མདོ་དབུས་མཐོ་སྒང་གི་ཕྱུག་འགྱུར་སྣེ་ཁྲིད་པ།
2021.01.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 63

ཀ་ཀེ་རྒྱལ་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་གོམ་པ་ཆེན་པོས་བསྐྱོད་བཞིན་པ།

ཐེམ་ཆེན་རྫོང་བྲག་དམར་ཡུལ་ཚོ་རྟ་རྣ་སྡེ་བ་རུ་ཕྱུགས་འཚོ་བའི་འཇོན་ཐང་མི་སྣ་ཞིག་ཡོད། ཁོས་ཞུམ་པ་མེད་པ་དང་འཚོལ་ཞིབ་བྱེད་ཕོད་པའི་སྙིང་སྟོབས་ལ་བརྟེན་ཏེ། འབྲོག་མི་དཀྱུས་མ་ཞིག་ནས་སྐད་གྲགས་ཆེ་བའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད་ལ། ཁོའི་མིང་ལ་ཀ་ཀེ་རྒྱལ་ཟེར།

ད་ལོ་ལོ་ལྔ་བཅུ་ལྷག་ལ་སླེབས་པའི་ཀ་ཀེ་རྒྱལ་ནི་རྟ་རྣ་སྡེ་བའི་སྡེ་མི་ཞིག་རེད། ལོ་འགའི་སྔོན་གྱི་རྟ་རྣ་སྡེ་བའི་སྡེ་མིའི་ཡོང་སྒོ་གཙོ་བོ་ནི་ཕྱུགས་འཚོ་བར་བརྟེན་བཞིན་ཡོད་མོད། འོན་ཀྱང། སྐབས་དེ་དུས་ནོར་ལུག་གསོ་ཁ་ནས་འབུད་ཚད་དང་ཕྱིར་ཚོང་གི་ཐད་གནད་དོན་གནས་ཡོད། གནད་དོན་དེ་དག་མཐོང་རྗེས་ཀ་ཀེ་རྒྱལ་གྱིས་བསམ་གཞིགས་ནན་མོ་བཏང་པ་བརྒྱུད། མཉམ་ལས་ཁང་བཙུགས་ནས་ཡོང་འབབ་འཕར་སྣོན་བྱས་ཏེ་ཕྱུག་འགྱུར་གྱི་ལམ་དུ་སྙེག་རྒྱུའི་ཐག་བཅད།

སློབ་སྦྱོང་དང་འཚོལ་ཞིབ་མང་པོ་བྱས་པ་བརྒྱུད། 2014ལོར། ཀ་ཀེ་རྒྱལ་གྱིས་སྲིད་གཞུང་གི་སྲིད་ཇུས་དང་ཐོན་ལས་དབུལ་སྐྱོར་ལས་གཞིའི་རོགས་སྐྱོར་ལ་བརྟེན་ནས། ཐེམ་ཆེན་རྫོང་རྟ་རྣ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ལས་སྐྲུན་གྱི་ལམ་བུར་སྐྱོད་འགོ་ཚུགས། ལོ་ངོ་མང་པོའི་རིང་འབད་བརྩོན་བྱས་པ་བརྒྱུད། མཉམ་ལས་ཁང་གིས་དང་ཐོག་གི་སྣ་གཅིག་གི་གསོ་སྤེལ་ཁོ་ནར་མ་བརྟེན་པར་མཉམ་ལས་ཁང་གིས་ནོར་གནག་དང་ལུག འོ་མའི་ཐོན་རྫས་ལས་སྣོན་དང་ཕྱིར་འཚོང་བཅས་ཀྱི་ཐད་འཕེལ་རྒྱས་བཏང་བ་མ་ཟད། ཁོ་ཡང་སྡེ་བའི་ནང་གི་འཇོན་མི་རུ་གྱུར་བ་དང་། སྡེ་མིའི་སྣེ་ཁྲིད་དེ་ཡོང་སྒོ་འཕར་སྣོན་གྱི་ཕྱུག་འགྱུར་ཕུགས་འདུན་མངོན་འགྱུར་བྱུང་།

