དག་ཞིང་ལྟ་བུའི་མི་ཡུལ་གྱི་ཚེས་མཛེས་པའི་སོ་སྲུང་པ།
2021.02.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 150

—ཆེས་མཛེས་པའི་གཞུང་ཞབས་པ།  མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་།  འབྲི་ཆུའི་འགོ་ཁུངས་གླིང་ཁུལ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཏང་ཨུའི་ཧྲུའུ་ཅི།  ཀྲུའུ་རིན་བུ་ཕྲུག་གི་གནས་ཚུལ་བཀོད་པ།

བུ་ཕྲུག(དཀྱིལ)དང་རུ་མི་ཚོ་སྐོར་ཞིབ་ཏུ་འགྲོ་བའི་ལམ་ཁ་རུ།

“ཨ་ཆེན་གངས་རྒྱབ་ཏུ་སླེབས་ཚེ། ཁྱེད་ཀྱིས་ཆུ་རྒྱུན་རིང་མོ་དང་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་མཐོང་པ་ན་གནས་འདི་ཆེས་མཛེས་སྡུག་གི་གནས་མཆོག་ཅིག་ཡིན་པ་ཤེས་ཐུབ་ལ། ང་ནི་དེའི་ཁྲོད་ཀྱི་ཟུར་ཙམ་ཡིན”ཞེས་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་། འབྲི་ཆུའི་འགོ་ཁུངས་གླིང་ཁུལ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཏང་ཨུའི་ཧྲུའུ་ཅི།  ཀྲུའུ་རིན་བུ་ཕྲུག་གིས་རང་ཉིད་ཆེས་མཛེས་པའི་གཞུང་ཞབས་པར་བདམས་པ་ཤེས་ནས། ཆེས་བབ་ཆགས་ཀྱི་སྐད་ཆ་དེ་བཤད།

འཛམ་གླིང་ཡང་རྩེའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་ཡུལ་དང་པོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། བུ་ཕྲུག་གིས་ཨ་ཆེན་གངས་རྒྱབ་ཏུ་ལོ་བཅུའི་རིང་བརྟན་སྲུང་བྱས།  ཁོས་རུ་མི་ཚོ་དང་མཉམ་དུ་ཨ་ཆེན་གངས་རྒྱབ་དཀའ་ཚེགས་ཆེན་པོས་ལྟ་སྲུང་བྱས་པ་དང་། ཨ་ཆེན་གངས་རྒྱབ་དཀའ་ཚེགས་ཆེན་པོས་གསོ་སྐྱོང་སླར་གསོ་བྱེད་པའི་ལམ་བུའི་སྟེང་ཐུན་མོང་གི་འབད་བརྩོན་བདེན་དཔང་བྱས་པ་མ་ཟད། ཨ་ཆེན་གངས་རྒྱབ་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་ལྗང་མདོག་གི་རྣམ་པ་དང་ཆུ་རྒྱུད་ཕུན་སུམ་ཚོགས་པའི་རང་བྱུང་གི་མཛེས་ཉམས་རོལ་མྱོང་བྱས།

ཐེངས་དང་པོར་བུ་ཕྲུག་ལ་ཐུག་སྐབས། ཁོའི་ངོ་གདོང་ནག་ལ་མིག་མདངས་ཀྱིས་མི་རྣམས་ལ་བློ་བརྟན་འགྱུར་མེད་ཀྱི་ཚོར་བ་ཞིག་སྟེར་སྲིད།  ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ལོ་བཅུའི་རིང་གི་བྱ་བ་དང་འཚོ་བ་འདྲི་སྐབས། བུ་ཕྲུག་གིས་ལན་བཏབ་པ་ནི་རི་ལ་སྐོར་ཞིབ་བྱེད་རྒྱུ་དེ་རེད་ཟེར། དེ་ནི་ཧ་ཅང་གཟི་བརྗིད་ལྡན་པའི་ལས་ཀ་ཅིག་རེད།

