ཧྲུའུ་ཅི་དང་པོའི་སེམས་གཏིང་དུ་ཉར་བའི་ཁྲིམས་སྐྱོང་བརྩེ་བ།
2020.12.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 31

2020ལོའི་ཟླ་ལྔ་པར། ལའོ་ཝུའུ་ལོ་དྲུག་ཅུ་ལ་བུད་པ་དང་། ལས་ཀར་ཞུགས་ནས་ལོ་བཞི་བཅུ་འགོར་ཡོད། ཁོས་བྱ་བ་བསྒྲུབས་ནས་ལོ་སོ་ལྔ་སོང་བའི་སྐབས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ལས་འཁྱུར་ངལ་གསོའི་སྙན་ཞུ་ཕུལ།

ལའོ་ཝུའུ་ཡི་མིང་ཆ་ཚང་ལ་ཝུའུ་ཞིང་ལིན་ཟེར་བ་དང་། 2015ལོར་མཚོ་བྱང་ཁུལ་ཆི་ལེན་རྫོང་བཙུན་མོ་གཞོང་གྲོང་རྡལ་ར་གདོང་སྡེ་བའི་ཧྲུའུ་ཅི་དང་པོར་བདམས།

ལོ་ལྔའི་དུས་ཚོད་ནང་ཁོ་རང་ར་གདོང་སྡེ་བའི་མི་རུ་གྱུར་པ་དང་། ལའོ་ཝུའུ་ཡིས་ར་གདོང་སྡེ་བར“ང་ཚོའི་སྡེ་བ”ཞེས་འབོད་པར་གོམས་ཤིང་། སྡེ་བའི་ནང་གི་མི་ཚང་མས་ཀྱང་བྱམས་བརྩེའི་ངང་ཁོ་ལ་ལའོ་ཝུའུ་ཞེས་འབོད་པ་རེད།

2015ལོར་གནད་འཁེལ་དབུལ་སྐྱོར་བྱ་བ་སྔར་ལས་ལྷག་པར་གཏིང་ཟབ་ཏུ་ལག་བསྟར་བྱས་ནས། མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཧྲུའུ་ཅི་དང་པོ་གཅིག་བདམས་མངགས་བྱས་ཏེ་ར་གདོང་སྡེ་བའི་ནང་བཅའ་སྡོད་བྱེད་དགོས་བྱུང་བས། ཁྲིམས་ཁང་གི་ཏང་རྩ་འཛུགས་ཀྱིས་གྲོས་ཐོག་ནས་ཝུའུ་ཞིང་ལིན་མངག་རྒྱུ་གཏན་འཁེལ་བྱས།

སྡེ་བའི་ནང་གི་གནས་ཚུལ་མགྱོགས་མྱུར་ངང་རྒྱུས་ལོན་བྱེད་ཆེད། ལའོ་ཝུའུ་ཡིས་ལས་འགན་ཁུར་མ་ཐག་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚོའི་རྗེས་འབྲངས་ཏེ་ཁྱིམ་ཚང་རེ་རེར་སོང་ནས་བརྟག་དཔྱད་བྱས་པ་དང་། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་སུམ་བརྒྱ་ཞེ་གཉིས་ཀྱི་སྡེ་མི་སྟོང་གཅིག་དང་ཉིས་བརྒྱ་ཞེ་གསུམ་ལ་རེ་རེ་བཞིན་བཅར་འདྲི་བྱས་ཏེ། ཁྱིམ་ཚང་དབུལ་པོ་སོ་གསུམ་གྱི་མི་གྲངས་བརྒྱ་དང་བཅུ་བདུན་ལ་ཡིག་ཚགས་དང་བྱང་བུ་བཟོས་ནས་ཐོ་འགོད་བྱས་པ་རེད།

