འབྱོར་ཕྱུག་ལམ་ཆེན་དུ་སྐྱོད་པའི་སྲོལ་རྒྱུན་བོད་ལྷམ་གྱི་རྡོག་སྒྲ།
2020.12.16 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 43

 ཉེ་སྔོན།  གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཆུ་ཁོག་ཡུལ་ཚོ་ལྕང་སྐྱ་སྡེ་བར་སོང་སྟེ་ས་དེ་གའི་བོད་ལྷམ་བཟོ་བའི་གནས་ཚུལ་དང་དེའི་ལོ་རྒྱུས་སྐོར་ལ་རྒྱུས་ལོན་རགས་ཙམ་བྱས།

ལྕང་སྐྱ་སྡེ་བ་ལ་ཟློས་གར་གྱི་ཕ་ས་དང་བོད་ལྷམ་གྱི་ཕ་ས་ཞེས་པའི་མཚན་སྙན་ལྡན་ལ། གནའ་ནས་བཟུང་བོད་ལྷམ་བཟོ་བའི་སྲོལ་རྒྱུན་ཡོད་པས་ད་ལྟའི་བར་དུ་ལོ་ངོ600ལྷག་གི་ལོ་རྒྱུས་ལྡན། མདོ་སྨད་ཕྱོགས་ནས་མིང་དུ་གྲགས་པའི་བོད་ལྷམ་བཟོ་བའི་སྡེ་བ་ཞིག་ཡིན། ལྕང་སྐྱ་སྡེ་བས་བཟོས་པའི་སྲོལ་རྒྱུན་བོད་ལྷམ་ལ་རྐང་བར་ཡང་ཞིང་བདེ་ལ་དྲོ་བ་དང་། བརླན་འགོག་པ། བཀོལ་ཡུན་རིང་བ་སོགས་ཀྱི་ཁྱད་ཆོས་ལྡན་ལ། ལག་བཟོ་རྐྱང་བ་ལ་བརྟེན་པ་ཡིན་པས་མི་རྣམས་ཀྱི་དགའ་བསུ་ཚད་མེད་ཐོབ་བཞིན་ཡོད། མཚོ་སྔོན་དང་ཀན་སུའུ། བོད་ལྗོངས། སི་ཁྲོན། ཡུན་ནན་སོགས་ཀྱི་ས་གནས་སུ་སྙན་གྲགས་ཆེ།

ལྕང་སྐྱ་བོད་ལྷམ་གྱི་བཟོ་དབྱིབས་མཛེས་ཤིང་རྣམ་པ་ཕུན་སུམ་ཚོགས་པར་མ་ཟད། ད་དུང་ཡུན་རིང་ལ་གོན་ནའང་ཚུགས་ཀ་སྔར་བཞིན་མི་འགྱུར་བས་ཐོན་སྐྱེད་བྱེད་པའི་གོ་རིམ་ཁྲོད་རྒྱུ་ཆ་ལེགས་བདམས་དང་ལས་སྣོན་ཞིབ་ཚགས་ལྡན་པའི་གདོད་མའི་བཟོ་རྩལ་དང་ཁ་འབྲལ་ཐབས་མེད། ཐོག་མར་ལྷམ་བཟོ་བྱེད་ཀྱི་ཀོ་བ་དྲས་ནས་རྩིད་པ་ལེན་དགོས་པ་དང་། དེ་ནས་ཆུ་ནང་སྦངས་ཏེ་སྙི་མོར་གཏོང་དགོས་ལ། དེའི་རྗེས་སུ་རྡོ་ཐལ་དཀར་པོ་ཀོ་བའི་སྟེང་མཉེད་དེ་ཐག་པས་དམ་པོར་བསྡམས་ནས་སྣོད་ཅིག་ཏུ་བཞག་སྟེ། ཉིན་བཅོ་ལྔའི་རྗེས་སུ་ཀོ་བའི་སྟེང་གི་རྩིད་པ་ཚང་མ་གཙང་མར་ལེན་དགོས་ལ། ཆུ་གཙང་མའི་ནང་དུ་བཞག་ནས་རྡོ་ཐལ་དཀར་པོ་བཀྲུ་དགོས། རྙོག་འཛིང་ལྡན་པའི་གོ་རིམ་རབ་དང་རིམ་པ་བརྒྱུད་རྗེས་ལྷམ་བཟོ་བྱེད་ཀྱི་ཀོ་བ་སྙི་མོར་གྱུར་ན་ད་གཟོད་ལྷམ་བཟོ་ཐུབ། ཀོ་བ་ཧྲིལ་བོ་ལྷམ་གྱི་ཆེ་ཆུང་ལྟར་དྲས་ཏེ་ར་མའི་པགས་པ་ལས་གྲུབ་པའི་སྐུད་པས་བཙེམ་དགོས་ཤིང་། ལྷམ་གྱི་མཐིལ་དང་ངོས་ནི་ནོར་ཀོ་ཡིན་ལ། ནོར་ཀོ་རིམ་པ་འགའ་བཙེམ་དགོས་པས་ལས་ཚེགས་ཧ་ཅང་ཆེ། ལྷམ་གྱི་སྣ་ནི་ད་དུང་ཀོ་ལྤགས་ཀྱིས་མཛེས་པར་བརྒྱན་པ་དང་། ལྷམ་སྣ་མི་འདྲ་བར་བཟོ་བའི་ཐབས་ལམ་ཀྱང་མི་འདྲ། ལྕང་སྐྱ་བོད་ལྷམ་ནི་ཞིབ་ཆ་ལྡན་ཞིང་མཛེས་སྡུག་ལྡན་ལ། སྤྱོད་སྒོ་ཆེ་བ། རོང་འབྲོག་པའི་མང་ཚོགས་ཚོས་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་འོག་ཏུ་ཐོན་སྐྱེད་དང་འཚོ་བ་རོལ་བའི་དགོས་མཁོ་དང་མཐུན་པ་ཞིག་ཡིན།