“རི་ལ་སྐོར་ཞིབ་བྱ་རྒྱུ་ནི་ངའི་རྒྱུན་ལྡན་གྱི་ལས་ཀ་ཞིག་ཡིན། རུ་མི་ཚོ་དང་མཉམ་དུ་ཨ་ཆེན་གངས་རྒྱབ་མི་མེད་ས་ཁུལ་དུ་བསྐྱོད་ནས། ལམ་ཐིག་གཏན་འཁེལ་བྱས་པ་བརྒྱུད་དེ་སླར་ཡང་སྲུང་སྐྱོབ་ས་ཚིགས་སུ་ཉིན་ཁ་ཤས་རིང་བྱ་བ་སྒྲུབ་ནས་མེ་སྐྱོན། ལྐོག་རྔོན་དང་རྐུ་ཁྱེར། བསྡོམས་རྩིས་ལམ་བུའི་སྟེང་འཕྲད་པའི་སྲོག་ཆགས་དང་རྩི་ཤིང་གི་གྲངས་ཀ་བཅས་སྐོར་ཞིབ་ཉིན་ཐོར་འགོད་ཀྱིན་ཡོད”ཟེར།

ཨ་ཆེན་གངས་རྒྱབ་མི་མེད་ས་ཁུལ་གྱི་ས་དབྱིབས་རྙོག་འཛིང་ཆེ་སྟེ། བྱེ་ཐང་དང་ཆུ་བོ། གཡང་གཟར། གངས་རི། བྱེ་མ། འདམ་རྫབ་སོགས་ཡོད་པ་དང་།  སྤྱི་ལེ་ངོས་སྙོམས་གྲུ་བཞི་གཅིག་མན་གྱི་མཚེའུ་སྟོང་བདུན་ལྷག་ཙམ་ཡོད་པས། “མཚེའུ་སྟོང་གི་གནས་མཆོག”རེད་ཅེས་བརྗོད་ཆོག

དབྱར་དུས་སུ་གལ་སྲིད་ཁངས་ཆར་བབས་ཚེ། འདམ་རྫབ་གང་སར་ཁྱབ་པ་དང་ཆུ་བོ་ཇེ་ཆེར་འགྲོ་བས། ག་ས་གང་དུ་ཉེན་ཁ་ཡོད་པ་དང་ལམ་གྱི་གནས་ཚུལ་ཧ་ཅང་ཞན་ལ། མི་དང་རླངས་འཁོར་འདམ་རྫབ་ཏུ་ལྷུང་སྲིད་པས་དཀའ་སྡུག་ཚད་མེད་མྱོང་སྲིད།

“སྐོར་ཞིབ་བྱེད་ཐེངས་གཅིག་ལ་དུས་རྒྱུན་ཉིན་བཅུ་ནས་ཟླ་ཕྱེད་ཙམ་དགོས། ང་ཚོར་སྲོལ་རྒྱུན་ཞིག་ཡོད་པ་ནི་སྐོར་ཞིབ་རུ་མི་སྐོར་ཞིབ་བྱེད་དུ་འགྲོ་སྐབས་ལས་བཟོ་བ་ཡོངས་དང་ཁྱིམ་མི་ཚང་མ་ར་སྐོར་དུ་ཡོང་ནས་སྐྱེལ་མ་བྱེད་ཀྱིན་ཡོད། རྒྱུ་མཚན་ནི། ཐེངས་རེར་སྐོར་ཞིབ་བྱེད་སྐབས་འཕྲད་པའི་དཀའ་ཚེགས་དང་ཉེན་ཁ་ནི་བློ་ཡུལ་ལས་འདས་པ་ཞིག་རེད། གསལ་པོ་བཤད་ན་ཕྱིར་ཡོང་རྒྱུ་ཡོད་མེད་མི་ཤེས་པ་རེད”ཅེས་བུ་ཕྲུག་གིས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད།

