ཡུས་ཧྲུའུ་ནི་ངའི་སེམས་ཁོང་གི་ཆེས་མཛེས་པའི་དག་ཞིང་དེ་ཡིན།
2021.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཞོགས་པར། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གེ་སར་ཐང་ཆེན་ནས་ཕྱོགས་བཞིར་བལྟས་པ་ན། གཡའ་དག་པའི་ནམ་མཁའ་དང་གངས་རི། ཐང་དཀར་རྒོད་པོ། ཐོག་ཁང་། སྐྱེ་རྒུ་དགོན་པ་བཅས་མིག་ལམ་དུ་མངོན་ཡོང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་རྡོ་རྗེ་ལ་དུས་ཆད་བྱས་མེད་ཚེ། གསར་འགོད་པས་བྱ་ཆུ་ཁྱམས་རིང་སྟེང་ཡུན་རིང་ལ་མཛེས་ལྗོངས་འདི་རོལ་མྱོང་བྱེད་སྲིད།

ཞབས་བྲོས་ལས་དབང་བསྒྱུར་བ།

ད་ལོ་ལོ་ང་བརྒྱད་ཡིན་པའི་བཀྲ་ཤིས་རྡོ་རྗེ་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པའི་འགོ་གཙོ་ཡིན་ལ། ཁོས་ད་དུང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཐུན་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད། ཁོ་ནི་ཡུས་ཧྲུའུ་ནས་སྐྱེས་པ་དང་ཡུས་ཧྲུའུ་ནས་ནར་སོན་པ་ཡིན་ལ། ས་སྐྱེས་རྡོ་སྐྱེས་ཀྱི་ཡུས་ཧྲུའུ་པ་ཞིག་རེད། ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་། གསར་འགོད་པ་དུས་ཆད་ལྟར་ཡུས་ཧྲུའུ་ཁུལ་ཁམས་པའི་སྒྱུ་རྩལ་ལྟེ་གནས་ཀྱི་ཉིས་ཐོག་གི་བཀྲ་ཤིས་རྡོ་རྗེ་ཡི་གཞུང་ལས་ཁང་དུ་ཐོན་པ་དང་། སྟབས་མི་ལེགས་པ་ནི་གཞུང་ལས་ཁང་གི་སྒོ་ཕྱེ་སྟེ་ནང་དུ་མི་གཅིག་ཀྱང་མེད་པ་དེ་རེད། གསར་བུ་ཞིག་ཡོང་ནས་བཤད་རྒྱུར། འགོ་གཙོ་ད་སོ་མ་ཡོད་དེ་ད་ལྟ་འཁྲབ་སྟོན་ཚོམས་ཆེན་དུ་སོང་ཡོད་སྙམ། དེ་ནས་གསར་འགོད་པ་ཡུས་ཧྲུའུ་ཁུལ་ཁམས་པའི་སྒྱུ་རྩལ་ལྟེ་གནས་ཀྱི་འཁྲབ་སྟོན་ཚོམས་ཆེན་དུ་སོང་།

ཐོག་ཁང་ལས་མར་བབས་ཏེ་གཡོན་ཕྱོགས་ཀྱི་སྲང་ལམ་ཆུང་ཆུང་མུན་ནག་འཐིབ་ཡོད་པ་ཞིག་བརྒྱུད་ནས་སོང་ཚེ་འཁྲབ་སྟོན་ཚོམས་ཆེན་དུ་ཐོན། ཁོ་ནི་ང་ཚོའི་འགོ་གཙོ་རེད། ཁོས་འཁྲབ་སྟོན་པ་རྣམས་དང་བསམ་བློ་བརྗེ་རེས་བྱེད་བཞིན་ཡོད། མུན་ནག་གི་ཁྲོད། གསར་འགོད་པས་གར་སྟེགས་སྟེང་དུ་མི་ཞིག་འགུལ་ཙམ་བྱས་ཏེ་འཁྲབ་སྟོན་པ་རྣམས་དང་བསམ་བློ་བརྗེ་རེས་བྱེད་བཞིན་པ་མཐོང་།