ལག་ཤེས་རྐྱང་རྐྱང་ལ་བརྟེན་ནས་བཟོས་པའི་བོད་ལྷམ་ཞིག་བཟོ་བར་དུས་ཡུན་ཟླ་གཅིག་ལྷག་དགོས་པ་དང་། སྔོན་ཆད་སྟོན་བསྡུས་ཚར་རྗེས་སྡེ་བའི་ནང་གི་ཁྱིམ་ཚང་རེ་རེས་ལྷམ་བཟོ་བའི་ལས་ལ་བྲེལ་ཞིང་། ལྷམ་བཟོས་ཚར་རྗེས་རྒན་པ་རྣམས་ཉེ་འགྲམ་གྱི་ས་ཁུལ་དུ་ལྷམ་འཚོང་བར་འགྲོ་དགོས། འོན་ཀྱང་། ལོ་འདི་འགར་ཚོང་ལས་དཔལ་འབྱོར་འཕེལ་རྒྱས་བྱུང་བ་དང་བསམ་བློར་འགྱུར་ལྡོག་བྱུང་བས། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་འདི་རིམ་གྱིས་ཉམས་པ་རེད།

བོད་ལྷམ་བཟོ་ཤེས་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་དང་། ལོ་ངོ་བརྒྱ་ཕྲག་རིང་གི་ལག་ཤེས་སྲོལ་རྒྱུན་ཉམས་ཆག་མི་འབྱུང་བ་དང་། ས་གནས་ཀྱི་ཐུན་མོང་མ་ཡིན་པའི་བཟོ་རྩལ་རིག་གནས་རྒྱུན་འཛིན་དར་སྤེལ་དང་ས་གནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་ཆེད་པདྨ་རིག་འཛིན་གྱིས་དེ་སྔའི་ཚོང་ལས་གཞན་དག་བསྐྱུར་ཏེ་སྲོལ་རྒྱུན་ལག་རྩལ་དར་སྤེལ་གཏོང་རྒྱུའི་འོས་འགན་ཕྲག་ཏུ་བླངས།