ཀ་ཀེ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར།“དེ་སྔོན་ང་ཚོའི་ཕྱུགས་ལས་ཀྱི་གྲུབ་ཚུལ་སྣ་གཅིག་ཡིན་པ་དང་ཕྱུགས་ལས་ཐོན་སྐྱེད་ཀྱི་ཚོང་གཉེར་རྣམ་པ་རྗེས་ལུས་ཡིན་པ། ལྷག་པར་དུ་ཕྱུགས་ལས་ཐོན་རྫས་དང་འོ་མའི་ཐོན་རྫས་ཕྱིར་ཚོང་འབྲེལ་ལམ་དཀོན། ངས་ཆེད་ལས་མཉམ་ལས་ཁང་བཙུགས་པ་བརྒྱུད་ནས། ཕྱུགས་ལས་རྐྱང་པའི་གསོ་སྤེལ་ཁྱིམ་ཚང་ལ་ཚོང་ལས་འབྲེལ་ལམ་དང་བརྗེ་རེས་ཀྱི་སྟེགས་བུ་ཡག་པོ་ཞིག་འདོན་སྤྲོད་བྱས་ཏེ། རྟ་རྣ་སྡེ་བའི་ཕྱུགས་ལས་གསོ་སྤེལ་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྩིས་ཡོད”ཟེར།

ལོ་འགའི་རིང་ལ། འབྲོག་པ་མང་ཚོགས་སྔར་ལས་མང་པོ་མཉམ་ལས་ཁང་དུ་ཞུགས་པ་དང་། བཙུན་ཐར་ནི་དེའི་གྲས་ཀྱི་གཅིག་རེད། ལོ་དྲུག་གི་ནང་། མཉམ་ལས་ཁང་རིམ་བཞིན་འཕེལ་རྒྱས་དང་སྟོབས་ཆེར་སོང་བ་དང་། བཙུན་ཐར་གྱིས་རང་ཉིད་ཀྱི་རྒྱུན་འཁྱོངས་ལ་སྔར་ལས་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད། ད་ལྟ་མཉམ་ལས་ཁང་ལ་རང་ཉིད་ཀྱི་བཞོན་མ་གསོ་བའི་ར་བ་ཡོད་པ་དང་། བཙུན་ཐར་ནི་གནས་དེའི་འགན་འཁུར་བ་རེད། ཁོའི་ཆུང་མ་ནི་འོ་མ་བཞོ་མཁན་ཡིན་ལ། ཁོ་ཚང་གི་བཟའ་མི་གང་བོ་ཉིན་རྒྱུན་བྲེལ་འཚུབ་ཀྱིས་ཁེངས་ཡོད་པས། འབྱོར་འབྲིང་འཚོ་བའི་ཕྱོགས་ལ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་ཀྱིན་ཡོད།

“ཀ་ཀེ་རྒྱལ་གྱི་རྗེས་སུ་འབྲངས་ནས་ངེད་ཚང་ལ་འགྱུར་ལྡོག་ཆེན་པོ་བྱུང་ལ། ཁྱིམ་གྱི་ཡོང་འབབ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་དེ་དག་ཚང་མར་ཀ་ཀེ་རྒྱལ་ལ་ཐུགས་རྗེ་ཆེ་ཞུ་དགོས། ངས་མུ་མཐུད་དུ་ལས་ཀ་ཡག་པོ་ལས་ནས་ཁྱིམ་ཚང་གི་ཡོང་འབབ་སྔར་ལས་ལྡབ་གཅིག་འཕར་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཙུན་ཐར་གྱིས་དེ་ལྟར་བཤད།

མཉམ་ལས་ཁང་དུ་ཞུགས་མཁན་རྟ་རྣ་སྡེ་བ་ཁོ་ནའི་མང་ཚོགས་མ་ཡིན་པར་ཉེ་འགྲམ་གྱི་སྡེ་བའི་སྡེ་མི་ཡང་ཡོད། ཀླུ་འབུམ་ཚེ་རིང་གིས2018ལོར་ནོར་ལུག་མ་རྐང་དུ་བཞག་ནས་མཉམ་ལས་ཁང་དུ་ཞུགས། ཕྱོགས་གཅིག་ནས་རྐང་འཛིན་མཁན་ཡིན་པ་དང་ཕྱོགས་གཞན་ཞིག་ནས་འོ་མ་སྐྱེལ་བའི་ལས་ཀ་གཉེར་གྱིན་ཡོད། ཁོས་གསར་འགོད་པར་བཤད་རྒྱུར།“ང་རང་རྟ་རྣ་སྡེ་བའི་སྡེ་མི་མིན་ཡང་། འོན་ཀྱང་རྟ་རྣ་སྡེ་བའི་མཉམ་ལས་ཁང་གི་འཕེལ་རྒྱས་ལ་ང་རང་ཡིད་ཆེས་ཆེན་པོ་ཡོད། ངའི་ཁྱིམ་གྱི་ནོར་ལུག་དང་རྩྭ་ས་མ་རྐང་དུ་བཞག་རྗེས། ཆུང་མ་དང་མཉམ་དུ་མཉམ་ལས་ཁང་དུ་འོ་མ་སྐྱེལ་མཁན་དང་འོ་མ་བཞོ་མཁན་བྱས་ཡོད། 2018ལོར་ངེད་ཚང་གི་ཡོང་སྒོ་སྒོར་འབུམ་གཅིག་ཡིན་པ་དང་། 2019ལོར་ཡོང་འབབ་སྒོར་འབུམ་གཅིག་དང་ཁྲི་ལྔ་ཡོད། ད་ལྟའི་འཚོ་བ་ཧ་ཅང་ཡག་པོ་བཟང”ཟེར།

