མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་སྨན་པ་འདི་ལྟ་བུ་ཞིག་ཡོད། ཁོ་མོའི་རྐང་རྗེས་དེ་ཕ་ཡུལ་གྱི་ས་གནས་མང་པོར་བཞག་ནས་ཁྱིམ་ཚང་རེ་རེ་ལ་བདེ་ཐང་སྐྱེལ་ཡོད་པ་རེད། ཁོ་མོའི་མིང་ལ་སྒྲོལ་མ་ཟེར།
ད་ལོ་མོ་ལོ་ལྔ་བཅུར་སོན་པའི་སྒྲོལ་མ་ནི་གུང་ཧོ་རྫོང་རིམས་ནད་སྔོན་འགོག་ལྟེ་གནས་ཀྱི་སྨན་རམས་པ་གཞོན་པ་ཡིན་ཞིང་། སྨན་པ་སྒྲོལ་མ་ནི་མོ་ལོ་ཉེར་གཉིས་ཀྱི་སྟེང་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཞིང་། སྐབས་དེར་ཁོ་མོའི་སེམས་སུ་སྤོབས་སེམས་ཆེན་པོས་ཁེངས་ཞོར་བློ་སེམས་རྩེ་གཅིག་གིས་རང་ཉིད་ཀྱིས་བསླབ་པའི་ཤེས་བྱར་བརྟེན་ནས་གཞན་ལ་རོགས་སྐྱོར་བྱེད་ཀྱིན་ཡོད། ཡིན་ནའང་གྲོང་རྡལ་གྱི་སྡེ་མི་རྣམས་ཀྱིས་ལོ་ན་ཆུང་བའི་ཁོ་མོ་ལ་དེ་འདྲའི་ཡིད་ཆེས་ཆེན་པོ་བྱེད་ཐུབ་ཀྱི་མེད། སྒྲོལ་མས་ཀྱང་དུས་རྒྱུན་གྱི་བྱ་བ་དང་འཚོ་བའི་ཁྲོད་དུ་སྡེ་མི་རྣམས་ཀྱི་འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་དེ་འདྲའི་ལེགས་པོ་མིན་པ་དང་། སྦྲུམ་མ་རྣམས་ཀྱིས་བྱིས་པ་མ་སྐྱེ་སྔོན་གྱི་བརྟག་དཔྱད་ཀྱི་ཚད་གཞི་དང་བྱིས་པ་སྐྱེ་བར་སྨན་ཁང་དུ་འགྲོ་བའི་ཚད་གཞི་དེ་ཧ་ཅང་དམའ་བ་ཤེས་ཡོད། དེ་བས་ཁོ་མོས་ཀྱང་ནད་པར་སྨན་བཅོས་བྱེད་པའི་བྱ་བ་དེ་ཐོག་མར་སྡེ་མི་རྣམས་ཀྱི་འདུ་ཤེས་ལ་བཅོས་བསྒྱུར་བྱེད་པ་ནས་མགོ་རྩོམ་དགོས་པ་གསལ་བོར་ཤེས་ཡོད། དེའི་སྟབས་ཀྱིས་སྒྲོལ་མས་ཐོག་མར་འཕྲོད་བསྟེན་བདེ་ཐང་སྐོར་གྱི་སྲིད་ཇུས་ཆ་འཕྲིན་སྣ་ཚོགས་བསྡུ་སྒྲིག་བྱས་ནས། དེ་ཇི་ལྟར་བྱས་ནས་གོ་སླ་ཞིང་ཉན་སྤྲོ་བ། མི་དམངས་མང་ཚོགས་ཀྱི་བློ་ཁ་དང་འཚམ་པའི་སྒོ་ནས་སྒྲོག་སྦྱོང་བྱེད་རྒྱུའི་སྐོར་ལ་བསམ་གཞིགས་བྱེད་ཀྱི་ཡོད། སྐབས་དེར་ཁོ་མོ་སྡོད་པའི་འཕྲོད་བསྟེན་ཁང་དེར་འཕྲུལ་རྟ་གཅིག་མ་གཏོགས་མེད་ཅིང་། སྐབས་དེར་ལོ་ན་ཉེར་གཉིས་ཡིན་པའི་སྒྲོལ་མ་དུས་རྒྱུན་དུ་འཕྲོད་བསྟེན་ཁང་གི་ལས་གྲོགས་རྣམས་དང་མཉམ་དུ་སྡེ་བ་སོ་སོའི་ཁྱིམ་ཚང་རེ་རེར་སོང་ནས་འཕྲོད་བསྟེན་བདེ་ཐང་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་བྱེད་ཀྱི་ཡོད་པ་རེད།
སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་གསུམ་ལོའི་ལོ་གསར་གྱི་ངལ་གསོའི་སྐབས་སུ་སྒྲོལ་མ་ཏག་ཏག་འཕྲོད་བསྟེན་ཁང་དུ་ལས་རེས་བྱེད་པའི་དུས་སུ་གློ་བུར་དུ་མི་ཞིག་གིས་ཁོ་མོའི་ཁང་པའི་སྒོ་བརྡུང་བྱུང་བ་དང་། དེ་ནི་ཅང་ཤེས་གྲོང་རྡལ་གཡོན་རུ་སྡེ་བའི་སྡེ་མི་ཞིག་ཡིན་ཞིང་། ཁོས་བཤད་རྒྱུར། ཁོའི་ཆུང་མ་ད་ལྟ་མྱུར་དུ་བྱིས་པ་སྐྱེ་ལ་ཁད་ཡོད་པས་ཁྱེད་རང་འགྲོ་རོགས་ཟེར་ཞོར་སེམས་སུ་བྲེལ་བས་ཁེངས་འདུག སྐབས་དེར་སྒྲོལ་མས་ཕྱོགས་གཅིག་ནས་ཁོ་ལ་སེམས་གསོ་བྱེད་པ་དང་ཕྱོགས་གཅིག་ནས་ཡང་བསྐྱར་ཁོ་མོའི་ལས་གྲོགས་ཤིག་ལ་བརྡ་བརྒྱབ་ནས་མཉམ་དུ་གཡོན་རུ་སྡེ་བའི་སྐྱེས་པ་དེའི་ཆུང་མར་བྱིས་པ་སྐྱེ་བར་རོགས་རམ་བྱེད་དུ་སོང་།
དེ་ནི་ངས་ཐོག་དང་པོར་བུད་མེད་རྣམས་བྱིས་པ་སྐྱེ་སྐབས་རོགས་རམ་བྱས་པ་ཡིན་པས་སྐབས་དེར་སེམས་སུ་སྐྲག་སྣང་ཆེན་པོ་བྱུང་ཞེས་སྒྲོལ་མས་གསར་འགོད་པར་བཤད། སྐབས་དེར་སྒྲོལ་མའི་སེམས་ཁམས་ནི་བློང་བློང་པོར་གྱུར་ནའང་ཁོ་མོས་ཐབས་བརྒྱ་ཇུས་སྟོང་གིས་རང་གི་སེམས་ཁམས་བདེ་ལ་འབབ་ཅི་ཐུབ་བྱས་ནས་གཟབ་ནན་དང་སེམས་ཞིབ་མོས་སྐྱེས་པ་དེའི་ཆུང་མས་བྱིས་པ་སྐྱེ་བར་རོགས་རམ་བྱས། བྱིས་པ་དེ་སྐྱེས་ནས་ངུ་ངག་ཐོག་མར་བསྒྲགས་པ་དང་མཉམ་དུ་སྐྱེས་པ་དེས་སྒྲོལ་མའི་ལག་མགོ་ནས་བཟུང་སྟེ་ཡང་དང་བསྐྱར་དུ་བཀའ་དྲིན་ཆེ་ཞུས་བྱུང་།