གསར་འགོད་པ་མཐོང་མ་ཐག བཀྲ་ཤིས་རྡོ་རྗེ་ཡིས་སེམས་གནོང་བའི་སྒོ་ནས་བཤད་རྒྱུར། ཡུས་ཧྲུའུ་ས་འགུལ་བྱུང་ནས་ལོ་བཅུ་འགོར་བའི་རྗེས་དྲན་བྱ་འགུལ་མགོ་རྩོམ་ལ་ཉེ་བ་དང་། ང་ཚོས་དུས་ཚོད་དམ་འཛིན་བྱས་ཏེ་འཁྲབ་སྦྱོང་བཞིན་བྱེད་བཞིན་ཡོད། དེ་སྔོན་གྱི་འཁྲབ་སྟོན་འགའ་ཡིན་མོད། འོན་ཀྱང་། ཐེངས་འདིར་རྒྱུ་ཆ་གསར་བ་མང་པོ་ཁ་སྣོན་བྱས་ཡོད་ཟེར།

1962ལོའི་ཟླ་ལྔ་པར། བཀྲ་ཤིས་རྡོ་རྗེ་ཡུས་ཧྲུའུ་གྲོང་ཁྱེར་དུ་སྐྱེས་པ་དང་། ཕུ་ནུ་མིང་སྲིང་བཅུ་ཡོད་པ་དང་ཁོ་ནི་སྤུན་ཆེ་བ་རེད། ཁོའི་ཨ་ཕ་ནི་འབྲུ་སྣུམ་ལས་བཟོ་བ་ཞིག་ཡིན་པ་དང་། ཨ་མ་ནི་སྤྱིར་བཏང་གི་ཞིང་བ་དཀྱུས་མ་ཞིག་རེད། བཀྲ་ཤིས་རྡོ་རྗེ་ཡིས་ཕྱིར་དྲན་བྱས་ཏེ། ལག་པས་རང་ཉིད་ཀྱི་ཆུང་དུས་ཀྱི་རྣམ་པ་སྟོན་ཞོར་བཤད་རྒྱུར། ང་སྐྱེས་པའི་སྐབས་སུ་རྒྱ་མ་གསུམ་ཙམ་ལས་མེད་པ་དང་། ཨ་མས་ལག་ཏུ་བཟུང་ན་ཆུང་ངུ་ཙམ་ལས་མེད་ཟེར།

སྐབས་དེར། ཁྱིམ་དུ་མི་གྲངས་མང་བ་དང་ཡོང་སྒོ་ཨ་ཕ་ཁོ་ནར་བརྟེན་དགོས་པས། ཁྱིམ་གྱི་ཆ་རྐྱེན་ཧ་ཅང་སྡུག 1968ལོའི་སྐབས་སུ། ཕ་མ་གཉིས་ཀྱིས་ཁོ་རང་ཡུས་ཧྲུའུ་ཁུལ་གྱི་ཤ་ཉེ་ཞིག་གི་ཁྱིམ་དུ་བསྐྱལ་ནས་གཉོར་སྐྱོང་བྱེད་དུ་བཅུག བཀྲ་ཤིས་རྡོ་རྗེ་ཡི་སེམས་སུ་གསལ་ལེར་ཤར་བ་ནི་སྐབས་དེར་ཁོ་རང་ལོ་དགུ་ཡིན་ལ། ཁོ་ཚང་ལ་སྒོར་བརྒྱད་བརྒྱའི་དོམ་ཡོད་པ་དེ་རེད།

བཀྲ་ཤིས་རྡོ་རྗེ་ཡིས་བཤད་རྒྱུར། ཡུས་ཧྲུའུ་ཡི་མི་རྣམས་ཀྱིས་སྐད་ཆ་བཤད་ཤེས་པ་ནས་གླུ་དབྱངས་ལེན་ཤེས་ལ། གོམ་པ་སྤོ་ཤེས་པ་ནས་ཞབས་བྲོ་རྩེད་ཤེས། ཡུས་ཧྲུའུ་ཡི་མི་རྣམས་འཚོ་བ་ལ་དགའ་ཞེན་ཆེ་བ་དང་རིག་གནས་ལ་དགའ་ཞེན་ཆེ་བས། མི་རྣམས་ཀྱིས་དུས་རྒྱུན་ཞབས་བྲོ་དང་གླུ་སྐད་ཀྱིས་རང་ཉིད་ཀྱིས་མཛེས་སྡུག་འཚོ་བར་རེ་སྙེག་དང་སྤྲོ་སེམས་བྱེད་བཞིན་པ་མཚོན་བཞིན་ཡོད། སྐབས་དེར་ཁོ་རང་ལོ་དགུ་ཡིན་ལ། ལས་བཟོ་བའི་སྐར་མ་བརྩོན་ལེན་བྱ་ཆེད། སྐབས་དེའི་རུ་ཆེན་གྱི་རུ་གཙོ་དང་ལྷན་དུ་འཁྲབ་སྟོན་བྱེད་མགོ་བརྩམས། ཁོ་གཙོ་བོ་སྐོར་བྲོ་རྩེད་བཞིན་ཡོད་པ་དང་། ཐེངས་གཅིག་ལ་རྩེད་ན་ལས་བཟོ་བའི་སྐར་ལྔ་ལེན་ཐུབ་ལ་དེ་ནི་ཟུར་གཉིས་དང་སྐར་ལྔ་རེད། དེ་ལྟར། ཁོ་རང་ལོ་རེར་ག་ས་གང་དུ་འཁྲབ་སྟོན་བྱེད་དུ་འགྲོ་དགོས་པ་དང་། ཁྱད་པར་དུ་དུས་ཆེན་གྱི་སྐབས་སུ་འཁྲབ་སྟོན་བྱེད་གྲངས་ཧ་ཅང་མང་། ཁོས་ལོ་བཅུ་གཉིས་ཙམ་གྱི་དུས་ཚོད་བེད་སྤྱད་ནས་ཁྱིམ་གྱི་བུ་ལོན་ཚང་མ་འཇལ་ཚར་བ་དང་། བཟའ་མི་གང་བོས་འཚོ་བ་ཡང་ཇེ་བཟང་དུ་གྱུར།