ཁ་ནས་བཤད་ན་དེ་ནི་རིན་ཐང་མེད་པའི་སྤྱིར་བཏང་གི་སྐད་ཆ་ཚིག་གཅིག་ཡིན་མོད། འོན་ཀྱང་། ཚེ་སྲོག་གི་བཀག་སྡོམ་ས་ཁུལ་དུ་ཁ་ཆར་བུ་ཡུག་དྲག་ཏུ་ལྡིང་ཤིང་། སྐད་ཆ་དེའི་རྒྱབ་ཀྱི་དཀའ་སྡུག་གི་གཏམ་རྒྱུད་ནི་བུ་ཕྲུག་དང་ཁོའི་རུ་མི་ཚོ་མ་གཏོགས་སུས་ཀྱང་རྟོགས་མི་ཐུབ།

2013ལོའི་ཟླ་བདུན་པར། ཨ་ཆེན་གངས་རྒྱབ་ཀྱི་སྐོར་ཞིབ་རུ་མིས་ཞིན་ཅང་གི་ས་ཁོངས་ནས་སྲུང་སྐྱོབ་ས་ཁུལ་དུ་འཛུལ་བའི་ཁྲིམས་འགལ་གྱི་གསེར་བརྐོ་བའི་ཚོགས་པ་འཛིན་བཟུང་བྱས་ནས། ཁྲིམས་འགལ་གྱི་གསེར་བརྐོ་བའི་མི་སྣ་ང་གསུམ་དང་འཕྲུལ་ཆས་ཆེ་གྲས་ཀྱི་རླངས་འཁོར་བཅུ་བཞི་འཛིན་བཟུང་བྱས།

“སྐབས་དེ་དུས་ངས་སེམས་ཁྲལ་ཆེ་ཤོས་ནི་ཉེས་ཅན་དེ་དག་གིས་འགོག་རྒོལ་བྱེད་རྒྱུ་དེ་ཡིན་ལ། སྐོར་ཞིབ་རུ་དཔོན་དང་སྐོར་ཞིབ་རུ་མི་བདུན་བཀོད་སྒྲིག་བྱས་ཏེ་གསེར་བརྐོ་བའི་ཡུལ་དངོས་སུ་སོང་ནས་གཙང་སེལ་བྱེད་དུ་བཅུག་རྗེས། ཉེས་ཅན་དེ་དག་འཛིན་བཟུང་བྱས་ཏེ་ན་གོར་མོ་གྲོང་ཁྱེར་དུ་སྐྱེལ་བ་ཡིན”ཅེས་བཤད།

ལམ་བར་དུ་བུ་ཆུང་གཉིད་པ་ཕར་ཞོག་ལྷོད་གཡེང་ཏོག་ཙམ་ཡང་བྱེད་མི་ཕོད་པར་རུ་མི་ཚོ་དང་མཉམ་དུ་ཁྲིམས་འགལ་བ་སྤྱི་ལེ་སྟོང་གཅིག་བརྒྱ་ཡོད་པའི་གནས་སུ་སྐྱེལ། ལམ་ཐག་སྤྱི་ལེ་སྟོང་གཅིག་དང་བརྒྱ་ཡི་གནས་དེ་ལ་བུ་ཕྲུག་དང་ཁོའི་རུ་མི་རྣམས་ཉིན་ཞག་བརྒྱད་དུ་བསྐྱོད་པ་རེད། ན་གོར་མོ་གྲོང་ཁྱེར་དུ་ཐོན་པ་ནས་བཟུང་བུ་ཕྲུག་གི་བློ་སེམས་ཅུང་བདེ་བར་གྱུར།

ཕྱིར་ལོག་རྗེས་བུ་ཕྲུག་གིས་ཅི་ཡང་མ་བཤད་པར་ལག་པས་རུ་མི་ཚོའི་ཕྲག་པར་དལ་མོས་རྡེབ།  “རུ་མི་ལ་ལ་ཧ་ཅང་ལོ་ཆུང་ཡིན་ལ། ཁོ་ཚོས་ཞིང་ཆེན་དུ་སོང་ནས་བྱ་བ་སྒྲུབ་པའི་གོ་སྐབས་བསྐྱུར་ནས་དཀའ་ངལ་ལ་མི་འཛེམ་པར་གནས་འདིར་སླེབས། འོན་ཀྱང་སྐབས་དེ་དུས་གནས་ཚུལ་ཞིག་བྱུང་ཚེ་ངས་ཇི་ལྟར་བྱས་ནས་ཁོ་ཚོའི་ཕ་མར་བཤད་དགོས་སམ”ཅེས་བུ་ཕྲུག་གིས་དེ་ལྟར་བཤད་ཞོར་མགོ་བོ་ཕར་འཁོར།

