རྒན་པ་བདག་སྐྱོང་དང་དབང་པོ་སྐྱོན་ཅན་གྱི་ཆུང་མར་ལྟ་སྐྱོང་། བྱིས་པ་བཞི་ཡི་སློབ་སྦྱོང་རྒྱུན་འཁྱོངས་སོགས་ཀྱི་འགྲོ་སོང་ཚང་མ་ཁོ་གཅིག་པུ་ལ་བརྟེན་དགོས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་བ་ཞིག་ཏུ་ངོ་གདོང་ནག་ལ་དུས་ནམ་ཡང་མགོ་བོ་བསྒུར་ནས་ཡོ་བྱད་སྣ་ཚོགས་ཞིག་གསོ་བྱེད་མཁན་གྱི་ཁམས་པའི་ཕོ་རྒོད་ཞིག་ལ་དོ་སྣང་ཆེན་པོ་བྱེད་འོས། སྡེ་མིའི་མིག་ལམ་གྱི་ཁོ་ནི་གཞུང་དྲང་དང་བློ་རྩ་བརྟན་པའི་མི་ཞིག་ཡིན་པས། དབུལ་སྐྱོར་ལམ་བུའི་སྟེང་ཧུར་སྐྱེད་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
རང་བརྟེན་དབུལ་ཐར་ནི་ཡུན་རིང་བའི་ཐབས་ཇུས་ཤིག་རེད།
བཀྲ་ཤིས་རྒྱལ་མཚན་ནི་ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་ལབ་ཡུལ་ཚོ་ལྷ་སའི་ཐང་སྡེ་བའི་རུ་ཁག་དང་པོའི་སྡེ་མི་ཡིན་པ་དང་། ཁྱིམ་དུ་ལོ་ན་བགྲེས་པོའི་ཨ་ཕ་དང་དབང་པོ་སྐྱོན་ཅན་རིམ་པ་གསུམ་པའི་ཆུང་མ། དེ་མིན་སློབ་གྲྭར་འགྲོ་བཞིན་པའི་བྱིས་པ་བཞི་བཅས་ཡོད།
གནད་འཁེལ་དབུལ་སྐྱོར་གྱི་དུས་སྐབས་སུ། ཁྱིམ་ཚང་ལ་དཀའ་ཁག་ཡོད་པའི་རྐྱེན་གྱིས་བཀྲ་ཤིས་རྒྱལ་མཚན་ཚང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་པོའི་གྲས་སུ་བཞག དབུལ་སྐྱོར་གྱི་དུས་སྐབས་སུ། ཡུལ་ཚོ་དང་སྡེ་བས་རྩ་འཛུགས་བྱས་པའི་དྲིལ་བསྒྲགས་དང་སློབ་སྦྱོང་གི་བྱ་འགུལ་སྣ་ཚོགས་ནང་ཞུགས་པ་བརྒྱུད། བཀྲ་ཤིས་རྒྱལ་མཚན་གྱིས་དངོས་གནས་དབུལ་ཐར་བྱེད་དགོས་ན་ཕྱི་ཕྱོགས་ཀྱི་རོགས་རམ་ཁོ་ནར་བརྟེན་ན་ཕུགས་རྒྱང་རིང་བའི་ཐབས་ཇུས་ཤིག་མིན་པར། རང་ངོས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ནས་རང་བརྟེན་དབུལ་ཐར་བྱས་ན་ཡུན་རིང་གི་ཐབས་ཇུས་ཤིག་ཡིན་པའི་ངོས་འཛིན་གཏིང་ཟབ་བྱས་ཡོད།
ཁྱིམ་ཚང་གི་ཡོང་འབབ་ཇེ་མང་དུ་གཏོང་བ་དང་སྔ་མོ་ནས་དབུལ་ཐར་བྱ་ཆེད། བཀྲ་ཤིས་རྒྱལ་མཚན་གྱིས་རང་འགུལ་ངང་སྡེ་བ་རིམ་པའི་མཉམ་ལས་དངོས་ཕུང་དཔལ་འབྱོར་འཛུགས་སྐྲུན་གྱི་བྱ་བའི་ཁྲོད་ཞུགས་ནས། ཧུར་ཐག་གིས་རྫོང་དང་ཡུལ་ཚོས་རྩ་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་གི་བྱ་འགུལ་ལ་ཞུགས་པ་མ་ཟད། དེའི་ཁྲོད་ནས་རང་ཉིད་ལ་འཚམ་པའི་ལས་སྐྲུན་རྣམ་གྲངས་ཏེ་གློག་གིས་ཚ་ལ་རྒྱག་པ་སློབ་སྦྱོང་བྱས་པས། བཀྲ་ཤིས་རྒྱལ་མཚན་རང་ལ་ཡིད་ཆེས་ཆེན་པོ་བྱུང་།