“ང་ཚོའི་སྡེ་བའི་ཁྱིམ་ཚང་དབུལ་པོ་རྣམས་ལ་ལག་རྩལ་དང་མ་དངུལ་མི་འདང་བའི་དབང་གིས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་མཁན་མང་ཤོས་ཡིན་པ་དང་། དེའི་འཕྲོར་ན་ཚ་བྱུང་བ་དང་དབང་པོ་སྐྱོན་ཅན་དུ་གྱུར་པའི་དབང་གིས་དབུལ་ཕོངས་སུ་གྱུར་པ་མང་། ལེ་ལོ་ཅན་མང་པོ་མེད་ཚེ། དབུལ་ཐར་འབྱུང་བར་ད་གཟོད་རེ་བ་ཆེ”ཞེས་ཝུའུ་ཞིང་ལིན་གྱིས་དེ་ལྟར་བཤད།

ར་གདོང་སྡེ་བར་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་སོ་ལྔ་ཡོད་པ་དང་། ཆི་ལེན་རྫོང་གི་མཛེས་ལྗོངས་ཁུལ་བཙུན་མོ་སྒང་གི་འདབས་རོལ་ཏུ་གནས་ཡོད་ཅིང་ཡུལ་ལྗོངས་ཧ་ཅང་མཛེས། ཕལ་ཆེར་ལོ་ངོ་བཅུའི་ཡར་སྔོན་དུ་གནས་འདི་རུ་ཡུལ་སྐོར་ཐོན་ལས་དར་བས། རྫོང་ཁོངས་ནང་གི་རི་བོ་བཙུན་མོ་སྒང་དང་འབྲོང་སྙིང་རི་བོ། ཤ་གསོ་ར་བ་བཅས་མཛེས་ལྗོངས་ཁུལ་འགའ་རེ་གཅིག་རྗེས་གཉིས་མཐུད་དུ་གསར་སྤེལ་བྱས་པས། མཚོ་སྔོན་ལ་ཡུལ་སྐོར་དུ་ཡོང་ན་ངེས་པར་དུ་འགྲོ་དགོས་པའི་གནས་མཆོག་ཅིག་ཏུ་གྱུར།

“སྡེ་མི་རྣམས་ཀྱིས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ས་གནས་འདི་གའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ཆོག་ཆོག་རེད།”ཝུའུ་ཞིང་ལིན་གྱིས་དེ་ལྟར་ཚོང་གི་ཁ་ཕྱོགས་རྙེད་བྱུང་།

ལོ་ལྔའི་སྔོན་ལ། མ་ཁྲེང་ཞང་གི་བཟའ་ཟླར་ནད་ལྕི་མོ་ཞིག་ཕོག་ནས། ཁང་རྙིང་གསར་དུ་ལས་རྩིས་ཡོད་པའི་དངུལ་སྒོར་ཚང་མ་ཡང་སྨན་ཁང་དུ་སྤྲད་པ་དང་། ཁོ་ཁྱིམ་མི་གསུམ་པོ་ལུག་རའི་ནང་དུ་མི་སྡོད་ག་མེད་བྱུང་། དེ་ལྟར་རྒྱུན་ལྡན་གྱི་ཁྱིམ་ཚང་ཞིག་ལ་ནད་རིགས་བྱུང་ནས་དབུལ་ཕོངས་སུ་གྱུར།

ཆུང་མའི་ནད་དྲག་རྗེས། མ་ཁྲེང་ཞང་གིས་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་འདོད་ཡོད་པར། ལའོ་ཝུའུ་ཡིས་མ་ཁྲེང་ཞང་གི་སེམས་ནང་གི་མེ་སྟག་ཆུང་ཆུང་ལ་བུད་ཤིང་སྣོན་མགོ་བརྩམས།

མ་ཁྲེང་ཞང་སེམས་འགུལ་ཐེབས་བཞིན་དུ“ཧྲུའུ་ཅི་ཝུའུ་ལགས་ཀྱིས་ང་ལ་སྒོར་མོ་བསྐྱིས་ནས། ཆུང་མས་སྨན་བཅོས་བྱེད་སྐབས་ཆད་ཡོད་པའི་དངུལ་ཁང་གི་དངུལ་བུན་མཐའ་དག་འཇལ་དུ་བཅུག་ཅིང་། ང་ལ་རོགས་རམ་བྱས་ནས་དབུལ་ཕོངས་ཁྱིམ་ཚང་ལ་དམིགས་པའི530ཆེད་སྤྱོད་དངུལ་བུན་རེ་ཞུ་བྱས་པར་མ་ཟད། ད་དུང་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ཡང་མཐུན་སྦྱོར་བྱས་ནས། ང་ལ་མཛེས་ལྗོངས་ཁུལ་གྱི་ལམ་སྟོན་ཞབས་ཞུའི་ལག་ཁྱེར་དཔང་ཡིག་ཅིག་བསྒྲུབས། དེ་ནས་ངས་བཙུན་མོ་སྒང་ནས་ཡུལ་སྐོར་པར་ལམ་སྟོན་པ་བྱས་པས། སྒོར་མོའི་ཁེ་བཟང་རག་ཐབས་བྱས་ནས་ཁང་པ་ཕུབ་པ་ཡིན”ཞེས་བཤད།