ལོ་བཅུའི་རིང་ལ། བུ་ཕྲུག་གི་རྩ་འཛུགས་འོག་སྔ་རྗེས་སུ་གཞི་ཁྱོན་ཆེན་པོའི་རི་ལ་སྐོར་ཞིབ་ཐེངས་བརྒྱ་དང་ཉི་ཤུ་ལྷག་ཙམ་བྱས་པ་དང་། གཞི་ཁྱོན་འབྲིང་ཆུང་གི་རི་ལ་སྐོར་ཞིབ་ཐེངས་སྟོང་གཅིག་དང་ཉིས་བརྒྱ་ལྷག་ཙམ་བྱས། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་གྱོད་གཞི་ཉི་ཤུ་ཙམ་རྩད་ཆོད་ལ། ཉེས་ཅན་དང་ཁྲིམས་འགལ་མི་སྣ་སུམ་བརྒྱ་ལྷག་འཛིན་བཟུང་བྱས་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ས་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད་པ་རེད།

ཉིན་ཞེ་བརྒྱད་རིང་བུ་ཕྲུག་དང་ཁོའི་ལས་རོགས་ཚོས་ཀྱང་མི་མེད་ས་ཁུལ་དུ་རི་ལ་སྐོར་ཞིབ་དང་ལྐོག་རྔོན་ལ་ངོ་རྒོལ་བྱེད་པའི་མིའི་རིགས་མཐོང་རྒྱུ་མེད་པའི་ཟིན་ཐོ་གསར་དུ་བཏོད།

2016ལོའི་ཐེངས་ཤིག་གི་ཉམས་མྱོང་ལས་བུ་ཕྲུག་གིས་ཚེ་སྲོག་གི་དོན་སྙིང་ལ་བསྐྱར་དུ་མཚན་ཉིད་བཀོད།

སྐབས་དེ་དུས། སྲུང་སྐྱོང་ས་ཁུལ་གྱི་ལྟེ་བའི་ཁུལ་དུ་ཟླ་བརྒྱད་པའི་ཟླ་སྨད་ལ་གློ་བུར་དུ་ཁངས་ཆར་བབས་ནས་དྲོད་ཚད་མར་ཆག་པ་དང་། འདམ་རྫབ་སོགས་ཀྱིས་རི་ལ་སྐོར་ཞིབ་བྱེད་པའི་རླངས་འཁོར་འགྲོ་སྐྱོད་ཧ་ཅང་བྱེད་དཀའ་བར་གྱུར་ཏེ། རི་ལ་སྐོར་ཞིབ་བྱེད་པའི་རུ་མི་དྲུག་གིས་ལས་འགན་ལེགས་འགྲུབ་བྱས་ནས་ཕྱིར་ལོག་པའི་ལམ་བར་དུ་ཉེན་ཁའི་གནས་སུ་ལྷུང་།

སྐབས་དེར་བུ་ཕྲུག་གིས་མྱུར་དུ་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་བཀོད་འདོམས་ལྟེ་གནས་སུ་བྱས་ནས། རོགས་སྐྱོབ་རུ་ཁག་ཁྲིད་དེ་ལྟེ་བའི་ས་ཁུལ་དུ་བསྐྱོད།  ཁོ་ཚོས་ཕན་ཚུན་ལ་སྐུལ་མ་གཏོང་བ་དང་བབ་བརླིང་བརྟན་གསུམ་ངང་ཉིན་བཅུ་གཉིས་ཀྱི་རིང་དར་སྟེང་དུ་གོག་པ་དང་གངས་ཀྱི་གནས་སུ་ཞག་སྡོད་བྱེད་པ་བཅས་དཀའ་ཚེགས་ཆེན་པོ་བརྒྱུད་ནས། བུ་ཕྲུག་གིས་རུ་མི་ཚང་མ་བདེ་འཇགས་ངང་བཅའ་སྡོད་བྱས་སའི་ན་གོར་མོ་གྲོང་ཁྱེར་དུ་ཐོན།

