སྨན་པ་གྲགས་ཅན་བློ་བཟང་བཟོད་པ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མེ་རུ་ཁེ་སྡེ་བ་རུ་སྐྱེས་ཤིང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཀུན་ནས་མངའ་བའི་ལྷ་རྗེ་ཆེན་མོ་ཞིག་ཡིན། ཁོང་ནི་ཐུན་ཏེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་བོད་ལུགས་གསོ་རིག་བྱ་གཞག་གི་དམིགས་བསལ་ལེགས་སྐྱེས་བྱ་དགའ་ཐོབ་མཁན་དང་། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དམིགས་བསལ་གདན་ཞུས་དགེ་རྒན། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་བོད་ལུགས་གསོ་རིག་སློབ་གླིང་གི་དམིགས་བསལ་གདན་ཞུས་དགེ་རྒན། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཚོགས་ཀྱི་དམིགས་བསལ་གདན་ཞུས་ཆེད་མཁས་པ་བཅས་ཡིན།
གསར་འགོད་པའི་རྒྱུས་ལོན་པ་ལྟར་ན། སྤྱི་ལོ1979ལོར་སྨན་པ་བཟོད་པ་ཐུན་ཏེ་རྫོང་མི་དམངས་སྨན་ཁང་གི་ཀྲུང་ལུགས་གསོ་རིག་ཚན་ཁག་གི་སྨན་སྦྱོར་པར་བསྐོས་ཤིང་། 1980ལོར་ཐུན་ཏེ་རྫོང་མི་དམངས་སྨན་ཁང་གི་བོད་སྨན་ཚན་ཁག་བཙུགས་ནས་སྨན་པ་དཀའ་བཅུ་པའི་འགན་བཞེས། གསོ་རིག་བྱ་བར་ཞུགས་ནས་ལོ་ངོ40ལྷག་འདས་པའི་རིང་། ཐུན་ཏེ་རྫོང་དུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྒྲིག་གཞི་འཐུས་ཚང་མེད་པ་ནས་བོད་ལུགས་གསོ་རིག་འཕེལ་རྒྱས་དང་བོད་སྨན་སྡེབ་སྦྱོར་བྱེད་པ། ལྷག་པར་དུ་ཐུན་ཏེ་རྫོང་བོད་ལུགས་གསོ་རིག་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་སོང་བའི་རིང་ལ་སྨན་པ་བཟོད་པ་ལགས་ཀྱིས་ལོ་ངོ་བཞི་བཅུ་ནི་ཉིན་གཅིག་ལྟར་བྱ་བར་འཐུས་ཤོར་ཕྲན་ཙམ་མེད་པར་འཕྲོད་བསྟེན་བྱ་གཞག་ལ་སེམས་ཤུགས་ཕུལ་ཏེ་ཁོང་གི་ཁྱད་འཕགས་སྨན་བཅོས་ལག་རྩལ་གྱིས་རྒྱ་ཆེའི་ནད་པར་བདེ་སྐྱིད་བསྐྲུན་ཞིང་། བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་ལ་བརྟེན་ནས་རྒྱ་ཆེའི་མི་དམངས་ལ་ཞབས་འདེགས་ཞུས་པས། ལས་གཅེས་ལས་བཀུར་དང་གཞན་ཕན་ལྷག་བསམ་གྱི་མི་སེམས་འགུལ་བའི་བསྟོད་གླུ་རིང་མོ་ཞིག་དབྱངས་ལ་གྱེར་ཡོད་པ་རེད།
