སེམས་ཁོང་གི་དགེ་རྒན་དམ་པ། སློབ་སྦྱོང་གི་ཚད་གཞི་ལེགས་པོ།
2021.09.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

—ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན་ལྕགས་ཐར་རྒྱལ་གྱི་གནས་ཚུལ་བཀོད་པ།

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོ་སྟེ། ཏང་གི་ལོ་ངོ་བརྒྱའི་འཁྲུངས་སྐར་སླེབས་ལ་ཉེ་བའི་སྐབས་དེར། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅིའམ་གླིང་གཙོ་གཞོན་པ་ལྕགས་ཐར་རྒྱལ་ལ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན་གྱི་གཟི་བརྗིད་མཚན་སྙན་ཐོབ། སྐབས་དེར། རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞི”ཡི་སློབ་ཁྲིད་དགེ་རྒན་གྲགས་ཅན་དང་། རྒྱལ་ཡོངས་ཀྱི་དགེ་འོས་སློབ་གྲྭའི“ཀུན་སྤྱོད་དགེ་རྒན”གྱི་གཟེངས་རྟགས་ཐོབ་མཁན། མཚོ་སྔོན་ཞིང་ཆེན་གྱི“ཕུལ་བྱུང་སློབ་གསོའི་བྱ་བ་སྒྲུབ་མཁན”བཅས་ཀྱི་མཚན་སྙན་ཐོབ་པ་དང་། ཁོང་གིས་སེམས་ཚོར་ཆེན་པོས་བཤད་རྒྱུར། ཏང་ནང་དུ་ཞུགས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ཏང་གི་མི་རིགས་སློབ་གསོའི་ལས་དོན་གྱི་ཆེད་དུ་ཐོག་མའི་བསམ་འདུན་མི་བརྗེད་པར། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་བསྒྲུབས་པའི་འདས་དོན་རེ་རེ་ནི་བྲིས་པའི་རི་མོ་རེ་རེ་ནང་བཞིན་དྲན་འཛིན་གྱི་ཡོལ་བའི་ངོས་སུ་རྒྱུན་ཆད་མེད་པར་འཆར་འོང་།

ཀུན་སྤྱོད་ཀྱིས་མི་བསྐྱངས་ཏེ་དཔེ་ཁྲིད་མི་སྐྱོང་གི་རུ་འདྲེན་པ་བརྩོན་ལེན་བྱས་པ།

ལྕགས་ཐར་རྒྱལ་གྱི་གཞུང་ལས་ཁང་གི་མདུན་དུ། ཁོང་གིས་སློབ་ཁྲིད་བྱེད་པའི་འཛིན་གྲྭ་དེའི་སློབ་གྲོགས་ཚོ་འདུས་ཏེ་གཅིག་རེ་གཅིག་རེ་བཞིན་བསླབས་ཟིན་པའི་སློབ་ཚན་དང་བརྡ་སྤྲོད་སོགས་བློ་རྒྱུགས་སྤྲོད་བཞིན་པའི་སྣང་ཚུལ་དེ་ནམ་རྒྱུན་མཐོང་ཐུབ། ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ཏེ། གཟའ་སྤེན་པའི་སྔ་དྲོར། སློབ་གྲོགས་ཚོ་ཡང་བསྐྱར་ཁོང་གི་མདུན་དུ་འོངས་ཏེ་རེ་རེ་བཞིན་བློ་རྒྱུགས་སྤྲོད་ཀྱིན་འདུག “བློར་བཟུང་བ་མི་བཟང་གི  འབད་པ་བྱས་ཏེ་བློར་བཟུང་། སང་ཉིན་མུ་མཐུད་དུ་ངའི་གམ་ལ་བློ་རྒྱུགས་སྤྲོད་དུ་ཤོག”“བློར་བཟུང་བ་བཟང་གི  ད་དུང་མུ་མཐུད་དུ་འབད་པ་བྱོས།”

