟངས་དེའི་དབང་གིས་ཉིན་ཞྭ་སྡེ་བའི་རྩྭ་ར་ནམ་རྒྱུན་གྱི་ཐེག་ཚད་ལས་བརྒལ་བ་དང་། སྔོ་ཁེབས་ཇེ་ཞན་དུ་སོང་ཡོད་ལ། རྩིང་ཞིང་རགས་པའི་གཉེར་སྐྱོང་བྱེད་སྟངས་དེས་ཀྱང་ས་གནས་དེ་གའི་ཕྱུགས་ལས་ཐོན་སྐྱེད་ཀྱི་ཕན་འབྲས་ཇེ་དམའ་རུ་བཏང་ཡོད། དེ་དག་ཐམས་ཅད་ཀྱིས་སྐབས་ཐོག་དེར་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡིན་པའི་ཚེ་བྷོ་ལ་བྲེལ་འཚུབ་ཆེན་པོ་ཞིག་སློང་གིན་ཡོད།

སྟེས་དབང་གི་གོ་སྐབས་ཤིག་ལ་བརྟེན་ནས། ཚེ་བྷོ་ཡིས་རང་ཞིང་གིས་ད་ལྟ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བཞིན་པའི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གསོ་སྤེལ་ཐད་ལ་རྒྱུས་ལོན་གསལ་པོ་ཞིག་བྱས་རྗེས། ཁོས་དེ་ནི་ཉིན་ཞྭ་སྡེ་བར“མི་རྩྭ་ཕྱུགས་གསུམ”གྱི་འགལ་ཟླ་སེལ་བར་བྱེད་པའི་གོ་སྐབས་ཤིག་ཡིན་པར་སྙམ། 2010ལོར་ཁོས་སྡེ་བའི་ནང་གི་ཞུགས་འདོད་པའི་འབྲོག་པ་ཁྱིམ་ཚང་འགའ་ཤས་ལ་སྣེ་ཁྲིད་དེ། ཐོན་སྐྱེད་མཉམ་ལས་ཁང་བཙུགས་པར་མ་ཟད། སྡེ་བ་ཡོངས་ཀྱི་འབྲོག་པ་རྣམས་ལ་སྣེ་ཁྲིད་དཔེ་སྟོན་བྱས་པ་རེད།

ཅུང་མ་འགོར་བར་ཐོན་སྐྱེད་མཉམ་ལས་ཁང་གི་དོ་དམ་བྱེད་སྟངས་ལ་ཕན་འབྲས་མངོན་གསལ་ཐོན་པ་དང་། ལོ་གསུམ་ཡང་མ་འགོར་བར་སྡེ་བ་ཡོངས་ཀྱི་མང་ཚོགས་ཚང་མ་མ་རྐང་ལམ་ལུགས་ཀྱི་མཉམ་འབྲེལ་བདག་གཉེར་ཚན་ཆུང་ནང་དུ་ཞུགས་ནས། གཞི་ཁྱོན་ལྡན་པའི་ངང་དགུན་དཔྱིད་རྩྭ་ར་འཁོར་རྒྱུག་བྱེད་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་པ་དང་། མོ་ཕྱུགས་ཐོན་སྐྱེད་ཀྱི་བསྡུར་ཚད་བརྒྱ་ཆའི་བརྒྱད་ཅུ་ཡན་དུ་སླེབས་ཤིང་། ཕྱུགས་ཕྲུག་སྐྱེ་འཕེལ་ཚད་བརྒྱ་ཆའི་དགུ་བཅུ་ཡན་དུ་སླེབས།

2014ལོར། ཚེ་བྷོ་ཡིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་འཁུར་མགོ་བརྩམས་པ་དང་། ཁོས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་སྡེ་བ་དང་རྒྱལ་ཡོངས་ཀྱི་རྩྭ་སའི་ཕྱུགས་ལས་ཚོད་ལྟའི་སྡེ་བ་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་མཉམ་དུ་འཕེལ་རྒྱས་གཉེར་བ་དང་ལེགས་བསྡུས་ཞིབ་གཉེར་གྱིས་བདག་གཉེར་བྱས་པས། སྡེ་བ་ཡོངས་ཀྱི་ཕྱུགས་ལས་ཐོན་སྐྱེད་ཀྱི་དཔལ་འབྱོར་ཕན་འབྲས་མངོན་གསལ་སྒོས་མཐོར་འདེགས་བྱུང་། 2017ལོར་མཉམ་ལས་ཁང་གིས་ཁེ་སྤོགས་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་གཅིག་ལྷག་བགོས་པ་དང་། 2018ལོར་ཁེ་སྤོགས་སྒོར་ས་ཡ་གཉིས་དང་འབུམ་བཞི་ཁྲི་གསུམ་ལྷག་བགོས་ཤིང་། 2019ལོར་ཁེ་སྤོགས་སྒོར་ས་ཡ་གཉིས་དང་འབུམ་བདུན་ཁྲི་གསུམ་ལྷག་བགོས་པས། ཉིན་ཞྭ་སྡེ་བའི་སྡེ་དམངས་ལ་ཡོང་སྒོ་འཕར་སྣོན་དང་ཕྱུག་སྒྱུར་གྱི་ལམ་བུའི་ཐོག་ངར་ཤུགས་ལྷག་ཏུ་འཕེལ་ཡོད།