1978ལོར། ལོ་བཅུ་དྲུག་ལ་སོན་པའི་བཀྲ་ཤིས་རྡོ་རྗེ་ཡུས་ཧྲུའུ་ཁུལ་ཟློས་གར་ཚོགས་པར་ཞུགས་པ་དང་། དོན་དངོས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་མགོ་བརྩམས། དེའི་རྗེས་ཀྱི་ལོ་ཞེ་གཉིས་ཀྱི་རིང་ལ། ཁོ་རང་ཞབས་བྲོའི་འཁྲབ་སྟོན་པ་ཞིག་ནས་རིམ་བཞིན་ཟློས་གར་ཚོགས་པའི་ཚོགས་གཙོ་རུ་གྱུར། བཀྲ་ཤིས་རྡོ་རྗེ་ཡིས་བཤད་རྒྱུར། དོན་དངོས་སུ། ངས་དང་ཐོག་སྦྱངས་བ་ནི་ཨོག་ལེན་ཆུང་བ་ཡིན་ལ། རྗེས་སུ་ཞབས་བྲོ་དང་ཇུས་འགོད། མཉམ་སྒྲོག་རོལ་མོ་སོགས་ཅི་ཡང་སྦྱངས་མྱོང་ཟེར།

བཀྲ་ཤིས་རྡོ་རྗེ་ཡིས་རོལ་མོའི་ཁྲོད་སྤྱིར་བཏང་མ་ཡིན་པའི་མི་ཚེ་འཚོལ་སྙེག་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། ཆུང་དུས་ཨོག་ལེན་ཆུང་བ་སྦྱངས་བ་དང་། དུས་རྒྱུན་ཉིན་གཅིག་ལ་དུས་ཚོད་བརྒྱད་ཡན་སློབ་སྦྱོང་བྱེད་དགོས། རོལ་མོ་ནི་བསམ་བློ་མཚོན་ཐུབ་ལ་སེམས་འགྱུར་མཚོན་ཐུབ་པའི་སྒྱུ་རྩལ་ཅིག་རེད། རོལ་མོ་ལ་མྱོང་རོལ་བྱེད་པའི་བརྒྱུད་རིམ་ནི་བརྩེ་སེམས་ལ་རོལ་མྱོང་བྱེད་པའི་བརྒྱུད་རིམ་ཅིག་རེད་ཟེར།

ཡུས་ཧྲུའུ་ལ་ང་རང་ཧ་ཅང་མཁོ།

2008ལོར། ཡུས་ཧྲུའུ་ཁུལ་ཟློས་གར་ཚོགས་པར་ཕུལ་དུ་བྱུང་བའི་ལས་འབྲས་ཀྱིས་ཁོ་རང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གདན་འདྲེན་བྱས་ཏེ། ཁོས་མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་སུ་བྱ་བ་བཀོད་སྒྲིག་བྱས། བཀྲ་ཤིས་རྡོ་རྗེ་ཡིས་བཤད་རྒྱུར། སྐབས་དེར་འདང་མང་པོ་མ་བརྒྱབ་པར། ང་ལ་སྟེགས་བུ་ཞིག་བསྐྲུན་ཚེ། གང་ནས་རིག་རྩལ་བྱ་བ་སྒྲུབ་ན་གཅིག་རེད་སྙམ་ཟེར།