2017ལོའི་ཟླ་ལྔ་པར། མ་ཁྲེང་ཞང་གིས་རང་ཁྱིམ་གྱི་ཁང་པ་ཐད་ཀར་ཞིང་པའི་སྤྲོ་སྐྱིད་ཁང་དུ་བསྒྱུར་བས། མི་བརྒྱད་ནས་བཅུའི་བར་ཞག་སྡོད་བྱས་ཆོག་པ་དང་། ལོ་དེར་ཁེ་སྤོགས་སྒོར་འབུམ་གཅིག་དང་ཁྲི་བཞི་བླངས།

2020ལོར། མ་ཁྲེང་ཞང་གིས་རང་ཉིད་ཀྱི་ཁྱིམ་ཚང་མགྲོན་ཁང་རྒྱ་བསྐྱེད་པ་རེད། ལས་ཐོན་སླར་གསོ་བྱས་རྗེས་ཡུལ་སྐོར་ལས་རིགས་སླར་གསོ་བྱུང་བས། ཁོས་དབུལ་ཕོངས་ཁྱིམ་ཚང་ཁ་ཤས་རང་ཁྱིམ་གྱི་ཞིང་པའི་སྤྲོ་སྐྱིད་ཁང་དུ་ལས་ཀ་བྱེད་པར་བསྡུ་རྩིས་ཡོད་ལ། རང་ཁྱིམ་གྱི་མི་སྣ་མི་འདང་བའི་གནོན་ཤུགས་ཞི་ལྷོད་དུ་སོང་བས། ལས་ཞུགས་ལས་གནས་འགའ་ཞིག་ཀྱང་བསྐྲུན་ཐུབ་ཡོད།

ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་པའི་ཆ་ནས། ཁོས་ད་རུང་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་གཞན་ལྔ་ལའང་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་བར་མཛུབ་སྟོན་བྱས།

“ང་ལ་རིག་གནས་ཅི་ཡང་མེད་པས། སྔོན་ཆད་མི་གཞན་པའི་མིག་ནང་དུ་ང་ནི་མི་ནུས་མེད་ཅིག་ཡིན་རུང་། ད་སྐབས་རང་ཉིད་ཀྱི་ནུས་པར་བརྟེན་ནས་གཞན་ལ་དབུལ་ཐར་བྱེད་རོགས་བྱ་ཐུབ་པས། ཕལ་ཆེར་མི་ཚེའི་དོན་སྙིང་རྙེད་སོང་བ་འདྲ”ཞེས་སྨྲས། སྐད་ཆ་བཤད་མཚམས་འདིར་སླེབས་དུས། ལོ་བཞི་བཅུར་སོན་པའི་མ་ཁྲེང་ཞང་ལ་ཧ་ཅང་སེམས་འགུལ་ཐེབས།

སྡེ་བའི་ནང་གི་དཔལ་འབྱོར་འཛུགས་སྐྲུན་ལ་སེམས་ཁུར་བྱེད་པ་ལས་གཞན། ཝུའུ་ཞིང་ལིན་གྱིས་ར་གདོང་སྡེ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ལའང་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མ་ཅི་ལིང་གིས་གསར་འགོད་པར་བཤད་རྒྱུར། ལའོ་ཝུའུ་ཡིས་ལོ་རེ་རེར་མཚོ་བྱང་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་འབྲེལ་བ་བྱས་ཏེ། ཁྲིམས་ཁང་གི་འགོ་ཁྲིད་དང་ཡང་ན་ཁྲིམས་ཁང་གི་ལས་སྒོའི་རྐང་འཛིན་པ་འགའ་རེ་སྡེ་བའི་ནང་ལ་གདན་དྲངས་ནས་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་ཀྱིན་ཡོད།