ལས་ཀར་ཞུགས་མ་ཐག་པའི་ཁོང་ལ་མཚོན་ན། རྨང་གཞི་ལེགས་པོ་ཞིག་སྦྱོང་བརྡར་བྱས་པ་དང་བསྟུན་ཆེད་ལས་ལག་རྩལ་གྱི་གཞུང་ལུགས་དང་གཞི་རྩའི་ནུས་རྩལ་ཁོང་དུ་ཆུད་དེ་རིམ་བཞིན་སྨན་ཁང་གི་ལས་སྒོའི་རྐང་འཛིན་པར་གྱུར་པ་མ་ཟད། དེ་དང་ཆབས་ཅིག་ཁོང་གིས་བོད་ལུགས་གསོ་རིག་གི་དཔེ་རྙིང་འབོར་ཆེན་ཞིག་འཚོལ་སྡུད་དང་ལྟ་ཀློག་བྱས་པ་དང་། ས་གནས་ཀྱི་རྐང་རྗེན་སྨན་པ་རྣམས་ལ་ཉམས་མྱོང་བརྗེ་རེས་དང་བོད་སྨན་གྱི་སྨན་ཐོ་འཚོལ་ཞིབ་བྱེད་པ་རྒྱུན་འཁྱོངས་བྱས་པ་བརྒྱུད། ཏིག་ཏ་ཉེར་བདུན་དང་གསོ་བྱེད་ཉེར་བདུན་སོགས་བོད་ལུགས་གསོ་རིག་གི་སྨན་རྫས་རིགས་བཅུ་ལྷག་སྡེབ་སྦྱོར་བྱས། བྱ་བའི་སྟེང་འབད་འབུངས་ལྷོད་མེད་བྱས་པའི་གྲུབ་འབྲས་ཀྱིས་སྨན་བཅོས་ལག་རྩལ་བྱང་ཆུབ་པར་གྱུར་པ་དང་ཆབས་ཅིག སྨན་པ་བཟོད་པའི་སྨན་བཅོས་ལག་རྩལ་ལ་གོང་རིམ་སྨན་ཁང་གི་ཁས་ལེན་ཐོབ་པ་མ་ཟད། སྨན་ཁང་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་གདན་ཞུ་བྱས་མོད། འོན་ཀྱང་ཕ་ཡུལ་གྱི་མི་དམངས་ལ་དགོས་མཁོ་ཡོད་པར་བསམ་ནས་ཁོང་གིས་གོང་རིམ་སྨན་ཁང་དུ་འགྲོ་བའི་གོ་སྐབས་བསྐྱུར་ནས་ཕ་ཡུལ་གྱི་འཕྲོད་བསྟེན་བྱ་གཞག་ཐད་རང་ཉིད་ཀྱི་སྟོབས་ཤུགས་ཕུལ་ཏེ་ལས་གནས་བརྟན་སྲུང་བྱས། ཁོང་གིས་ནད་ཐོག་སྨན་བཅོས་ཀྱི་ལས་རྐང་རྒྱུན་འཁྱོངས་བྱེད་པའི་ཞོར་ལ་དུས་བཅད་ལྟར་སྐབས་བཅོས་སྨན་ཁང་གི་ན་གཞོན་སྨན་པ་དང་དངོས་སྦྱོང་སློབ་མ་རྣམས་ལ་གཞུང་ལུགས་མཛུབ་ཁྲིད་དང་ལག་ལེན་དམར་ཁྲིད་བྱས་ཏེ་དཀའ་གནད་ཐག་གཅོད་དང་འཆད་ཁྲིད་ཐེངས་མང་པོ་བྱས། ཐུན་ཏེ་རྫོང་བོད་ལུགས་སྨན་ཁང་དུ་རྒྱལ་ཁབ་རིམ་པའི་གཞི་རིམ་གྱི་བོད་ལུགས་གསོ་རིག་གི་སྨན་པ་དཀའ་བཅུ་པའི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་ལས་དོན་ཁང་གསར་འཛུགས་བྱས་པར་ཁོང་གིས་དགེ་ཕྲུག་བཅུ་ཡི་སྣེ་ཁྲིད་དེ་རང་ཉིད་ཀྱི་ཚེ་གང་སློབ་སྦྱོང་དང་ཉམས་མྱོང་མ་ལུས་བརྗེ་རེས་བྱས་ནས་སྨན་ཁང་གཙོས་ཐུན་ཏེ་རྫོང་གི་བོད་ལུགས་སྨན་པའི་ལས་སྒོའི་ནུས་པ་མཐོར་འདེགས་སུ་བཏང་།