འོན་ཀྱང་། ཁོའི་ཡིད་ལ་ཡང་དྲན་མ་མྱོང་བ་ཞིག་ལ། ཁོས་ཟི་ལིང་དུ་བྱ་བ་བརྟན་པོ་ཞིག་མིན་པའི་སྐབས་དེར། 2010ལོའི་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་ཡུས་ཧྲུའུ་ལ་ས་འགུལ་བྱུང་། “སྐབས་དེར་ངས་ཁྱིམ་དུ་གསར་སྐྲུན་བྱེད་བཞིན་ཡོད་ལ། དུས་ཚོད་བརྒྱད་ཀྱི་སྐབས་སུ། ཡུས་ཧྲུའུ་ཡི་ལས་གྲོགས་ཤིག་གིས་གློ་བུར་དུ་ཁ་པར་བཏང་ནས་ཡུས་ཧྲུའུ་ལ་ས་འགུལ་བྱུང་ཟེར། ངས་རྫུན་མ་བཤད་ཅེས་བཤད།”རྒྱུ་མཚན་ནི་དེའི་སྔོན་ལ་ས་འགུལ་ཆུང་བ་བྱུང་མྱོང་བ་དང་། རྒན་པ་རྣམས་ཀྱི་ཁ་ནས་ཀྱང་ས་འགུལ་ཐོས་མྱོང་། འོན་ཀྱང་། ཐེངས་འདིའི་ས་འགུལ་འདི་འདྲའི་ཚབས་ཆེན་ཞིག་ཡིན་པ་སེམས་སུ་ཡང་དྲན་མ་མྱོང་།

ཁ་པར་ཁ་བརྒྱབ་རྗེས། ཁོས་མྱུར་དུ་བརྙན་འཕྲིན་ཁ་ཕྱེས་པ་ན། སྐབས་དེར་བརྙན་འཕྲིན་དུ་ཡུས་ཧྲུའུ་ས་འགུལ་གྱི་གནས་ཚུལ་བསྒྲགས་བཞིན་ཡོད་ལ། ས་འགུལ་གྱི་སྐབས་སུ་རྐྱེན་ལམ་དུ་ཤོར་བའི་གྲངས་ཀ་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད་པས། ངའི་སེམས་པ་སྨྲེང་ནས་མིག་ཆུ་དབང་མེད་དུ་བཞུར་བྱུང་། ང་ནི་ཡུས་ཧྲུའུ་ཡི་མི་ཡིན་ལ། རྐྱེན་ལམ་དུ་ཤོར་བ་ཚང་མ་ངའི་སྤུན་ཟླ་ཡིན་ཞེས་བཀྲ་ཤིས་རྡོ་རྗེ་ཡིས་སྐབས་དེའི་སྣང་ཚུལ་ཕྱིར་དྲན་བྱས་ཏེ་བཤད་ཞོར་མིག་མཐར་མཆི་མ་འཁོར་ཡོད།

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག བཀྲ་ཤིས་རྡོ་རྗེས་མཚོ་སྔོན་ཞིང་ཆེན་རིག་རྩལ་དང་བླངས་རུ་ཁག་དང་ལྷན་དུ་ཁོའི་ཕ་ཡུལ་ཡུས་ཧྲུའུ་རུ་ཐོན།

“ངའི་མིག་ནང་དུ་ཅི་ཞིག་དུས་རྒྱུན་མཆི་མ་འཁོར་ཡོང་ངམ། རྒྱུ་མཚན་ནི་ང་རང་ས་གཞི་འདིར་ཧ་ཅང་དུང་བའི་རྐྱེན་རེད།”རེད་ཡ། ཡུས་ཧྲུའུ་རུ་སྐྱེས་ཤིང་ཡུས་ཧྲུའུ་ནས་མཚར་ལོངས་བྱུང་བའི་བཀྲ་ཤིས་རྡོ་རྗེ་ལ་མཚོན་ནས་བཤད་ན། གནས་འདི་ནི་ཁོའི་ཞེན་ཆགས་ས་དང་ཁོ་རང་དགའ་ཞེན་ཆེ་བའི་ས་ཆ་དེ་རེད།