“སྔོན་ལ་ཕྱུག་པོ་གྱུར་མཁན་གྱིས་རྗེས་སུ་ཕྱུག་པོ་གྱུར་མཁན་ལ་སྣེ་ཁྲིད་པ་དང་ཐུན་མོང་གིས་མི་སྒེར་ལ་རོགས་རམ་བྱས་ཚེ། ང་ཚོའི་སྡེ་བར་ད་གཟོད་འཕེལ་རྒྱས་ཆེན་པོ་ཡོང་ཐུབ”ཅེས་ཚེ་བྷོས་དེ་ལྟར་བཤད་ཅིང་དེ་ལྟར་བསྒྲུབས།

ཁོའི་སྣེ་ཁྲིད་འོག་ཏུ་སྡེ་བ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱིས་མ་དངུལ་སྒོར་འབུམ་གཅིག་དང་སྟོང་དྲུག་ཙམ་གྱི་རོགས་རམ་ཞལ་འདེབས་བརྒྱབ་ནས་མ་མོ་མང་པོ་ཞིག་ཉོས་ལ། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་ཐོན་སྐྱེད་འཕེལ་རྒྱས་གཏོང་རོགས་བྱས། 2017ལོར་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་བཅུ་གསུམ་གྱི་མང་ཚོགས་དབུལ་པོ་ཞེ་བཞི་ཙམ་དབུལ་ཕོངས་ལས་རྦད་དེ་ཐར་བྱུང་ལ། སྤྱི་ཡོངས་ནས་དབུལ་ཐར་མངོན་འགྱུར་བྱུང་།

ད་ལྟ། ཉིན་ཞྭ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཧ་ཅང་ཡག་པོ་འདུག དེ་ནི་ཚེ་བྷོ་ཡིས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་འཕར་དུ་བཅུག་ཡོད། 2013ལོར་ཉིན་ཞྭ་སྡེ་བའི་སྤྱི་སྤྱོད་རྩྭ་ས་ཁག་གཅིག་གཞུང་ལ་བསྡུས་ནས་ལྕགས་ལམ་བསྐྲུན་པས། སྡེ་བར་ཁ་གསབ་སྒོར་མོ་འབུམ་ལྔ་ཐོབ། ཚེ་བྷོ་ཡིས་ཀྲི་པུའུ་ཧྲུའུ་ཅི་རྒན་པ་བཙལ་ནས་གྲོས་བྱས་པ་དང་། སྡེ་བའི་ནང“གྲོས་མོལ་གསུམ་དང་བརྡས་ཐག་གཅོད་པ་གཅིག”བྱས་མཐར། རྫོང་མཁར་ནས་ཚོང་ཁང་བརྒྱད་ཉོ་སྒྲུབ་བྱས། དེའི་རྗེས་ཀྱི་ལོ་ཤས་རིང་ལ། ཚེ་བྷོ་ཡི་སྣེ་ཁྲིད་འོག་ཏུ། ཉིན་ཞྭ་སྡེ་བས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་བཟོ་འགོད་ལ་བརྟེན་ནས། གཅིག་འཕྲོར་གཅིག་མཐུད་སྒོས་རྐང་ཚ་རྫོང་མཁར་དུ་ཚོང་ཁང་བརྒྱད་དང་། ཚོང་སྡོད་ཐོག་ཁང་གཉིས་ཉོས་པས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྟོབས་ཤུགས་ཉིན་རེ་བཞིན་ཆེ་རུ་ཕྱིན་པ་དང་། 2019ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་འབུམ་གསུམ་དང་ཁྲི་གཉིས་སྟོང་བདུན་ལྷག་ལ་སླེབས།

དུས་མཚུངས་སུ། ཚེ་བྷོས་ཀྱང་ཐུན་མོང་གི་རྒྱུ་ནོར་དོ་དམ་ཡག་པོ་དང་བེད་སྤྱོད་ལེགས་པོ་བྱེད་པའི་ཐད་ལ་ཐབས་ཤེས་ཡོད་རྒུ་བཏོན་པ་རེད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐོབ་ཆ་སྤྱད་དེ་སྡེ་མིའི་རྒན་གསོའི་ཉེན་ཚབ་དང་སྨན་བཅོས་ཉེན་ཚབ་ཁག་གཅིག་སྔ་འདོན་བྱས་ནས། སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་ཁེ་ཕན་ཁག་ཐེག་འགན་ལེན་བྱས་ལ། སྡེ་དམངས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུར་ཡང་གཞན་བརྟེན་གྱི་བསམ་པ་སྐྱེ་རུ་འཇུག་གིན་མེད།