པདྨ་རིག་འཛིན་ནི་ལྕང་སྐྱ་སྡེ་བ་ནས་ནར་སོན་པའི་ན་གཞོན་ཞིག་ཡིན་ལ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་དང་པེ་ཅིན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན། པེ་ཅིན་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་སོགས་སུ་སློབ་གཉེར་དང་གསོ་སྦྱོང་བྱས་མྱོང་། སློབ་མཐར་ཕྱིན་རྗེས་རེབ་གོང་ནས་བོད་ཟས་ཀྱི་ཚོང་གཉེར་བྱས། ཚོང་ལས་ཉིན་རེ་བཞིན་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་སྒང་ལ་ཁོས་ཚོང་བསྐྱུར་ཏེ་བོད་ལྷམ་ཀུང་སི་འཛུགས་པའི་ལས་ལ་ཞུགས། ཀུང་སི་འཛུགས་པའི་ལས་རིམ་ཁྲོད་སྡེ་བའི་རྒན་གྲས་དག་གིས་ཁོ་ལ་རྒྱབ་སྐྱོར་ཆེན་པོ་བྱས། ཉམས་མྱོང་ཡོད་མཁན་དང་ལག་རྩལ་ཤེས་མཁན་རྣམས་ཁོའི་ཀུང་སིར་ཞུགས་ནས་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་ཐད་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་བཏོན་ལ། རྒན་པ་རྣམས་ཀྱིས་ལོ་ཆུང་ཁྲིད་སྟོན་དང་གསོ་སྐྱོང་བྱེད་པ་དང་། ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག གསར་སྤེལ་བཅས་ཀྱི་རྣམ་པ་བརྒྱུད་དེ་ཀུང་སི་གཉེར་མགོ་བརྩམས།

པདྨ་རིག་འཛིན་གྱིས་གསར་འགོད་པར་བཤད་རྒྱུར། ཀུང་སི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་མུའུ་ལྔ་ལྷག་ཙམ་ཡོད་པ་དང་། མིག་སྔར་ཀུང་སི་རུ་བྱང་ཆ་ལྡན་པའི་ལག་རྩལ་པ་མི17ཡོད་པ་དང་། ལས་ཀ་ཧ་ཅང་བྲེལ་བ་ཆེ་དུས་ལས་མི50ལྷག་ཡོད་ལ། བོད་ལྷམ་རིགས་བཞི་ཙམ་ཐོན་སྐྱེད་བྱེད་བཞིན་ཡོད། ལས་བཟོ་པ་རྣམས་རང་སྡེ་བའི་སྡེ་མི་རྐྱང་རྐྱང་ཡིན་པས་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་བྱེད་ཐུབ་པ་མངོན་འགྱུར་བྱུང་ཡོད། ཁོའི་ཀུང་སིས་བཟོས་པའི་བོད་ལྷམ་དེ་སྲོལ་རྒྱུན་གྱི་ལག་རྩལ་ལྟར་ལས་སྣོན་བྱས་པས། ཀུང་སི་བཙུགས་ནས་ལོ་འདི་འགའི་རིང་ལ་བོད་ལྷམ་ཉོ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ལྷམ་ཆ་རེའི་རིན་གོང་རྒྱུ་ཆ་མི་འདྲ་བ་ལྟར་སྒོར650 ནས4000ལྟར་བཙོང་ཐུབ་པ་དང་། མི་རེས་ཆ་སྙོམས་ཀྱིས་ཟླ་རེར་རང་རང་གི་ངལ་རྩོལ་གྱི་མང་ཉུང་ལྟར་སྒོར་སྟོང་གཉིས་ནས་སྟོང་ལྔ་བར་གྱི་ཟླ་ཕོགས་ལེན་ཐུབ། དེས་སྡེ་བའི་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་ལམ་བུ་གསར་བ་ཞིག་བསྐྲུན་ཡོད་པར་མ་ཟད་འཚོ་བའང་ཇེ་བཟང་དུ་བཏང་ཡོད་པས། ཐོན་ལས་དབུལ་སྐྱོར་ཐད་ནུས་པ་མི་དམན་པ་ཞིག་ཐོབ་ཡོད།

ཉིན་ཕྱེད་ཀྱི་དུས་ཚོད་ནང་གསར་འགོད་པ་ལྕང་སྐྱ་སྡེ་བའི་བོད་ལྷམ་རིག་གནས་ལ་ཤེས་རྟོགས་དང་རྒྱུས་ལོན་ཅུང་ཙམ་བྱུང་། ད་སྐབས་ཏང་དང་སྲིད་གཞུང་གིས་སྲོལ་རྒྱུན་རིག་གནས་ལ་གཙིགས་མཐོང་ཆེན་པོ་བྱས་ཏེ་རོགས་སྐྱོར་སྲིད་ཇུས་སྣ་ཚོགས་བཏོན་ཡོད་པས།  གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ཀྱི་ཁྲིད་སྟོན་འོག ལག་རྩལ་འདི་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། སྡེ་མི་རྣམས་དབུལ་ཐར་དང་ཕྱུག་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད་པས་དངོས་གནས་དགའ་འོས་པ་ཞིག་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།