གཟའ་འཁོར་གཅིག་འགོར་རྗེས་ཁོ་རང་ཕྱིར་ཟི་ལིང་དུ་ཐོན། དུས་སྐབས་དེར། ཁོའི་པེ་ཅིན་དང་ཧྲང་ཧེ། སི་ཁྲོན་བཅས་ཀྱི་གྲོགས་པོ་འགའི་དངོས་རྫས་བསྐྱལ་ནས་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་དུ་སོང་བ་དང་། འཚོ་བའི་མཁོ་ཆས་ཀྱི་དངོས་རྫས་དེ་དག་གནོད་ཐེབས་མང་ཚོགས་ལ་བྱིན།

ཡང་གཟའ་འཁོར་གཅིག་འགོར་རྗེས། ཁོའི་གནས་འདིའི་སྤུན་ཟླ་རྣམས་ལ་སེམས་ཁྲལ་བྱས་ཏེ་ཡང་བསྐྱར་ཡུས་ཧྲུའུ་རུ་ཐོན། ལོ་དེའི་ཟླ་དྲུག་པར། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་རེ་བ་བཏོན་ནས་གནས་སྐབས་སུ་ཡུས་ཧྲུའུ་ལ་གཡར་ཏེ་ཁོ་ཡང་བསྐྱར་ཡུས་ཧྲུའུ་ཁུལ་གླུ་གར་ཚོགས་པར་བྱ་བ་སྒྲུབ་ཏུ་ཡོང་། “ཕྱིར་ཡུས་ཧྲུའུ་རུ་ཐོན་རྗེས། ངའི་བློ་སེམས་བདེ་ལ་བབས་པ་དང་། ངས་གནས་འདིར་ང་དགོས་མཁོ་ཡོད་པ་གཞི་ནས་ཤེས།”

བརྩམས་ཆོས་སྐོར་ཞིག་གིས་ཡུས་ཧྲུའུ་ལ་དྲིན་ལན་འཇལ།

བཀྲ་ཤིས་རྡོ་རྗེ་ཡིས་བྱ་བ་སྒྲུབ་ན་ཧ་ཅང་གཟབ་ནན་ཡིན་ལ། དེ་ནི་ཁོའི་རྒྱུན་ལྡན་གྱི་རང་གཤིས་རེད།

ས་འགུལ་བྱུང་རྗེས། བཀྲ་ཤིས་རྡོ་རྗེ་ཡིས《ཡུས་ཧྲུའུ་ཡིས་ནམ་ཡང་བརྗེད་མི་སྲིད》ཅེས་པའི་རྣམ་པ་ཆེན་མོའི་མི་རིགས་གླུ་གར་སྦྱོང་བརྡར་བྱེད་མགོ་བརྩམས་པ་དང་། “སྐབས་དེར་ཡུས་ཧྲུའུ་རུ་སྦྱོང་བརྡར་བྱེད་སའི་གནས་མེད་པ་དང་། ང་ཚོ་མི་བརྒྱད་ཅུ་ཙམ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བྱང་རིའི་རྟེན་གཞི་ཞིག་ཏུ་སོང་ནས་སྦྱོང་བརྡར་བྱས་པ་དང་། ཟླ་གསུམ་གྱི་རིང་ལ་བཀག་སྡོམ་རང་བཞིན་གྱི་སྦྱོང་བརྡར་བྱས་པས་དཀའ་ཁག་ཧ་ཅང་ཆེ། ནམ་ཟླ་ཧ་ཅང་དྲོད་ལ་འཁྲབ་སྟོན་པ་རྣམས་ཀྱིས་ཉི་མའི་འོག་ཏུ་སྦྱོང་བརྡར་བྱས་ཀྱང་ཐང་ཆད་པའི་རྣམ་འགྱུར་ཅུང་ཙམ་ཡང་མི་སྟོན།”སྐབས་དེའི་སྦྱོང་བརྡར་གླེང་སྐབས། བཀྲ་ཤིས་རྡོ་རྗེ་ལ་སྔར་བཞིན་སྤྲོ་སེམས་ཆེན་པོ་འཕེལ་ཡོད།