ལྕགས་ཐར་རྒྱལ་ནི1981ལོར་བྱ་བར་ཞུགས་པ་དང་། ཁྲིད་སྟེགས་སྟེང་བུད་དེ་ཁོས་རང་ཉིད་ལ“གཞན་དྲང་པོར་སྲོང་ན་ཐོག་མར་རང་ཉིད་དྲང་པོར་སྲོང་དགོས་པའི”མི་ཚེའི་གནས་ཚད་ཅིག་བཙུགས་ཏེ། སློབ་མས་སྒྲུབ་དགོས་པ་དག་ཐོག་མར་ཁོ་རང་ཉིད་ཀྱིས་བསྒྲུབས་པ་དང་། དུས་ཡུན་རིང་པོ་ཞིག་ལ། སློབ་གྲྭར་ཡོང་བར་རྗེས་སུ་མི་ལུས་པ་དང་། སློབ་གླིང་ཡོངས་ཀྱི་ལས་ཚོགས་སུ་ཡོང་སྔ་ཤོས་ཀྱང་ཁོ་རང་རེད།

ཁོས་གཉིད་ཆག་ཟས་བརྗེད་དང་དཀའ་སྤྱད་ལས་སྒྲུབ་བྱེད་པ། ལས་གང་ཞིག་སྒྲུབ་ན་དེར་དགའ་བ། དུས་ནམ་ཡང་བྱ་བའི་ཆེས་དགོས་མཁོ་ཡོད་སར་འགྲོ་བ་དང་ལས་གང་ཞིག་སྒྲུབ་རུང་ཚང་མའི་སྔོན་དུ་བསྐྱོད་དེ། ནུས་ཤུགས་ཡོད་ཚད་སློབ་གསོའི་སློབ་ཁྲིད་དོ་དམ་དང་སློབ་ཁྲིད་ཀྱི་ཚན་རིག་ཞིབ་འཇུག་སྟེང་བཀོལ་བ་རེད། “ལོ་གསར་གྱི་སྐབས་སུ་ཕྱིར་ཕ་ཡུལ་དུ་ལོག་ནས་ལོ་རྒས་པའི་ཕ་མ་གཉིས་དང་ལྷན་དུ་ལོ་གསར་ལ་རོལ་པ་མ་གཏོགས། དུས་ཆེན་དང་གུང་གསེང་གི་སྐབས་སུའང་ངལ་གསོ་མ་བྱས་པར་སློབ་གཉེར་དང་ཚན་རིག་ ཞིབ་འཇུག་གི་ལས་ལ་བྲེལ་ཞིང་། ཉིན་རེར་ཆ་སྙོམས་ཀྱིས་ཤོག་ངོས་བདུན་བརྒྱད་ཙམ་ཟིན་བྲིས་སུ་འདེབས་པ་དང་། གོམས་གཤིས་འདི་ལོ་ངོ་བཞི་བཅུའི་རིང་ལ་རྒྱུན་འཁྱོངས་བྱས་པ་རེད།”  མི་མང་པོ་ཞིག་གིས་ཁོང་གི་མཐུག་ཅིང་ཕྱི་ཤུན་སྲ་བའི་ཟིན་བྲིས་དེབ་ཀྱི་སྟེང་དུ་ཚགས་དམ་ཞིང་གྲལ་དག་པ། བྲིས་གཟུགས་དག་པ། པར་བཏབ་ཡིག་གཟུགས་དང་འདྲ་བའི་བོད་ཡིག་གི་ཟིན་བྲིས་དེ་མཐོང་ཚེ། རང་དབང་མེད་པར་གུས་བཀུར་ཡི་རང་གི་བསམ་བློ་ཞིག་ངང་གིས་སྐྱེས་འོང་།

ཁོས་གསོལ་འབུལ་ནི་སྤྲོ་བ་ཞིག་དང་གུང་གསེང་ནི་སློབ་གཉེར་བྱེད་པའི་གོ་སྐབས་ཤིག་ཏུ་བརྩི་བ་དང་། ཚན་རིག་ཞིབ་འཇུག་ནི་སློབ་ཁྲིད་ཀྱི་རྨང་རྡོ་རུ་བརྩིས་ཏེ། སྔ་རྗེས་སུ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས“བོད་སྐད་ཡིག་གི་ཆུ་ཚད་ཚད་རིམ་ཚོད་ལྟའི་ཚད་གཞི”དང་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་སློབ་ཁྲིད་བཅོས་བསྒྱུར་གྱི“སྐད་གཉིས་དགེ་རྒན་གྱི་དཔེ་ཁྲིད་རྩལ་ནུས་ཀྱི་ཚོད་ལྟའི་ཚད་གཞི”འཛམ་གླིང་ཡོངས་ཀྱི་བོད་སྐད་ཡིག་མུའུ་ཁོ་བསླབ་ཚན་ཐོག་མ་གསར་སྤེལ་དང“མི་རིགས་དགེ་འོས་སློབ་གླིང་གི་ཏང་འཛུགས་སྤུས་ཚད་མཐོར་འདེགས་གཏོང་བའི་ཇུས་གཞི”སོགས་ལས་གཞི་གལ་ཆེན་དང་བྱ་བ་སྒྲིག་བཟོ་གཏན་འབེབས་བྱ་བར་མགོ་འཛིན་བྱས་ཏེ་ཡོངས་འགྲུབ་བྱས།