“ཉིན་དེ་ནས་བཟུང་ངའི་བསམ་པར་མིའི་རིགས་ནི་དངོས་འབྲེལ་ཆུང་ཆུང་ཞིག་ཡིན་པས། རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པ་དང་མཉམ་དུ་ཚེ་སྲོག་ལའང་བརྩི་འཇོག་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱིན་ཡོད”ཟེར།

ད་ལྟ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་གླིང་ཁུལ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རིན་བུ་ཕྲུག་གིས་སེམས་ཤུགས་ཡོད་ཚད་མཐོ་དབུས་མཐོ་སྒང་གི་སྲོག་ཆགས་ཀྱི་སྟེང་དུ་བཞག་ཡོད།

ལོ་རེའི་ཟླ་བཞི་བ་ནས་ལྔ་བའི་བར། གཙོད་སྟོང་ཕྲག་འགའ་བོད་ལྗོངས་ཀྱི་བྱང་ཐང་སྲུང་སྐྱོབ་ས་ཁུལ་དང་ཞིན་ཅང་གི་ཨར་ཅིན་རི་བོའི་སྲུང་སྐྱོབ་ས་ཁུལ་དུ་གནས་སྤོར་བྱེད་ཀྱིན་ཡོད། གཙོད་དེ་དག་ཨ་ཆེན་གངས་རྒྱབ་མི་མེད་ས་ཁུལ་བརྒྱུད་ནས་གཙོད་གནས་མཚོའི་ཉེ་འགྲམ་དུ་ཕྲུ་གུ་སྐྱེས་པ་དང་དེ་རྗེས་སླར་ཡང་རང་སར་ཕྱིར་ལོག་ཀྱིན་ཡོད།  “ད་ལྟ་ངས་ལས་ཀ་གཙོ་བོ་ནི་ཁོ་ཚོར་སྲུང་སྐྱེལ་བྱ་རྒྱུ་དེ་ཡིན། ཁོ་ཚོ་ཐེངས་གཉིས་ལ་མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ་བརྒྱུད་དགོས་པས། ང་ཚོས་དུས་ཐུང་གི་འགྲིམ་འགྲུལ་བཀག་སྡོམ་བྱས་པ་དང་། ཕྱོགས་གཉིས་ནས་ལམ་བཀག་རྗེས་གཙོད་འགྲོ་རུ་བཅུག་པ་ཡིན”ཅེས་བཤད།

དེ་ལས་གཞན། བུ་ཕྲུག་དང་ཁོའི་རུ་མི་ཚོས་ད་དུང་བརྙན་དང་འདྲ་པར་ཉར་ཚགས་བྱེད་དགོས་པ་དང་། ཉིན་རེའི་གློག་མིག་གི་བརྙན་ལ་ཐེངས་བཅུ་ཕྲག་འགའ་བལྟས་ནས་གནས་སྤོས་དང་ཕྱིར་ལོག་གི་གྲངས་ཀ་རྩིས་རྒྱག་དགོས།

“ཨ་ཆེན་གངས་རྒྱབ་ཀྱི་སྲུང་སྐྱོབ་ས་ཚིགས་མི་འདྲ་བར་འགན་འཁྲི་ཡང་མི་འདྲ་བ་ཡོད། སྨུག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་ནི་གཙོད་གནས་སྤོ་བྱེད་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་ནས་གཙོད་བདེ་འཇགས་ངང་ཕར་འགྲོ་རུ་འཇུག་པ་དང་། གཙོད་གནས་མཚོ་སྲུང་སྐྱོབ་ས་ཚིགས་ནི་གཙོད་ཕྲུག་སྐྱེ་སྐབས་གཅན་གཟན་གཞན་དག་གིས་གནོད་པ་སྐྱེལ་དུ་མི་འཇུག་པའི་ཆེད་རེད། བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ནི་ཆེད་སྤྱོད་མྱུར་སྐྱོབ་ལྟེ་གནས་ཤིག་རེད”ཅེས་བུ་ཕྲུག་གིས་དེ་ལྟར་བཤད།