རྒྱུས་ལོན་པ་ལྟར་ན། སྐབས་དེའི《ཡུས་ཧྲུའུ་ཡིས་ནམ་ཡང་བརྗེད་མི་སྲིད》ཅེས་པའི་རྣམ་པ་ཆེན་མོའི་གླུ་གར་ཟློས་གར་ཏེ་མཛེས་པ་དང་བརྩེ་འདང་། སྐྱོ་བ། དགའ་བ། ཕུགས་འདུན་བཅས་ཚན་པ་ལྔ་ཡིས་གྲུབ་པ་ཡིན་ལ། བརྗིད་ཉམས་ཆེ་བའི་གངས་རི་དང་ནམ་མཁའ་མུ་འབྲེལ་བ་ལྟར་གནས་ཡོད་ལ། ལང་ལོང་དུ་རྒྱུག་པའི་རྨ་འབྲི་རྫ་གསུམ་ཆུ་འགོ་དྭངས་ཤིང་གཙང་བ་དང་། ཨ་མ་རྒན་མོས་མ་ཎི་ལག་འཁོར་བསྐོར་ནས་ཚ་བོ་ཟླ་བ་ལ་ཡུས་ཧྲུའུ་ཡི་མཛེས་སྡུག་ལྡན་པའི་གཏམ་རྒྱུད་གླེང་བཞིན་ཡོད་པས། མདོ་དབུས་མཐོ་སྒང་གི་ངོ་མཚར་དང་འཆམ་མཐུན་གྱི་རྣམ་པ་རེ་རེ་བཞིན་མངོན་བཞིན་མཆིས། གློ་བུར་དུ་བྱུང་བའི་ས་འགུལ་གྱིས་མཛེས་སྡུག་ལྡན་པའི་ཡུས་ཧྲུའུ་དེ་སྐད་ཅིག་ཙམ་ལ་ཉམས་ཆག་ཆེན་པོ་བྱུང་བའི་ཞིག་རོར་གྱུར་བ་དང་། ཐལ་རྡུལ་གྱིས་ཁེངས་ཤིང་ཁང་པ་རྡིབ་པ་དང་། འདས་ཟིན་པའི་གཉེན་ཉེ་བཅས་ཀྱི་ཁྲོད་ནས་ད་ལྟ་ཁེར་རྐྱང་དང་རོགས་རམ་བྱེད་མཁན་མེད་པར་གྱུར་ཡོད། འོན་ཀྱང་། ཚེ་སྲོག་རེ་རེ་ཞིག་རོའི་ཁྲོད་ནས་ཡར་ལངས་ཏེ། ཞུམ་པ་མེད་པར་འཆི་བ་དང་འཐབ་རྩོད་བྱས།

ལེ་ཚན་འཁྲབ་སྦྱོང་ཡག་པོ་བྱས་རྗེས། བཀྲ་ཤིས་རྡོ་རྗེ་ཡིས་འཁྲབ་སྟོན་མི་སྣའི་སྣེ་ཁྲིད་དེ་རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱས་པ་དང་། སྔ་རྗེས་སུ་པེ་ཅིན་དང་ཧྲང་ཧའེ། ཐེན་ཅིན། སི་ཁྲོན། ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་ཉི་ཤུ་ལྷག་ཙམ་དུ་སོང་ནས་འཁྲབ་སྟོན་བྱས། ས་ཆ་ཞིག་ཏུ་སླེབས་རྗེས། འཁྲབ་སྟོན་པས་ནུས་ཤུགས་ཡོད་རྒུས་འཁྲབ་སྟོན་བྱས་པར་ས་གནས་དེ་གའི་ལྟད་མོ་བ་ཚོའི་གདེང་འཇོག་བཟང་པོ་ཐོབ།

བཀྲ་ཤིས་རྡོ་རྗེ་ཡིས་བཤད་རྒྱུར།“ཐེངས་དང་པོར་པེ་ཅིན་དུ་འཁྲབ་སྟོན་བྱེད་སྐབས། ང་རང་གིས་ལེ་ཚན་ལ་བལྟ་ཞོར་མིག་ཆུ་དབང་མེད་དུ་ཤོར་བ་དང་། འཁྲབ་སྟོན་པ་ཚོས་འབད་བརྩོན་ལྷོད་མེད་ངང་འཁྲབ་སྟོན་བྱེད་པའི་རྣམ་པ་དང་། ཡུས་ཧྲུའུ་ས་འགུལ་ཁྲོད་རྨས་སྐྱོན་ཕོག་པ་དང་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ཡིད་ལ་དྲན་རྗེས། མིག་ཆུ་དབང་མེད་དུ་བཞུར་བ་དང་། འོན་ཀྱང་ངས་ལས་གྲོགས་ཚོར་མཐོང་དུ་འཇུག་མི་རུང་བས། གྲུ་ཟུར་ཞིག་ཏུ་བསྡད་ནས་ངུས་པ་ཡིན”ཞེས་བཤད།