སློབ་མ་རྣམས་སློབ་སྦྱོང་གི་དཀའ་ཁག་ལ་འཕྲད་པ་དང་། འཚོ་བར་དཀའ་ངལ་བྱུང་བའམ་ཡང་ན་བསམ་བློ་སོམ་ཉིའི་དྲ་བར་ཚུད་པ་མཐོང་དུས། ཁོས་རང་འགུལ་གྱིས་སེམས་གཏམ་བཤད་པ་དང་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པ། ཁ་ཕྱོགས་གསལ་པོར་སྟོན་པར་མ་ཟད། ཁོས་དོན་དག་རེ་རེ་ཧུར་ཐག་གིས་སྒྲུབ་པ་དང་སློབ་མ་རེ་རེར་ནུས་ཤུགས་གང་ཡོད་ཀྱིས་སྐུལ་ཁྲིད་བྱེད་པ། རང་ཉིད་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་གསར་པ་དེ་དུས་དང་པོར་སློབ་མར་དཔེ་ཁྲིད་གནང་ཞིང་། སྔ་རྗེས་སུ་རང་ཉིད་ཀྱི་བརྩམས་ཆོས་རིགས་དྲུག་གི་དཔེ་དེབ་སུམ་སྟོང་ཉིས་བརྒྱ་ལྷག་རིན་མེད་སྒོས་སློབ་མའི་སློབ་སྦྱོང་དང་ཚན་རིག་ཞིབ་འཇུག་གསར་སྐྲུན་བྱ་འགུལ་གྱི་བྱ་དགར་གནང་བ་རེད།

ལྕགས་ཐར་རྒྱལ་གྱིས་ཐབས་ལམ་གསར་པ་དང་བྱེད་སྟངས་གསར་པ་ཧུར་ཐག་གིས་སྤྱད་དེ། མ་གཞི་སུན་སྣང་གིས་ཁེངས་པའི་སྐད་བརྡ་རིགས་ཀྱི་བསླབ་ཚན་དེ་ཉམས་དགའ་ལ་ངོ་མཚར་བར་བསྒྱུར་བས་སློབ་མའི་དགའ་ཞེན་གང་ལེགས་ཐོབ། ཁོས་ད་དུང་རིན་མེད་སྒོས“འོས་འགན་སློབ་ཁྲིད་ཀྱི་སློབ་ཁང”གསར་དུ་བཙུགས་པ་དང་། གུང་གསེང་གི“སློབ་ཁྲིད་རོགས་སྐྱོར”བྱ་འགུལ་སྤེལ། 2018ལོ་ནས2020ལོའི་བར་དུ། ཁོས་སློབ་མར་བྱ་དགའི་དངོས་རྫས་ཉོ་སྒྲུབ་དང་ལྟ་ཀློག་དཔེ་དེབ་སྟེར་བ་སོགས་བྱས་པར་སྔ་གཞུག་ཏུ་སྒོར་ཁྲི་གཅིག་ལྷག་བཏང་།

གདོང་མཆོང་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་གསར་སྐྲུན་བྱ་བ་ཇེ་དྲག་ཏུ་བཏང་བ།

2005ལོ་ནས་བཟུང་། ལྕགས་ཐར་རྒྱལ་གྱིས་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གླིང་གཙོ་གཞོན་པའི་ལས་འགན་བཞེས། དོ་དམ་ཐད་དུ་ཁོས་ཁ་བཤད་ལས་རང་སྤྱོད་གལ་ཆེ་བ་དང་། སྣེ་ཁྲིད་དེ་མིག་དཔེ་སྟོན་པ། རང་དཔེ་གཞན་སྟོན་བྱེད་པ་བཅས་ཀྱིས“སློབ་གྲྭ་ཁྱིམ་ལྟར་གཅེས་པ་དང་སློབ་མ་རང་གི་བུ་ལྟར་སྐྱོང་བ”ཡི་དོ་དམ་འདུ་ཤེས་བཙུགས་ཏེ། ལུས་སེམས་ཡོངས་སློབ་གྲྭའི་སློབ་གསོ་ཐད་ཀྱི་སྣ་སོ་སོའི་ལས་དོན་ཁྲོད་དུ་ཞུགས།

