རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་བདེ་མཆོག་རྒྱལ་གྱི་གནས་ཚུལ་བཀོད་པ།
བདེ་མཆོག་རྒྱལ་ནི1995ལོར་པད་མ་རྫོང་དྷི་མདའ་ཡུལ་ཚོའི་དམར་དམག་རེ་བའི་སློབ་ཆུང་གི་དགེ་རྒན་བྱས་པ་ནས་བཟུང་། སེམས་སུ“ཡོད་ཚད་བྱིས་པའི་ཆེད་དང་བྱིས་པའི་ཆེད་དུ་ཡོད་ཚད་འབུལ་བའི”དམ་བཅས། བྱིས་པ་ཚོར་སློབ་གསོ་གཏོང་བའི་བརྒྱུད་རིམ་ཁྲོད་ཡང་དག་པའི་ལྟ་བ་གསུམ་འཛུགས་སྐྱོང་བྱས་ནས། ཁོ་ཚོས་རང་ཉིད་ཀྱི་ཕུགས་བསམ་གྱི་ཆེད་དུ་འབད་བརྩོན་བྱེད་པར་སྣེ་ཁྲིད་བྱས། ལོ་བདུན་གྱི་རྗེས་སུ“ཡོད་ཚད་བྱིས་པའི་ཆེད་དུ་འབུལ་བའི”སློབ་གསོའི་འདུ་ཤེས་དང་དེ་བཞིན་དོན་དངོས་ཀྱི་བྱ་བའི་གྲུབ་འབྲས་ལ་བརྟེན་ནས2002ལོའི་ཟླ་གསུམ་པར་ཏང་གི་ནང་དུ་ཞུགས། དེའི་རྗེས། དགེ་རྒན་བདེ་མཆོག་རྒྱལ་གྱིས་ལོ་མང་པོའི་རིང་དཔེ་ཁྲིད་ཀྱི་བྱ་བ་དོན་དུ་གཉེར། ཕུགས་འདུན་ཡོད་པ་དང་འགན་འཁྲི་ཡོད་པའི་ན་གཞོན་མང་པོ་གསོ་སྐྱོང་བྱས་ཡོད་པ་མ་ཟད། 2003ལོའི་ཟླ་དགུ་པ་དང2008ལོའི་ཟླ་དང་པོ། 2012ལོའི་ཟླ་དགུ་པ་བཅས་སུ་པད་མ་རྫོང་མི་དམངས་སྲིད་གཞུང་གིས“ཕུལ་བྱུང་དགེ་རྒན”ལ་བདམས་པ་དང་། 2009ལོའི་ཟླ་བཞི་པར་དྷི་མདའ་ཡུལ་ཚོ་མི་དམངས་སྲིད་གཞུང་གིས“ཕུལ་བྱུང་རྐང་འཛིན་དགེ་རྒན”ལ་བདམས།
2012ལོའི་ཟླ་དང་པོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས“ཡ་ཅུས་ལེ་མཚོ་སྔོན་གྱི་སྦྱངས་འབྲས་ལེགས་ཐོན་གྱི་སློབ་གསོའི་རོགས་སྐྱོར་ཐེབས་རྩའི་ཕུལ་བྱུང་དགེ་རྒན”ལ་བདམས། 2012ལོའི་ཟླ་བཞི་པར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས“2011ལོའི་བསམ་གཞིག་གསར་པའི་ཕུལ་བྱུང་དགེ་རྒན”དུ་བདམས། 2014ལོའི་ཟླ་དགུ་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས“རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན”ལ་བདམས། 2014ལོའི་ཟླ་བཅུ་གཉིས་པར་ཀྲུང་གུང་པད་མ་རྫོང་ཨུ་ཡོན་ལྷན་ཁང་དང་པད་མ་རྫོང་མི་དམངས་སྲིད་གཞུང་གིས་རྟོག་ཞིབ་བྱེད་སྐབས། ཁོས་ཁྲིད་པའི་རིག་ཚན་དེ་མ་ལག་ཡོངས་ཀྱི་ལོ་ཧྲིལ་པོའི་རིག་ཚན་ཁྲོད་ཨང་གཉིས་པའི་མཚན་སྙན་ཐོབ། 2016ལོའི་ཟླ་དགུ་པར་དམར་དམག་རེ་བའི་སློབ་ཆུང་གི“ཕུལ་བྱུང་དགེ་རྒན”ལ་བདམས། 2017ལོའི་ཟླ་དྲུག་པར་དྷི་མདའ་ཡུལ་ཚོའི“ཕུལ་བྱུང་དགེ་རྒན”ལ་བདམས། 2018ལོའི་ཟླ་གསུམ་པར་ཀྲུང་གུང་པད་མ་རྫོང་ཨུ་ཡོན་ལྷན་ཁང་དང་པད་མ་རྫོང་མི་དམངས་སྲིད་གཞུང་གིས“གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན”ལ་བདམས་པ་དང་། 2018ལོའི་ཟླ་བཅུ་གཅིག་པར་མགོ་ལོག་ཁུལ་སློབ་གསོ་ཅུའུ་ཡིས“ཕུལ་བྱུང་སློབ་མར”བདམས། དེའི་རྗེས་སུ་མགོ་ལོག་སློབ་གསོ་ཅུའུ་དང་མགོ་ལོག་ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས“གྲོང་གསེབ་དཔེ་ལེགས་དགེ་རྒན”ལ་བདམས་པ་རེད།