སློབ་སྦྱོང་ལ་འབད་པ་ཆེན་པོ་བྱས་པས་རང་བརྟེན་ལས་སྐྲུན་བྱས།
ཁྱིམ་གྱི་ཀ་བ་ལྟ་བུ་ཞིག་ཡིན་པའི་ངོས་ནས། བཀྲ་ཤིས་རྒྱལ་མཚན་གྱིས་ཁྱིམ་ཚང་གི་དཀའ་ངལ་བསམ་ནས་ཡིད་མ་ཆད་པར། ཡོན་ཚད་དམའ་ཡང་ཁོས་དུས་རྒྱུན་དུ་སློབ་སྦྱོང་ལ་རྒྱུན་འཁྱོངས་ལྷོད་མེད་བྱས་པ་དང་། ཁོམ་པ་བྱུང་དུས་རླངས་འཁོར་ལ་ཚ་ལ་རྒྱག་པའི་སྐོར་གྱི་ཤེས་བྱ་སྦྱངས་ལ། ཡིག་ངོ་མི་ཆོད་པ་དང་གོ་བ་མི་ལོན་པའི་ནང་དོན་ཡོད་ཚེ་མི་གཞན་ལ་བཀའ་འདྲི་ཞུ་བཞིན་ཡོད།
ཚ་ལ་རྒྱག་པའི་ལག་རྩལ་ཁོང་དུ་ཆུད་པ་ཞིག་ཡོང་ཆེད། ཁོ་ཧུར་ཐག་གིས་རོང་འབྲོག་པ་རྣམས་ཀྱི་རྩལ་ནུས་གསོ་སྦྱོང་དུ་ཞུགས་ནས། ཚ་ལ་རྒྱག་པ་དང་འཕྲུལ་རྟ་ཞིག་གསོ་སོགས་ལ་སློབ་སྦྱོང་བྱས། 2017ལོར། ཁོས་ལྷ་སའི་ཐང་སྡེ་བའི་སྡེ་མི་དང་མཉམ་དུ་རླངས་འཁོར་ཚ་ལ་རྒྱག་ས་དང་ཞིག་གསོ་བྱེད་ས་ཞིག་བཙུགས།
སྡེ་བའི་ཏང་ཀྲི་པུའུ་ཡི་རྒྱབ་སྐྱོར་འོག་དང་རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། བཀྲ་ཤིས་རྒྱལ་མཚན་གྱི་ཚོང་ཁང་རྒྱ་ཆེ་ལ་ཕན་འབྲས་ཡག་པོ་ཐོན་ནས་ཡོང་འབབ་ཀྱང་ཇེ་མང་དུ་ཕྱིན་པ་དང་། ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད། དུས་རྒྱུན་གྱི་འགྲོ་སོང་ཕུད་ཁོས་ལོ་གཅིག་གི་ཡོང་འབབ་རྐྱང་བ་སྒོར་ཁྲི་གཅིག་དང་སྟོང་ལྔ་ལེན་གྱིན་ཡོད།
2019ལོའི་ལོ་མཇུག་ཏུ། བཀྲ་ཤིས་རྒྱལ་མཚན་གྱིས་རང་ཉིད་ཀྱི་གཉེར་སྐྱོང་ཡོང་འབབ་དང་དུས་རྒྱུན་གྲོན་ཆུང་བྱས་པའི་འགྲོ་སོང་དང་མ་དངུལ་ཁག་གཅིག་གྲབས་གསོག་བྱས་ནས་བཀོད་སྒྲིག་བྱས་ཏེ། ཚོང་ཁང་དེ་སྔོན་གྱི་མཉམ་ལས་གཉེར་སྐྱོང་ནས་རང་སྒེར་གྱིས་གཉེར་སྐྱོང་བྱས་པ་དང་། དུས་དེ་ནས་བཟུང་ཁོ་རང་ཉིད་ལ་དབང་བའི་ཚོང་ཁང་ཞིག་ཡོད་པའི་ཕུགས་འདུན་མངོན་འགྱུར་བྱུང་།
ཚོང་ཁང་གཉེར་སྐྱོང་ཡག་པོ་བྱེད་པ་དང་ལག་རྩལ་མཐོ་རུ་གཏོང་ཆེད། བཀྲ་ཤིས་རྒྱལ་མཚན་གྱིས་རྒྱུན་དུ་ཤེས་བྱ་གསར་བ་དང་རྩལ་ནུས་སློབ་སྦྱོང་བྱ་རྒྱུར་ཧ་ཅང་མཐོང་ཆེན་བྱས། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ཁོས་ལས་ཞོར་གྱི་དུས་ཚོད་དང་བྱ་བའི་བར་གསེང་བེད་སྤྱད་དེ། ཏང་གི་གཞུང་ལུགས་ཀྱི་ཤེས་བྱ་གསར་བ་སློབ་སྦྱོང་བྱས་པ་དང་། དེ་དང་མཉམ་དུ་ཧུར་བརྩོན་གྱིས་གློག་དབུགས་ཚ་ལའི་ཆེད་ལས་ཀྱི་ཤེས་བྱར་འབད་པ་བྱས། སློབ་སྦྱོང་ཁྲོད་ལག་ལེན་དང་ལག་ལེན་ཁྲོད་འཚོལ་ཞིབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་གང་ལེགས་བྱས།