སྐབས་འགར་གནས་སྤོ་བའི་ལམ་བར་དུ་བོར་སོང་བའི་གཙོད་ཕྲུག་དང་འཕྲད་སྐབས། བུ་ཕྲུག་དང་རུ་མི་ཚོས་རང་གི་བྱིས་པ་དང་འདྲ་བར་གནས་སྐབས་སུ་བདག་སྐྱོང་བྱེད་ཀྱིན་ཡོད།

“གཙོད་ཕྲུག་ཕྱིར་གཙོད་ཁྱུ་རུ་གཏོང་སྐབས། ཚང་མའི་སེམས་ལ་ཚོར་སྣང་བརྗོད་མི་ཤེས་པ་ཡོད། ཕར་ལ་བཏང་རྗེས་གཙོད་ཕྲུག་ཕྱིར་རྒྱུགས་ཡོང་བ་དང་། ཡང་བསྐྱར་བཏང་རྗེས་གཙོད་ཕྲུག་གིས་ཁྱོད་ལ་ཕྱིར་མིག་གིས་བལྟ་སྲིད་པས་སྐབས་དེར་སེམས་ཧ་ཅང་སྐྱོ།  ཐེངས་གཉིས་ལ་དེད་རྗེས་གཙོད་ཁྱུ་དང་འགྲོགས་ནས་འགྲོ་སྲིད།  གཙོད་ཚང་མ་འདྲ་འདྲ་ཡིན་པས་དབྱེ་བ་འབྱེད་མི་ཐུབ་ལ། མི་མེད་ས་ཁུལ་ཆེ་དྲགས་པས་རྗེས་ཕྱོགས་ཕལ་ཆེར་གཙོད་ཕྲུག་གཏན་ནས་མཐོང་མི་སྲིད།  འོན་ཀྱང་། གཙོད་ལ་རོགས་རམ་བྱེད་པར་འགོག་རྐྱེན་མང་པོ་བཟོ་མི་རུང་། སྐབས་རེར་སྤྱང་ཀིས་གཙོད་ཟ་བ་མཐོང་སྐབས་སེམས་སུ་སྐྱོ་སྣང་ཆེན་པོ་སྐྱེ་ལ་སྤྱང་ཀི་མཐར་སྐྲོད་གཏོང་དགོས་སྙམ་ཡང་བྱ་ཐབས་མེད། དེ་ནི་སྐྱེ་ཁམས་དོ་སྙོམས་དང་ཟས་རིགས་ཀྱི་འབྲེལ་ཐག་ཅིག་རེད”ཅེས་བུ་ཕྲུག་གིས་དེ་ལྟར་བཤད།

བུ་ཕྲུག་དང་རུ་མི་ཚོས་ཁྲིམས་ལག་བསྟར་ནན་མོ་བྱས་འོག གཙོད་ལྐོག་རྔོན་བྱེད་པའི་གྱོད་གཞི་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད། 2009ལོ་ནས་བཟུང་། བསྟུད་མར་ལོ་བཅུ་གཅིག་གི་རིང་ལ་ལྐོག་རྔོན་བྱེད་པའི་གྱོད་གཞི་གཅིག་ཀྱང་མ་བྱུང་བ་དང་། སྲུང་སྐྱོབ་ས་ཁུལ་གྱི་གཙོད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། གཙོད་སོགས་རི་སྐྱེས་སྲོག་ཆགས་རྣམས་ཀྱིས་བག་ཕེབས་ངང་འཚོ་སྡོད་དང་རྒྱུད་སྤེལ་བྱེད་བཞིན་ཡོད་པས། ཨ་ཆེན་གངས་རྒྱབ་ནི་མིང་དོན་མཚུངས་པའི“སྲོག་ཆགས་ཀྱི་གླིང་ཀ”ཞིག་ཏུ་གྱུར་ཡོད།