དུས་དེ་ནས་བཟུང་སྟེ་སྒྲོལ་མ་ལ་སྡེ་མི་རྣམས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། གྲོང་རྡལ་ནང་ཁུལ་གྱི་སྡེ་བ་སོ་སོའི་སྦྲུམ་མ་རྣམས་རང་ཤུགས་ཀྱིས་འཕྲོད་བསྟེན་ཁང་དུ་ཡོང་ནས་སྒྲོལ་མ་བཙལ་ཏེ་བྱིས་པ་སྐྱེ་བའི་སྐོར་གྱི་ཤེས་བྱ་བློ་འདྲི་བྱེད་ཀྱི་ཡོད་པ་རེད། སྒྲོལ་མ་ལ་མཚོན་ན་ཡང་དུས་ངེས་མེད་དུ་སྡེ་མི་དེ་དག་གི་ཁྱིམ་དུ་སོང་ནས་ཁོ་ཚོར་ཉིན་རྒྱུན་གྱི་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། ཕྱིར་སྨན་ཁང་དུ་འགྲོ་ཁར་ཁོ་ཚོར་ཡང་དང་ཡང་དུ་དོན་དག་ཡོད་ཚེ་ངེས་པར་དུ་སྨན་ཁང་ལ་འགྲོ་དགོས་ཞེས་སྐུལ་མ་བྱེད་ཀྱི་ཡོད།
སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་གཉིས་ལོ་ནས་ཆིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་བར་གྱི་ཅང་ཤེས་གྲོང་རྡལ་དུ་བྱ་བ་སྒྲུབ་པའི་སྐབས་སུ། སྒྲོལ་མས་ཐེངས་ཇི་འདྲའི་མང་པོ་ཞིག་ལ་སྡེ་བ་སོ་སོའི་སྦྲུམ་མ་རྣམས་ལ་བྱིས་པ་སྐྱེ་བར་རོགས་རམ་བྱས་པ་དང་། ཐེངས་ཇི་འདྲའི་མང་པོ་ཞིག་ལ་སྡེ་བའི་ཁྱིམ་ཚང་རེ་རེར་སོང་སྟེ་བདེ་ཐང་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་བྱས་པ་གྲངས་ཀྱིས་མི་ཟིན། ས་གནས་དེའི་སྡེ་མི་རྣམས་ཀྱིས་ཁོ་མོར་སེམས་བརྩེ་བའི་ངང་ནས་སྨན་པ་སྒྲོལ་མ་ཞེས་འབོད་ཀྱི་ཡོད་པ་རེད།
སྨན་པའི་ལས་ཀ་གཉེར་ནས་ལོ་ངོ་ཉེར་བརྒྱད་སོང་བའི་རིང་དུ་སྒྲོལ་མས་ལས་གནས་གསུམ་བརྗེས་མྱོང་ཞིང་། ཁོ་མོར་མཚོན་ན་ལས་གནས་གང་ཞིག་ཏུ་ཡོད་ཀྱང་བྱ་བ་གཙོ་བོ་དེ་ནི་མི་དམངས་མང་ཚོགས་ལ་སྟབས་བདེ་དང་ཕན་འབྲས་ལྡན་པའི་རྨང་གཞིའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་དེ་རེད། སྤྱི་ལོ་ཉིས་སྟོང་གཉིས་ལོར་སྨན་པ་སྒྲོལ་མ་གུང་ཧོ་རྫོང་རིམས་ནད་སྔོན་འགོག་ལྟེ་གནས་སུ་ལས་གནས་སྤར་རྗེས་སུ་ཁོ་མོའི་བྱ་བ་སྔར་ལས་བྲེལ་བ་ཆེ་རུ་ཕྱིན་ཡོད་པ་རེད། བདེ་ཐང་སློབ་གསོའི་དྲིལ་སྒྲོག་བྱ་བ་སྒྲུབ་དགོས་པ་མིན་ཚེ་གཞི་རིམ་དུ་དྲིལ་སྒྲོག་སློབ་གསོའི་བྱ་བ་བསྒྲུབ་ཏུ་འགྲོ་དགོས་པ་དེ་ཁོ་མོའི་བྱ་བའི་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད་པ་རེད། ལོ་ཧྲིལ་བོར་དེ་ལྟར་སྡེ་བ་སོ་སོར་འགྲོ་དགོས་པས་ཁོ་མོའི་རྐང་པར་ན་ཟུག་ཆེན་པོ་སྐྱེས་ཀྱིན་ཡོད། ཉིས་སྟོང་བཅུ་བདུན་ལོར་ཁྱིམ་མིས་སྐུལ་སློང་འོག་བརྟག་དཔྱད་ཐེངས་ཤིག་བྱས་པར་སྒྲོལ་མའི་རྐང་པར་སྙི་འགྱུར་གྱི་ནད་བྱུང་ཡོད་པ་ཤེས།
སྤྱི་ལོ་ཉིས་སྟོང་ཉི་ཤུ་ལོར་པྲོག་གསར་གློ་ཚད་རིམས་ནད་བྱུང་སྐབས་སྒྲོལ་མས་རིམས་ནད་སྔོན་འགོག་བྱ་བའི་ཁྲོད་དུ་ཆ་འཕྲིན་དྲིལ་སྒྲོག་རུ་ཁག་གི་རུ་གཙོའི་འགན་འཁུར་ཡོད། དྲིལ་སྒྲོལ་རྒྱུ་ཆ་ཅི་ཡང་མེད་པའི་གནས་ཚུལ་འོག་ཏུ། སྒྲོལ་མས་རུ་མི་རྣམས་ཀྱི་སྣེ་ཁྲིད་དེ་དྲ་རྒྱའི་སྟེང་ནས་གོ་བདེ་བའི་དྲིལ་སྒྲོག་རྒྱུ་ཆ་སྣ་ཚོགས་ཤིག་བསྡུ་ལེན་བྱས་ཏེ། ཉིན་མཚན་དབྱེར་མེད་དུ་དྲིལ་སྒྲོག་བྱང་བུ་དང་དྲིལ་སྒྲོག་དེབ་ཆུང་བཅས་ཁྲི་དྲུག་ལྷག་དཔར་འགྲམ་བྱས་ཏེ་གྲོང་རྡལ་དང་སྡེ་བ། སྡོད་ཁུལ་བཅས་སུ་བཀྲམ་པ་རེད།
ལོ་ངོ་ཉེར་བརྒྱད་ཀྱི་རིང་དུ་སྨན་པ་སྒྲོལ་མའི་གཟབ་ནན་དང་ཞིབ་ཚགས་ཀྱི་བྱ་བར་གོང་རིམ་གྱི་མགོ་ཁྲིད་དང་ལས་གྲོགས། མི་དམངས་མང་ཚོགས་བཅས་ཀྱི་ཁས་ལེན་གང་ལེགས་ཐོབ། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་བཞི་ལོ་ནས་བཟུང་སྨན་པ་སྒྲོལ་མ་སྔ་གཞུག་ཏུ་གུང་ཧོ་རྫོང་འཕྲོད་བསྟེན་སྡེ་ཁག་གིས་སྔོན་ཐོན་མི་སྒེར་དུ་ཐེངས་གཉིས་ལ་བདམས་པར་མ་ཟད། ཉིས་སྟོང་ཉི་ཤུ་ལོའི་ལོ་སྟོད་དུ་ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དལ་བའི་རང་བཞིན་གྱི་རིམས་ནད་མ་ཡིན་པའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་བྱས་རྗེས་འབུར་ཐོན་ཅན་གྱི་མི་སྒེར་དུ་བདམས། གཟེངས་བསྟོད་དེ་དག་རིམ་གྱིས་ཐོབ་པར་སྒྲོལ་མས་ནད་རིགས་སྔོན་འགོག་བྱ་བའི་སེམས་ཤུགས་དེ་སྔར་ལས་སྲ་བརྟན་དུ་གྱུར་ཡོད།
ལོ་ཙཱ་བ། གཡང་འབུམ་རྒྱལ།