《ཡུས་ཧྲུའུ་ཡིས་ནམ་ཡང་བརྗེད་མི་སྲིད》ཅེས་པའི་ཟློས་གར་འཁྲབ་མཁན་ཚན་ཆུང་གི་འཁྲབ་སྟོན་པ་རྣམས་ཡུས་ཧྲུའུ་ས་གནས་ཀྱི་མི་ཡིན་ལ། ཁོ་ཚོ་ནི་མདོ་དབུས་མཐོ་སྒང་ནས་ཡོང་བ་རེད། དབྱར་དུས་སུ་ལྷོ་ཕྱོགས་སུ་ཚ་བ་ཤིན་ཏུ་ཆེ་ལ། ཁོ་ཚོས་གོན་པ་མཐུག་པོ་གྱོན་ནས་འཁྲབ་སྟོན་བྱེད་དགོས་པས། རྒྱུན་དུ་རྔུལ་ཆུ་མང་པོ་བཞུར་ཞིང་། འཁྲབ་པའི་སྐབས་སུ་འཁྲབ་སྟོན་པ་མང་པོ་ངུས་ནས་མིག་ཆུ་དང་རྔུལ་ཆུ་མཉམ་དུ་འདྲེས་ཡོད་པས། གང་ནི་རྔུལ་ཆུ་ཡིན་པ་གསལ་བོ་མི་ཤེས།

《ཡུས་ཧྲུའུ་ཡིས་ནམ་ཡང་བརྗེད་མི་སྲིད》ཅེས་པའི་འཁྲབ་སྟོན་ལ་གྲུབ་འབྲས་ཆེན་པོ་ཐོབ། རྒྱུན་དུ་ང་ཚོའི་འཁྲབ་སྟོན་པས་གར་སྟེགས་ཐོག་འཁྲབ་སྟོན་བྱེད་སྐབས་ལྟད་མོ་བས་མིག་ཆུ་གཏོང་བཞིན་ཡོད།” བཀྲ་ཤིས་རྡོ་རྗེ་ཡིས་སྐབས་དེ་དུས་ཟླ་གསུམ་ལྷག་ཙམ་རིང་ལེགས་སྒྲུབ་བྱས་པའི་གླུ་གར་ཟློས་གར་དེར་བློ་ཡིད་ཚིམ་བཞིན་ཡོད། ཁོས་བཤད་རྒྱུར། གླུ་གར་དེ་ལས་ཡུས་ཧྲུའུ་མི་དམངས་ཀྱི་དྲིན་ཚོར་བསམ་པ་མངོན་ཡོད་ཅེས་བཤད། 《ཡུས་ཧྲུའུ་ཡིས་ནམ་ཡང་བརྗེད་མི་སྲིད》ཅེས་པའི་གླུ་གར་ཟློས་གར་ཏེ་མཚོ་སྔོན་ཞིང་ཆེན་གྱི“གཅིག་ཅན་ལྔའི་བཟོ་སྐྲུན་བྱ་དགའ”ཐོབ།

བཀྲ་ཤིས་རྡོ་རྗེ་ཡིས་གསར་འགོད་བཤད་རྒྱུར། ཁོ་ཚོས་སྐོར་སྐྱོད་འཁྲབ་སྟོན་བྱེད་སྐབས་རང་ཉིད་ཀྱིས་རླངས་འཁོར་སྐོར་བཞིན་ཡོད་པ་དང་། དང་ཐོག་འཁྲབ་ཆས་རླངས་འཁོར་དུ་འཇོག་པ་དང་ཕྱིར་ལེན་རྒྱུ་དེ་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་ནི་འཁྲབ་ཆས་ཧ་ཅང་མང་པོ་ཡོད་པས་རླངས་འཁོར་དུ་འཇོག་པ་དང་ཕྱིར་ལེན་པར་དཀའ་ལས་དང་དུས་ཚོད་རིང་པོ་འགོར་གྱི་ཡོད་པས། དུས་རྒྱུན་དུས་ཚོད་བཞི་ནས་ལྔ་ཙམ་ལ་འགོར་འགྱངས་བྱེད་གྱིན་ཡོད། འཁྲབ་སྟོན་པར་རྒྱུན་དུ་གཉིད་ས་མེད་པས་གར་སྟེགས་སྟེང་དུ་ཉལ་ནས་གཉིད་ཀྱིན་ཡོད།“ཁོ་ཚོ་ཐང་ཆད་པའི་སྣང་ཚུལ་ལ་བལྟས་ན། ངའི་སེམས་གཏིང་ནས་ཀྱང་སྙིང་རྗེ། འོན་ཀྱང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་དང་བརྩེ་བ་ཆེན་པོར་བཀའ་དྲིན་ཞུ་ཆེད། ང་ཚོ་ཅུང་ཐང་ཆད་པ་དེ་ཅི་ཡང་མིན”ཞེས་ཟེར།