གཟའ་རེར་སློབ་ཁྲིད་དུས་ཡུན12ཡན་གྱི་འགན་འཁྲི་འཁུར་བ་རྒྱུན་འཁྱོངས་བྱེད་པ་དང་ལྷན་དུ། ཁོ་ད་དུང་སློབ་གསོ་སློབ་ཁྲིད་དོ་དམ་གྱི་བྱ་བའི་གསར་སྐྲུན་ཁྲོད་ཞུགས་ཤིང་། མི་རིགས་དགེ་འོས་སློབ་གླིང་དུ“སློབ་མའི་རང་གཅུན་གྲོས་མཐུན་གྱི་དམ་བཅའ་ལམ་ལུགས”དང“དངོས་གཞི་སློབ་མའི་སྦྱོང་ཚན་གྱི་མཛུབ་སྟོན་དགེ་རྒན་ལམ་ལུགས”“ངེས་སྦྱོང་གསུམ་དང་བདམས་སྦྱོང་གསུམ་གྱི་སྦྱོང་ཚན་རོགས་སྐྱོར”“མགོ་ཁྲིད་ལས་བྱེད་པས་སློབ་ཁྲིད་འཛིན་གྲྭར་འབྲེལ་གཏུག་བྱེད་པའི་ལམ་ལུགས”“སློབ་མའི་ཡ་རབས་སློབ་གསོ”སོགས་ཀྱི་དོ་དམ་བྱེད་ཐབས་སྣ་ཚོགས་གསར་སྐྲུན་བྱས་པ་དང་། 2016ལོ་ནས་བཟུང་སྔ་གཞུག་ཏུ་སློབ་གྲྭ་ཡོངས་སུ་ཁྱབ་གདལ་དུ་བཏང་།

ལྕགས་ཐར་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་སློབ་གླིང་གི་ཏང་འཛུགས་སྐྲུན་གྱི་བསམ་བློ་དེ་ཆབ་སྲིད་བྱ་བ་ཨང་དང་པོར་འཇོག་པ་དང་། ཏང་ཡོན་འཕེལ་རྒྱས་ཀྱི“འགག་གསུམ”བྱེད་སྟངས་ཧུར་ཐག་གིས་ཁྱབ་སྤེལ་གཏོང་བ། ཏང་འཛུགས་སྐྲུན་གྱི་བསམ་བློའི་ཆབ་སྲིད་དང་ཏང་སྲོལ་སྲིད་གཙང་། སློབ་ར་བདེ་འཇགས་བརྟན་བརླིང་། དེ་མིན་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་བཅས་དམ་འཛིན་བྱས་ཏེ། སྐུ་དངོས་ཀྱིས《མི་རིགས་དགེ་འོས་སློབ་གླིང་གི་ཏང་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་གཏོང་བའི་ཇུས་གཞི》དང《མི་རིགས་དགེ་འོས་སློབ་གླིང་གི་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲི་དང་དེའི་བླང་བྱ》སོགས་ལམ་ལུགས་བྱེད་ཐབས18འཆར་ཟིན་བཀོད་དེ་སྒྲིག་བཟོ་གཏན་འབེབས་བྱས། ཁོས་སློབ་ཁང་སློབ་ཁྲིད་ཀྱི་དོ་དམ་ལ་མཐོང་ཆེན་དང་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོར་གཙིགས་འཛིན་བྱེད་པ། བསླབ་ཚན་གྱི་བསམ་བློའི་ཆབ་སྲིད་བྱ་བ་དམ་འཛིན་བྱེད་པ། སློབ་ཁྲིད་གོ་རིམ་གྱི་བྱ་བ་སོ་སོར་དུས་བཅད་ལྟར་ཞིབ་བཤེར་བྱེད་པ། སློབ་མར་ཡ་རབས་གོམས་གཤིས་ཆགས་པའི་སློབ་གསོ་ཧུར་ཐག་གིས་ཁྱབ་སྤེལ་བཅས་བྱས་ཏེ། སློབ་གླིང་གི་སློབ་གསོའི་སློབ་ཁྲིད་དོ་དམ་དང་སློབ་མའི་བདེ་འཇགས་དོ་དམ་དུས་ཡུན་རིང་པོར་སློབ་གྲྭའི་མདུན་གྲལ་དུ་གནས།