2021ལོའི་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་ལས་རིགས་ཀྱི་འཐུས་མིའི་ཚབ་བྱས་ཏེ། གདན་ཞུས་ལྟར་པེ་ཅིན་བྱ་ཚང་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་དགོང་ཚོགས་ལ་ཞུགས་པ་དང་། ཟླ་བདུན་པའི་ཚེས་གཅིག་ཉིན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དུ་ཞུགས།
ཀྲུང་གོ་བ་ཞིག་ཡིན་པའི་ཆ་ནས་ང་ལ་སྤོབས་པ་དང་དགའ་སྤྲོས་ཁེངས་ཡོད། རྒྱུ་མཚན་ནི་ཏང་འདི་ནི་རང་རེའི་མེས་རྒྱལ་དར་རྒྱས་ཕུན་སུམ་ཚོགས་པའི་ཕྱོགས་སུ་འཁྲིད་པའི་ཏང་ཞིག་ཡིན། གུང་ཁྲན་ཏང་གི་ཏང་ཡོན་ཞིག་གི་ངོས་ནས་བརྗོད་ན། ངའི་དགའ་སྤྲོ་ནི་གླེང་རིན་མེད་པ་ཞིག་རེད། དེ་ནི་རླབས་ཆེན་གྱི་ཏང་འདིས་ཆར་རླུང་དྲག་པོའི་ཁྲོད་ལོ་བརྒྱ་བརྒལ་ཡོད་པས་རེད། དགེ་རྒན་ཞིག་ཡིན་པའི་ངོས་ནས་ངས་རྗེས་ཕྱོགས་ལ་རེ་སྒུག་ཆེན་པོ་བྱས་ཡོད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ང་ཚོ་ད་ལྟ་ལས་ཀྱང་མཛེས་སྡུག་ལྡན་པའི་མ་འོངས་པར་ཁྲིད་ངེས་ཡིན་པས། ངས་དེའི་ཆེད་དུ་སློབ་གསོའི་འཐབ་ཕྱོགས་དང་པོ་ནས་འབད་བརྩོན་བྱ་རྒྱུ་ཡིན།
"ད་ཐེངས་ཀྱི་ཚོགས་ཆེན་ཐོག་ངས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་ཉན་སྐབས་ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོའི་ལས་དོན་ལ་ཐུགས་ཁུར་དང་མཐོང་ཆེན་གནང་བ་ཚོར་བྱུང་། ང་སློབ་གསོ་བ་ཞིག་ཡིན་པའི་ངོས་ནས“ཡོད་ཚད་བྱིས་པའི་ཆེད་དང་བྱིས་པའི་ཆེད་དུ་ཡོད་ཚད་འབུལ་བའི”སློབ་གསོའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་སོང་བ་དང་། བདུན་པའི་ཚེས་གཅིག་གི་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཐོག་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་ཡོན་དང་། བདུན་པའི་ཚེས་གཅིག་གི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་དགེ་རྒན་ཀྲང་ཀུའེ་མེ་ཡིས་རང་ཉིད་ཀྱི་སློབ་གསོའི་ལོ་རྒྱུས་སྐོར་གླེང་ནས་བྱིས་པར་སློབ་གསོ་གཏོང་བའི་བརྒྱུད་རིམ་ནང་། ང་གཅིག་པུས་འབད་བརྩོན་བྱེད་པ་ཙམ་མིན་པར། ད་དུང་སློབ་གསོ་བྱེད་མཁན་མང་པོ་ཞིག་གིས་བྱིས་པ་ཚོའི་ཆེད་དུ་འབད་པ་བྱེད་བཞིན་ཡོད་པ་ང་ལ་ཤེས་སུ་བཅུག"ཟེར།
ངའི་མིང་ལ་བདེ་མཆོག་རྒྱལ་ཟེར་ཞིང་། ང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དྷི་མདའ་ཡུལ་ཚོའི་དམར་དམག་སློབ་ཆུང་གི་དགེ་རྒན་དཀྱུས་མ་ཞིག་ཡིན། རྗེས་ཕྱོགས་ཀྱི་ལས་ཀའི་ནང་དགེ་རྒན་བདེ་མཆོག་རྒྱལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་བློ་ལ་བརྟན་པོར་ངེས་པ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། ལས་འགན་མི་བརྗེད་པ། འཐབ་ཕྱོགས་དང་པོར་སློབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲང་ཀུའེ་མེ་མདུན་སྐྱོད་ཀྱི་མིག་དཔེ་རུ་བཟུང་སྟེ་ཏང་གི་མི་སྣ་གསོ་སྐྱོང་དང་། རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བཅས་བྱས་ནས་ཏང་དང་མི་དམངས་ཀྱིས་ང་ལ་བཅངས་པའི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་ཟེར།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།