2018ལོར། ཡུས་ཧྲུའུ་ཁུལ་གྱིས་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཐུན་འབྲེལ་ལྷན་ཚོགས་བཙུགས་པ་དང་། བཀྲ་ཤིས་རྡོ་རྗེ་ཚོགས་གཙོ་ལ་བསྐོས། བཀྲ་ཤིས་རྡོ་རྗེས་བློ་བརྟན་འགྱུར་མེད་ངང་བཤད་རྒྱུར།“ཚོགས་གཙོ་ཡི་འགན་འཁུར་རྗེས། ཕྲག་ཐོག་གི་འགན་འཁྲི་སྔར་ལས་ཇེ་ལྕི་རུ་སོང་ཡོད་པ་དང་། ངས་ཚོགས་གཙོའི་འགན་འཁྲིའི་ལས་དོན་ཡག་པོ་བསྒྲུབས་ནས་ཕུལ་བྱུང་གི་ཏང་ཕྱིའི་ཤེས་ལྡན་མི་སྣའི་སྣེ་ཁྲིད་དེ་ཡུས་ཧྲུའུ་ཡི་དཔལ་འབྱོར་དང་རིག་གནས། ཡུལ་སྐོར་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ནུས་ཤུགས་འདོན་རྒྱུ་ཡིན”ཞེས་བཤད།

བཀྲ་ཤིས་རྡོ་རྗེ་ཡིས་ཚོགས་གཙོ་ཡི་འགན་ལོ་བཅོ་ལྔ་ལ་འཁུར་བ་དང་རང་ཉིད་ཀྱིས་ལོ་སུམ་ཅུ་ལ་གསར་རྩོམ་བྱས། ཡུས་ཧྲུའུ་ཡི་རིག་གནས་ལས་དོན་ཆེད་འབད་བརྩོན་ཧུར་ཐག་བྱས། ལོ་ངོ་མང་པོའི་རིང་། ཁོའི་གོམས་གཤིས་ནི་ཉིན་རེའི་ཞོགས་པར་ལག་འཁྱེར་ཁ་པར་དེ་སྒྲ་མེད་པར་བཟོས་ནས་གསར་རྩོམ་བྱེད་ཀྱིན་ཡོད། ཁོས་བཤད་རྒྱུར། ལོ་རེར་ས་གནས་ཁག་ཏུ་སོང་ནས་དམངས་གཞས་འཚོལ་བསྡུ་དང་ཡུལ་དངོས་སུ་སོང་ནས་བརྟག་ཞིབ་བྱེད་ཀྱིན་ཡོད། རང་ཉིད་ཀྱི་རེ་བ་ཆེ་ཤོས་ནི་རིག་རྩལ་བརྩམས་ཆོས་རྩེ་གྲས་སྔར་ལས་མང་བ་གསར་རྩོམ་བྱ་རྒྱུ་དེ་རེད་ཟེར། ན་ནིང་། ཡུས་ཧྲུའུ་བོད་རིགས་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པ་བཙུགས་པ་དང་རྒྱལ་ཡོངས་སུ་འཁྲབ་སྟོན་བྱས་རྗེས་ཚུར་སྣང་དྲག་པོ་བྱུང་། ཁོས་བཤད་རྒྱུར། ཡུས་ཧྲུའུ་ཡི་གནོད་ཤུལ་བསྐྱར་སྐྲུན་གྱི་ལོ་ངོ་བཅུའི་རིང་ལ། ས་ཆ་དེའི་སྟེང་གྲོང་སྲིད་འཛུགས་སྐྲུན་དང་ཡང་ན་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྗེས་ཕྱོགས། ཁོའི་སྔར་བཞིན་ཐོག་མའི་སེམས་འདུན་མི་བརྗེད་པར་ལག་གི་སྨྱུ་གུ་དང་སེམས་ཀྱི་བརྩེ་དུང་གིས་མཉམ་སྒྲོག་རོལ་དབྱངས་ཤིག་བརྩམས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཡུས་ཧྲུའུ་ལ་ཕུལ་ནས་རང་ཉིད་ཀྱི་ས་གཞི་དེར་དྲིན་ལན་འཇལ་རྒྱུ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།