ལས་འཁྱུར་ངལ་གསོ་བྱས་རྗེས། ཁོང་གིས་སྔར་བཞིན་རྫོང་ཡོངས་ཀྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་བསམ་བློ་གཏོང་བ་དང་། ངལ་གསོའི་འཚོ་བ་དོར་ནས་འཕྲོད་བསྟེན་བྱ་གཞག་གི་འཐབ་ཕྱོགས་དང་པོར་མུ་མཐུད་དུ་འབད་འབུངས་བྱེད་པ་དང་། རིན་མེད་ཀྱིས་རྫོང་བོད་ལུགས་སྨན་ཁང་དུ་ཕྱག་ལས་གནང་སྟེ་རང་ཉིད་ཀྱི་ཁྱད་འཕགས་སྨན་བཅོས་ལག་རྩལ་དང་བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་ལ་བརྟེན་ནས་ཕ་ཡུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་བཞིན་ཡོད། རྫོང་ཡོངས་སུ་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་པའི་མཆིན་ཚད་ཁ་པའི་ནད་པར་དུས་ཡུན་རིང་པོར་སྨན་བཅོས་བྱེད་པ་དང་། ཁོ་རང་ཉིད་ཀྱིས་མཆིན་ནད་ལྡེམ་བུར་སྨན་བཅོས་བྱེད་པར་མཁོ་བའི་སྨན་རྫས་ཏིག་ཏ་ཉེར་བདུན་དང་སེ་འབྲུ་དྭངས་གནས་སྡེབ་སྦྱོར་བྱས་ཏེ། མཆིན་ཚད་ཁ་པའི་ནད་པ400ལྷག་ལ་སྨན་རིན་མི་དགོས་པར་སྨན་རྫས་མཁོ་འདོན་བྱས།
ད་ལྟ་དགུང་ལོ80ལ་སླེབས་པའི་སྨན་པ་བཟོད་པ་ལགས་ལོ་ན་བགྲེས་ཀྱང་སྐུ་ངལ་ལ་མི་འཛེམ་པར་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ཏེ། ང་ཚོས་སྨན་སྦྱོང་དོན་ནི་ནད་པར་ཞབས་འདེགས་ཞུ་ཆེད་ཡིན་ལ། ཉིན་འགའ་ལ་ནད་པའི་ནད་ལ་བལྟ་བའི་ཞབས་ཞུ་སྒྲུབ་ཐུབ་ན་དེ་ལས་ཡག་པོ་མེད་ཅེས་ཁོང་གི་ཞལ་རས་འཛུམ་གྱིས་ཁེངས་བཞིན་དེ་ལྟར་གསུངས་མྱོང་། 2020ལོའི་པྲོག་གསར་རིམས་ནད་སྐབས་སུ། དགུང་ལོ80ལ་ཕེབས་པའི་སྨན་པ་བཟོད་པ་ལགས་ཀྱིས་རིམས་ནད་སྔོན་འགོག་གི་ཚབས་ཆེན་རང་བཞིན་ལ་གདོང་གཏད་ནས་སྨན་སྦྱོར་ཁང་དང་སྨན་དོན་མི་སྣའི་སྣེ་ཁྲིད་དེ་རིམས་ནད་འགོག་བཅོས་དཔུང་སྡེའི་ནང་ཞུགས་ནས་དཔྱད་ཡིག་ལྟ་ཀློག་དང་སྨན་ཁང་ཡོངས་ཀྱི་རིམས་ནད་སྔོན་འགོག་གི་སྨན་རྫས་སྡེབ་སྦྱོར་བྱ་བར་མཛུབ་ཁྲིད་བྱས།
ལོ་ཟླ་འདི་འདྲའི་མང་པོ་ཞིག་གི་རིང་ལ་ཐོག་མའི་སེམས་འདུན་ནམ་ཡང་བརྗེད་མ་མྱོང་བའི་སྨན་པ་བཟོད་པ་ལགས་ཀྱིས་དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་སྤྱིར་བཏང་གི་ལས་གནས་ཞིག་གི་སྟེང་སྤྱིར་བཏང་མ་ཡིན་པའི་མི་ཚེའི་གཏམ་རྒྱུད་ཅིག་བྲིས་ཤིང་། བྱམས་བརྩེའི་ཁེངས་པའི་གཅེས་སེམས་དེ་འབའ་ཡུལ་རྩྭ་ཐང་ལ་ཕུལ་བས་ཡུལ་འདིའི་མི་རྣམས་ཀྱིས་ཨ་ཁུ་བཟོད་པ་ཞེས་ཁོང་ལ་གུས་བཀུར་དང་གདེང་འཇོག་མི་བྱེད་མཁན་གཅིག་ཀྱང་མེད་པ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།