བུ་ཕྲུག་གིས་བཤད་རྒྱུར། “ཨ་ཆེན་གངས་རྒྱབ་ཏུ་བྱ་བ་སྒྲུབ་ན་བསམ་པ་རྣམ་དག་དང་བཟོད་སེམས། དུས་ཚོད། སེམས་ཤུགས་བཅས་སྔར་ལས་མང་བ་འདོན་དགོས”ཟེར། རྒྱུ་མཚན་ནི་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་བྱེད་པའི་སྤྱིར་བཏང་མིན་པའི་ལོ་ཟླའི་ནང་བུ་ཕྲུག་གིས་བྱ་བ་སྒྲུབ་ན་ཧ་ཅང་གཟབ་ནན་རེད། གཏན་འཁེལ་བྱས་པའི་དོན་དངོས་ལ་ནོར་འཁྲུལ་ཤོར་མི་རུང་བ་དང་། གནད་དོན་རྙེད་ཚེ་ཕྱོགས་རིས་བྱེད་མི་རུང་བ། སྲོག་ཆགས་ཀྱི་གྲངས་ཀ་ཐོ་འགོད་བྱས་ཚེ་ནོར་འཁྲུལ་ཤོར་མི་ཆོག་པ་དེ་རེད།

ལོ་བཅུ་ཕྲག་གི་རིང་ལ། བུ་ཕྲུག་གིས་ཨ་ཆེན་གངས་རྒྱབ་སྐྱེ་ཁམས་སྲུང་སྐྱོབ་བྱ་ཆེད་རང་ཉིད་ཀྱི་ལང་ཚོ་ཕུལ་བ་རེད།  དཀའ་ངལ་དང་ཉེན་ཁ་ཐེངས་མང་འཕྲད་སྐབས། ཁོ་དུས་ནམ་ཡིན་ཡང་གདོང་མཆོང་སྔོན་ལ་བྱེད་པ་དང་རང་དཔེ་གཞན་སྟོན་བྱེད་པ། འགན་འཁྲི་ལྕི་མོ་འཁུར་ཕོད་པ། ཨ་ཆེན་གངས་རྒྱབ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཡུལ་དངོས་སུ་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ་དང་། སྐྱེ་ཁམས་དམར་ཐིག་ལ་སྲུང་སྐྱོབ་ནན་མོ་བཅས་བྱེད་ཀྱིན་ཡོད།

དོན་དངོས་སུ། ཨ་ཆེན་གངས་རྒྱབ་བརྟན་སྲུང་བྱེད་པའི་སྙིང་སྟོབས་དེ་ནི་མཚོ་སྔོན་མཐོ་སྒང་གི་མི་རྣམས་ཀྱིས“དཀའ་སྡུག་ཚད་མེད་མྱོང་བ་དང་། དམག་འཐབ་དྲག་པོ་བྱེད་ཕོད་པ། ལེགས་སྐྱེས་འབུལ་ཕོད་པ”བཅས་ཀྱི་ལམ་བུ་གཉིས་ཀྱི་སྙིང་སྟོབས་དང་། ཚྭ་འདམ་གཞོང་སའི་སྙིང་སྟོབས་དང་འདྲ་བར་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བགྲོད་ལམ་སྟེང་། ཁོ་ཚོས་ཐུན་མོང་གིས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་དང་རྩ་ཆེའི་རྒྱུ་ནོར་བསྐྲུན་ཡོད།

ད་ལྟ། ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་ནས་བསོད་ནམས་དར་རྒྱས་བར་དང་། དེ་ནས་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བར། ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་བྱེད་མཁན་རྣམས་ཀྱིས་མི་རབས་ནས་མི་རབས་བར་གྱིས་ལང་ཚོར་བརྟེན་ནས་དག་གཙང་གི་གནས་མཆོག་དེར་སྲུང་སྐྱོབ་བྱས།