ཚེ་བྷོ་ཡིས་ལས་འགན་ཁུར་པའི་ལོ་ངོ་བཅོ་ལྔ་ཡི་རིང་ལ། ཉིན་ཞྭ་སྡེ་བར་དངོས་གནས་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་བྱུང་ཡོད། 2005ལོར། ཚེ་བྷོ་ཡིས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་མ་ཐག ཉིན་ཞྭ་སྡེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཧ་ཅང་ཞན་པ་དང་། ལས་འགན་ཁུར་རྗེས་ཁོས་སྒྲུབ་འདོད་པའི་དོན་དག་དང་པོ་ནི་སྡེ་མིར་གློག་འཐེན་རྒྱུ་དེ་རེད།

སྐབས་དེར། ཉིན་ཞྭ་སྡེ་བ་ནི་རྒྱང་རིང་ལུང་ཁུག་ཏུ་གནས་པ་དང་། སྙན་གྲགས་ཅི་ཡང་མེད་ལ། མ་དངུལ་དང་ལས་གཞི་ཡང་མེད་པས། སྡེ་མི་ཚང་མ་གློག་བཀོལ་ཏུ་འཇུག་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། ལས་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་ཚོས་སྣེ་ཁྲིད་དེ་འཆར་འགོད་བཟོ་བ་དང་དཔེ་རིས་ལ་བལྟ་བ། མཉམ་དུ་ལྟ་སྐུལ་བྱས་པ་དང་། གློག་སྡོང་སྐྱེལ་འདྲེན་བྱེད་པ་ནས་ས་དོང་བརྐོ་བ་དང་ས་དོང་བསུབ་པའི་བར་གྱི་གོ་རིམ་རེ་རེ་ཚང་མར་ཚེ་བྷོ་ཡིས་ཚན་ཁག་གི་ཁོངས་མིར་སྣེ་ཁྲིད་ནས་ལེགས་འགྲུབ་བྱས་པ་རེད། སྐོར་གཉིས་པའི་གློག་སྡོང་སྐྱེལ་འདྲེན་བྱེད་པའི་བརྒྱུད་རིམ་ནང་། དབོར་འདྲེན་གྱི་འགན་ཁུར་པའི་རླངས་འཁོར་གཅིག་མ་གཏོགས་མེད་པས། ཁོས་གློག་སྡོང་བོར་བརླག་འགྲོ་བར་དོགས་ནས། རང་ཉིད་ཀྱིས་གློག་སྡོང་གི་ཉེ་འགྲམ་དུ་བསྲུངས་ནས་བསྡད།

2016ལོར། སྡེ་བའི་ཁྱིམ་ཚང་ཚང་མར་གློག་ཐོན་པ་དང་། གློག་དྲ་ཆེ་གྲས་ཀྱིས་ཁེབས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཏེ། ཉིན་ཞྭ་སྡེ་བ་ཡང་ཞིང་ཆེན་ཡོངས་སུ་གློག་འཐེན་པའི་ཚད་བརྒྱ་ཆའི་བརྒྱ་ཟིན་པའི་ཕྱུགས་ལས་སྡེ་བའི་གྲས་སུ་གྱུར་ཡོད། མིག་སྔར། ཉིན་ཞྭ་སྡེ་བའི་སྡེ་བ་རིམ་པའི་བགྲོད་ལམ་ཤར་གཏོང་ཚད་དང་གློག་དྲ་ཆེ་གྲས་ཀྱི་ཁེབས་ཚད། བར་བཅད་དྲ་རྒྱའི་ཁེབས་ཚད། མང་ཚོགས་ཀྱི་སྡོད་ཁང་དང་དེ་མིན་བདེ་འཇགས་ངང་ཆུ་བཀོལ་བ་ཚང་མའི་ཚད་བརྒྱ་ཆའི་བརྒྱ་ལ་ཟིན་ཡོད།

འོད་ཆེམ་ཆེམ་དུ་འཕྲོ་བའི་མཚོ་སྔོན་པོས། ཉིན་ཞྭ་སྡེ་བའི་དགའ་འོས་པའི་འགྱུར་ལྡོག་བདེན་དཔང་བྱས་ཡོད་ལ། ཚེ་བྷོ་ཡིས་སེམས་ཤུགས་བཏོན་པའི་བྱ་བ་ཐམས་ཅད་ཀྱང་བདེན་དཔང་བྱས་ཡོད།

“ད་སྐབས་ང་ཚོའི་ཕྱུག་འགྱུར་ལམ་བུ་ཇེ་ཡངས་ནས་ཇེ་ཡངས་སུ་ཕྱིན་པ་དང་། མང་ཚོགས་ཀྱི་བདེ་སྐྱིད་ལྡན་ཚད་ཀྱང་ཇེ་མཐོ་ནས་ཇེ་མཐོར་ཕྱིན་ཡོད་པས། ཏང་གི་འགོ་ཁྲིད་འོག་ཏུ་ང་ཚོའི་སྡེ་བ་སྔར་བས་འབྱོར་ཕྱུག་ལྡན་པ་དང་། མང་ཚོགས་ཀྱང་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་པར་ང་རང་ཡིད་ཆེས་ཡོད”ཅེས་ཚེ་བྷོ་ཡིས་ཚིག་ཐག་ཆོད་པོའི་ངང་དེ་ལྟར་བཤད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།