2020ལོའི་ཟླ་བཞི་པར། ཁྲེན་ཅེ་ཡིས་སླར་ཡང་རུ་སྣེ་ཁྲིད་དེ་ར་གདོང་སྡེ་བར་ཡོང་བ་རེད། ཁྲིམས་དཔོན་གྱིས་སྡེ་མི་ཚོར་ཁྲིམས་སྐྱོང་དྲིལ་སྒྲོག་ལག་དེབ་སྤྲད་པར་མ་ཟད། སྐོར་སྐྱོད་འདྲི་གཅོད་ཀྱི་བྱེད་སྟངས་བརྒྱུད་ནས། གྱོད་དོན་གྲོས་གཞི་འགྲེལ་བཤད་བརྒྱབ་པ་དང་བཅའ་ཁྲིམས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས།

ར་གདོང་སྡེ་བ་ནི་ལོ་རྒྱུས་ཀྱི་གནས་སྤོས་ཡུལ་མིའི་ཞིང་སྡེའི་ཁོངས་སུ་གཏོགས་པ་དང་། དཔལ་འབྱོར་དབུལ་ཕོངས་ཡིན་པ་དང་སློབ་གསོ་ཐེབས་ཚད་ཡོངས་ཁྱབ་ནས་དམའ་མོ་ཡིན་པས། སྡེ་བའི་ནང་སྐབས་འགར་འཁོན་འཛིང་རྡུང་རེས་རྒྱག་པའི་གནས་ཚུལ་ཡང་འབྱུང་གིན་ཡོད།

“ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་སྤེལ་བའི་ཚུན་ལ། ལའོ་ཝུའུ་ཡིས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་འབྲེལ་བ་བྱས་ཏེ། ཐེངས་མང་དུ་སྡེ་བའི་ནང་ཡོང་ནས་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་བ་སྤེལ། ལོ་ཁ་ཤས་ནང་། སྡེ་བའི་ནང་བདེ་འཇགས་ཡག་པོ་བྱུང་ཞིང་། ད་སྐབས་མཚན་མོ་ནམ་གུང་གི་དུས་སུ་སྡེ་བའི་ནང་སོང་རུང་ཧ་ཅང་བདེ་འཇགས་ཡིན”ཅེས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཀྲུའུ་ཡོན་གྱིས་སྤོབས་པ་དང་བཅས་ཏེ་བཤད།

མ་ཅི་ལེང་གིས་ནང་གཏམ་ཕྱིར་བསྒྲགས་བྱས་དོན།“ལའོ་ཝུའུ་ལ་ངོ་མ་འཇོན་ནུས་ཡོད་ཀི་ཡ། ཁྲིམས་དཔོན་ལ་འབྲེལ་བ་བྱས་ནས་ང་ཚོར་བཅའ་ཁྲིམས་བཤད་དུ་འཇུག་ཐུབ་པར་མ་ཟད། དུས་རྒྱུན་ད་དུང་བཅའ་ཁྲིམས་ཀྱི་ཤེས་བྱར་བརྟེན་ནས་འགལ་བ་འདུམ་འགྲིག་བྱེད་ཐུབ”ཟེར།

མཚོ་བྱང་ཁུལ་སྲིད་གཞུང་ནས་ཁྲིམས་ཁང་དུ་ལས་གནས་སྤར་རྗེས། ཝུའུ་ཞིང་ལིན་གྱིས་ནུབ་བྱང་སྲིད་ཁྲིམས་སློབ་ཆེན་དུ་ལོ་གཉིས་རིང་ལས་བྲལ་སློབ་སྦྱོང་བྱས་ནས། བཅའ་ཁྲིམས་ཁྲིམས་སྲོལ་དང་དམངས་དོན་འདུམ་འགྲིག་གི་རྩ་དོན་འགའ་ཞིག་ཁོང་དུ་ཆུད་པ་དང་། སྡེ་བར་བཅའ་སྡོད་བྱེད་པའི་སྐབས་སུ་སྦྱངས་པའི་ཤེས་བྱ་དེ་དག་བཀོལ་ས་ཡོད་པར་གྱུར།

ལོ་ལྔའི་ནང་། ཝུའུ་ཞིང་ལིན་གྱིས་ལོ་ཧྲིལ་པོར་ངལ་གསོའི་གནང་བ་ཞུས་མ་མྱོང་མོད། དེར་གཏན་ནས་འཁང་ར་མི་བྱེད་ལ། ལས་ཁུངས་ཀྱི་འགོ་ཁྲིད་ལ་རེ་བ་ཡང་བཏོན་མྱོང་མེད། 2018ལོར། ཁོ་རང་ཆི་ལེན་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས“ཕུལ་བྱུང་དབུལ་སྐྱོར་ལས་བྱེད་པར”བདམས་པ་རེད།

ལོ་ལྔའི་ནང་། ཁོས་མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག་ཏུ། ལས་གཞིའི་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བདུན་ཁྲི་བརྒྱད་སྟོང་ལྔ་ཙམ་བརྩོན་ལེན་བྱས་ཏེ། ཞག་སྡོད་དང་བཟའ་བཏུང་། ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་པའི་སྐྱེ་ཁམས་ར་བ་ཞིག་བསྐྲུན་པ་དང་། སྡེ་བ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་མི་རེའི་ཆ་སྙོམས་ཀྱི་ལོའི་ཡོང་འབབ་སྒོར་སྟོང་གཉིས་དང་དགུ་བརྒྱ་བདུན་ཅུ་མན་ཡིན་པ་ནས་མི་རེར་ཆ་སྙོམས་ཀྱིས་སྒོར་སྟོང་བཞི་ཡན་དུ་འཕར། ཁོས་རྫོང་ཚན་རྩལ་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་བྱས་ཏེ། ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་ལྔ་བཀོལ་ནས་སྡེ་མི་ཚོར་སོན་བཟང་ཉོ་སྒྲུབ་དང་ལག་རྩལ་གསོ་སྦྱོང་བྱས་པ་དང་། རྫོང་ནགས་ལས་ས་ཚིགས་ལ་མཐུན་སྦྱོར་བྱས་ནས། སྡེ་བའི་ནང་གི་ཁྱིམ་ཚང་དབུལ་པོ་དག་ལ་ནགས་སྲུང་པའི་ལས་གནས་ཉེར་བཞི་བརྩོན་ལེན་བྱས།

2020ལོ་ནི་དབུལ་ཐར་མཁྲེགས་གཏོར་མཇུག་བསྡུ་བའི་ལོ་ཡིན་པས། ལས་འཁྱུར་ངལ་གསོའི་སྙན་ཞུ་ཕུལ་རྗེས། ཁོས་ལས་ཁུངས་ལ་རེ་བ་ཞུས་ཏེ་སྡེ་བའི་ནང་ལོ་མཇུག་བར་དུ་རྒྱུན་འཁྱོངས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་ཆེས་མཐའ་མའི་ལས་གནས་ཡག་པོ་བསྲུང་དགོས་ཟེར།

“དབུལ་ཐར་མཁྲེགས་གཏོར་སྒོ་རྩར་སླེབས་སྐབས། ཕྱོགས་སོ་སོའི་བྱ་བ་རྣམས་ཞིང་ཆེན་དང་ཀྲུང་དབྱང་གི་དཔྱད་ཞིབ་དང་ལེན་བྱེད་དགོས་པ་དང་། གལ་ཏེ་ལས་གྲོགས་ལ་སྤྲད་ཚེ། ལས་གྲོགས་ཀྱིས་ཡང་བསྐྱར་མགོ་ནས་དབུལ་སྐྱོར་བྱ་བར་རྒྱུས་ལོན་བྱེད་དགོས་སྟབས་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད། ངས་རང་མོས་སྒོས་ལོ་མཇུག་བར་དུ་རྒྱུན་འཁྱོངས་བྱས་ཏེ་དཔྱད་ཞིབ་རྒྱུགས་ལེན་སྣ་ཚོགས་དང་ལེན་བྱེད་རྒྱུ་ཡིན”ཞེས་ལའོ་ཝུའུ་ཡིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།