ལོ་འགའི་རིང་ལ་སློབ་སྦྱོང་བྱས་པ་བརྒྱུད། ཁོའི་བསམ་བློའི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་བ་དང་། གནད་དོན་ཐག་གཅོད་པའི་ནུས་པ་དང་རང་ཉིད་ཀྱི་ལག་རྩལ་ཆུ་ཚད་ཀྱང་ཇེ་མཐོར་སོང་ཞིང་། ཡོང་འབབ་གསར་གཏོད་བྱེད་པའི་ནུས་པའང་ལྡབ་འཕར་བྱུང་ཡོད། ལག་རྩལ་བཟང་བ་དང་རིན་གོང་ལུགས་དང་མཐུན་པ། མགྲོན་པོ་སྣེ་ལེན་བཟང་བོ་བྱས་པ་བཅས་ཀྱིས་བཀྲ་ཤིས་རྒྱལ་མཚན་གྱི་ཚོང་ཁང་གི་འགྲུལ་བ་རྒྱུན་མི་ཆད་ལ་ཡོང་འབབ་བརྟན་པོའི་ངང་འཕར་ཡོད།
རང་དཔེ་གཞན་སྟོན་བྱས་ཏེ་ཧུར་ཐག་གིས་རོགས་སྐྱོར་བྱས་པ།
2018ལོར། སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་རམ། དེ་མིན་རང་ངོས་ཀྱི་འབད་བརྩོན་བྱས་པ་བརྒྱུད་བཀྲ་ཤིས་རྒྱལ་མཚན་ཚང་དབུལ་ཐར་བྱས་པ་དང་། ཕྱུག་འགྱུར་གྱི་ལམ་བུའི་སྟེང་བསྐྱོད་རྗེས་བཀྲ་ཤིས་རྒྱལ་མཚན་གྱིས་གཞི་ནས་དྲིན་ཚོར་གྱི་བསམ་པ་དང་རོགས་སྐྱོར་གྱི་བསམ་པ་བཅངས་ཏེ། སྡེ་བའི་དབུལ་ཐར་བྱ་བའི་ནང་ཞུགས་སྐབས་དུས་རྒྱུན་གདོང་མཆོང་བྱེད་ཕོད་པ་དང་རང་དཔེ་གཞན་སྟོན་བྱས་ནས། སྡེ་བའི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་གཞག་ལ་ཞབས་འདེགས་ཞུ་བཞིན་ཡོད།
ཁོས་དུས་རྒྱུན་དུ“ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས་སྡེ་མིར་ཞབས་འདེགས་ཞུ་བའི་འོས་འགན་ཡོད་ལ། མི་གཅིག་ཕྱུག་པོར་གྱུར་ན་ཕྱུག་པོར་མི་བརྩི་བ་དང་སྡེ་བ་ཡོངས་མཉམ་དུ་ཕྱུག་པོར་གྱུར་ན་གཞི་ནས་ཕྱུག་པོར་གྱུར་བ་རེད”ཟེར། དུས་རྒྱུན་དུ་ཁོས་ལས་སྐྲུན་གྱི་འདུན་པ་ཡོད་ལ་ཚོང་ཁང་ནང་དུ་ལག་རྩལ་སྦྱོང་བར་ཡོང་མཁན་གྱི་མང་ཚོགས་ཚོར་ཚ་ལ་རྒྱག་སྟངས་སྦ་གསང་སྤུ་ཙམ་ཡང་མེད་པའི་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་། སློབ་སྦྱོང་བྱེད་སྐབས་གཏོར་བརླག་བཏང་བའི་རྒྱུ་ཆ་དེ་དག་ལ་ཁོས་སྐར་གང་ཡང་ལེན་གྱིན་མེད།