ཐེམ་ཆེན་རྫོང་རྟ་རྣ་མཉམ་ལས་ཁང་གིས་དབུལ་པོར་འགྱུར་རྐྱེན་ལ་གཞིགས་ནས། དབུལ་སྐྱོར་དཀའ་སེལ་གྱི་འཆར་གཞི་བཟོས་ཏེ། མོ་ཕྱུགས་བརྒྱ་ཉོས་ནས་དབུལ་ཕོངས་ཁྱིམ་ཚང་དུ་བགོས་པས། དབུལ་ཕོངས་ཁྱིམ་ཚང་གི་མ་རྐང་དང་ཐོན་སྐྱེད་ནུས་པ་ཇེ་མཐོར་བཏང་བ་མ་ཟད། ད་དུང་དབུལ་ཕོངས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་དང་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུར་ཡང་ཕན་ཐོགས་པ་རེད། 2017ལོར། མཉམ་ལས་ཁང་གིས་དབུལ་སྐྱོར་དཀའ་སེལ་གྱི་འཆར་གཞིའི་སྐུལ་འདེད་ཆེན་པོའི་འོག རྟ་རྣ་སྡེ་བ་ཧྲིལ་པོའི་དབུལ་ཐར་གྱི་དམིགས་འབེན་མངོན་འགྱུར་བྱུང་།

ད་ལྟའི་ཀ་ཀེ་རྒྱལ་གྱི་ཕུགས་འདུན་ཆེས་ཆེ་བ་ནི་རྟ་རྣ་སྡེ་བའི་འབྲོག་པ་ཚང་མ་ཕྱུག་པོར་འགྱུར་རྒྱུ་དེ་ཡིན་ལ། དེ་ནི་མཉམ་ལས་ཁང་འཛུགས་པའི་ཐོག་མའི་བསམ་འདུན་རེད། ཁོ་ཚོས་མཉམ་ལས་ཁང་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་བརྗེད་མེད། རིམས་ནད་བྱུང་བའི་དུས་སྐབས་སུ། ཀ་ཀེ་རྒྱལ་གྱིས་མཉམ་ལས་ཁང་གི་ཁོངས་མི་རྩ་འཛུགས་བྱས་ནས་ཝུའུ་ཧན་ལ་སྒོར་ཁྲི་གསུམ་གྱི་ཞལ་འདེབས་ཕུལ་བ་རེད།

ཀ་ཀེ་རྒྱལ་གྱིས་བཤད་རྒྱུར། “རང་ཉིད་ཀྱིས་ཡོང་སྒོ་བཙལ་བ་དང་ཚང་མའི་སྣེ་འཁྲིད་དེ་ཡོང་སྒོ་བཙལ་བའི་ཚོར་བ་མི་གཅིག་ལ། སེམས་སུ་གྲུབ་འབྲས་ཆེན་པོ་ཐོབ་པའི་བསམ་པ་ཞིག་ཡོད། ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་ཚེ་གསོ་སྤེལ་གྱི་བྱ་བ་ལེགས་འགྲུབ་འབྱུང་སྲིད་ལ། མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ད་ལོ་ང་ཚོས་སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞིའི་སྟེང་། ཐོན་ལས་གཉིས་པ་དང་གསུམ་པའི་འཕེལ་རྒྱས་འདེགས་སྐྱོར་ལ་བརྟེན་ནས་ངལ་རྩོལ་ནུས་ཤུགས་ལྷག་མའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱ་ཆེད་རོགས་སྐྱོར་བྱེད་རྒྱུ་ཡིན”ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།