ལོ་བཅུའི་རིང་གི་དཀའ་ཚེགས་ཆེ་བའི་སྲུང་སྐྱོབ་ལོ་ཟླར་ཕྱིར་མིག་ལྟ་སྐབས། བུ་ཕྲུག་གིས་ལང་ཚོ་དང་འབད་འཐབ་ལ་བརྟེན་ནས་མི་སེམས་འགུལ་བའི་གཏམ་རྒྱུད་ཞིག་བརྗོད་པ་དང་། རང་ཉིད་ཀྱི་དད་སེམས་དང་བྱ་སྤྱོད་ཐོག་ནས་རང་ཉིད་ཀྱི་དམ་བཅའ་ལག་ལེན་བསྟར་ཏེ་ལས་གནས་བརྟན་སྲུང་དང་སེམས་ནུས་ཡོད་རྒུ་འདོན་པ། རང་ཉིད་ཀྱི་ཁེ་ཕན་དངོས་སྒྲུབ་པ་བཅས་བྱས་ཏེ། འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཏང་གི་ཆེད་དུ་ལྗང་མདོག་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་ཆེད་དུ་ལྗང་མདོག་སྲུང་སྐྱོབ་བྱེད་པ། དམངས་ཀྱི་ཆེད་དུ་ལྗང་མདོག་བསྐྲུན་པ་བཅས་བྱས་ཏེ། དུས་རབས་གསར་པར་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུར་བརྗིད་ཆེའི་དམ་བཅའ་ལག་ལེན་བསྟར་བཞིན་ཡོད།

“ཨ་ཆེན་གངས་རྒྱབ”ཞེས་པ་ནི་ས་ཁོངས་ཀྱི་མིང་ཞིག་ཡིན་པ་མ་ཟད།“སྐྱེ་ཁམས་སྙིང་སྟོབས”ཀྱི་མཚོན་རྟགས་ཤིག་ཀྱང་རེད། ཨ་ཆེན་གངས་རྒྱབ་ཀྱི་མི་རྣམས་ཀྱིས་བརྗིད་ཆེའི་སྐད་ཆ་མི་བཤད་ལ་སེམས་ནང་དུ་གཟི་བརྗིད་ལྡན་པའི་འགན་འཁྲི་ཁོ་ན་ལས་མེད།

བུ་ཕྲུག་གིས་བཤད་རྒྱུར། ཨ་ཆེན་གངས་རྒྱབ་ནི་ཁོ་ཚོའི་ཡོད་ཚད་ཡིན་ཟེར།  ད་ལྟ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཕན་འབྲས་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ།  ཁོར་ཡུག་སྤུས་ཚད་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། སྐྱེ་ཁམས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། ཆུའི་ཐོན་ཁུངས་ཀྱི་གསོ་གསོག་ནུས་པ་ཆེ་རུ་འགྲོ་བ། རྩྭ་སའི་ཁེབས་ཚད་ཇེ་མཐོར་འགྲོ་བ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གྲངས་ཀ་མུ་མཐུད་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཨ་ཆེན་གངས་རྒྱབ་ཏུ་ལྐོག་རྔོན་བྱེད་མཁན་གྱི་མེ་མདའི་སྒྲ་ཐོས་རྒྱུ་མེད་པས། རྩ་ཆེ་ལ་དཀོན་པའི་རི་སྐྱེས་སྲོག་ཆགས་ལ་ཁུ་སིམ་པའི་ལྷིང་འཇགས་ཀྱི་ཞིང་ཁམས་ཤིག་ཡོད་པར་གྱུར་བ་མ་ཟད། བུ་ཕྲུག་དང་རུ་མི་རྣམས་ཀྱིས་དག་གཙང་གི་གནས་མཆོག་དེར་མུ་མཐུད་སྲུང་སྐྱོབ་ཡག་པོ་བྱེད་བཞིན་མཆིས།

ལོ་ཙཱ་བ། ཤ་བོ་རིན་མཚོ།