བཀྲ་ཤིས་རྒྱལ་མཚན་གྱིས་བཤད་རྒྱུར། “ང་དུས་རབས་བཟང་པོའི་རྗེས་ཆོད་ཟིན། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་སྲིད་གཞུང་གི་རོགས་རམ་འོག་ངས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཡོད། ཏང་དང་རྒྱལ་ཁབ་མེད་ན་ང་ཚོའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ཡོད་མི་སྲིད། ང་ཚོས་དྲིན་ཚོར་ཤེས་དགོས་ལ་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་སྤྲད་པའི་ཐམས་ཅད་ཀྱང་ཤེས་དགོས། ང་ཚོས་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས་པ་དང་རྩ་བ་གཏན་ནས་བརྗེད་མི་རུང་། ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས་མིག་དཔེ་སྟོན་དགོས”ཟེར།
ད་ལྟའི་ལབ་ཡུལ་ཚོ་ལྷ་སའི་ཐང་སྡེ་བ་རུ་དབུལ་སྐྱོར་གྱི་ལམ་བུ་སྣུར་སྲིང་བྱས་པ་དང་བསྟུན་ནས་ཡུལ་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། སྡེ་མིའི་འཚོ་བའི་ཆ་རྐྱེན་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། དཔལ་འབྱོར་ཡོང་འབབ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། བདེ་སྐྱིད་སྟོན་གྲངས་ཀྱང་ལོ་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་པ་བཅས་ཀྱི་གྲུབ་འབྲས་དེ་དག་ནི་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་སྣ་ཚོགས་དང་ཁ་འབྲལ་ཐབས་མེད་པ་དང་། ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་མཉམ་ཤུགས་གསར་སྐྲུན་དང་ཁ་འབྲལ་ཐབས་མེད། བཀྲ་ཤིས་རྒྱལ་མཚན་དང་འདྲ་བར་རང་བདག་ལས་སྐྲུན་བྱེད་མཁན་ཚོའི་ཧུར་ཐག་གི་སྐུལ་ཁྲིད་དང་ཁ་འབྲལ་ཐབས་མེད།
“ད་ལྟ་དཀའ་སྡུག་ཚད་མེད་མྱོང་བ་དང་དཀའ་སྤྱད་འབད་བརྩོན་བྱེད་མཁན་གྱི་ན་གཞོན་ཧ་ཅང་མང་། ང་ལ་འཚོ་ཐབས་ཀྱི་ལག་རྩལ་འདི་འདྲ་ཞིག་ཡོད་པས། ཕ་ཡུལ་ལ་བྱ་བ་ཕྲན་བུ་སྒྲུབ་རྒྱུ་ཡོད་ཚེ་ངའི་སེམས་བདེ་ལ་འབབ་ཐུབ་པ་དང་། ཁོ་ཚོས་ངས་མདུན་ནས་བསླབས་པའི་ལག་རྩལ་ལ་བརྟེན་ནས་འབད་པ་བྱེད་བཞིན་པ་མཐོང་སྐབས་ང་དེ་བས་དགའ་སྤྲོ་སྐྱེས”ཞེས་བཤད། ད་ལྟའི་བཀྲ་ཤིས་རྒྱལ་མཚན་ཚང་དབུལ་ཕོངས་ལས་ཡོངས་སུ་ཐར་ཏེ་འབྱོར་འབྲིང་ལམ་བུའི་སྟེང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
ལོ་ཙཱ་བ། ཤ་བོ་རིན་མཚོ།