ལྕགས་ཐར་རྒྱལ་གྱིས་བྱ་བ་སྒྲུབ་ཐབས་ཧུར་ཐག་གིས་གསར་སྐྲུན་བྱེད་པ་དང་། འཐུས་ཚང་གི་སྒྲིག་སྲོལ་ལམ་ལུགས་འཛུགས་པ། དཔྱད་བསྡུར་ནང་རྐྱེན་འཐུས་ཚང་དུ་གཏོང་བ། རང་ཉིད་ཀྱིས་དངོས་སུ《མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་རོགས་ཁྲིད་པའི་ལས་ཚད་ལ་དཔྱད་ཞིབ་བྱེད་ཐབས》དང《མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་འཛིན་བདག་གི་ལས་ཚད་ལ་དཔྱད་ཞིབ་བྱེད་ཐབས》《མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་འཁོར་སྐྱོད་ནང་རྐྱེན་འཐུས་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞི》སོགས་ཀྱི་ལམ་ལུགས་ཡིག་ཆ་གལ་ཆེན་འཆར་ཟིན་བཀོད་ཅིང་སྒྲིག་བཟོ་གཏན་འབེབས་བྱས་ནས། བྱ་བའི་ཁྲོད་གསར་སྐྲུན་བརྩོན་ལེན་དང་གསར་སྐྲུན་ཁྲོད་དོ་དམ་ལ་སྐུལ་འདེད་བྱེད་པ། དོ་དམ་ཁྲོད་ཕན་འབྲས་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་བྱས། ཁོས་སློབ་མའི་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོར་གཙིགས་ཆེན་བྱེད་པ་དང་། བསམ་བློའི་སློབ་གསོ་བྱ་བ་འབེན་ཡོད་སར་མདའ་འཕེན་པ་ལྟར་སྤེལ་བ། དྲིལ་སྒྲོག་གི་ཐབས་ལམ་ལེགས་བསྒྱུར་བྱེད་པ། སློབ་མའི་ཁྱིམ་བདག་དང་འཛིན་བདག  རོགས་ཁྲིད་པ་བཅས་གཞི་གཅིག་ཅན་གྱི་འབྲེལ་གཏུག་ནང་རྐྱེན་བཙུགས་པ་དང་། མཉམ་ཤུགས་ནུས་པ་འདོན་སྤེལ་བྱེད་པ། བསམ་བློའི་ཆབ་སྲིད་སློབ་གསོའི་བཀོད་སྟངས་གསར་པ་གསར་སྐྲུན་བྱེད་པ། “ཀུན་སྤྱོད་སློབ་གསོའི་སྣེ་ཁྲིད་པ”ཡི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ། ལོ་རིམ་མཐོན་པོའི་འཛིན་གྲྭའི་སློབ་མའི་ཁྲོད་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་རྒྱུད་ལ་ཤེས་བྱ་དང་ཉམས་མྱོང་ངེས་ཅན་ཞིག་ཡོད་པའི་ཕུལ་བྱུང་སློབ་སྤུན་ཞིག་བདམས་ཏེ། ལོ་རིམ་དམའ་བའི་འཛིན་གྲྭར“ཀུན་སྤྱོད་སློབ་གསོའི་སྣེ་ཁྲིད་མཁན”གྱི་འགན་འཁུར་ཞིང་། ཏང་འཛུགས་སྐྲུན་གྱིས་གུང་གཞོན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་པའི་སྣེ་འདྲེན་ནུས་པ་འདོན་སྤེལ་གང་ལེགས་བྱས།

ཁྱོན་ཡོངས་ལ་དམིགས་ཏེ་སྣ་སོ་སོའི་བྱ་བའི་བདེ་འཇགས་འཁོར་སྐྱོད་ལ་ཁག་ཐེག་ནན་མོ་བྱས་པ།

“ཧྲུའུ་ཅི་ལྕགས་ཐར་རྒྱལ་གྱི་བློ་སེམས་དུས་ནམ་ཡང་སློབ་རའི་བདེ་འཇགས་བརྟན་བརླིང་ཐད་ཕྱོགས་ཡོད་པ་དང་། སློབ་གྲྭ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་དོན་དག་རེ་རེར་ཐུགས་ཁུར་བྱེད་ཀྱིན་ཡོད”སློབ་གླིང་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཧྲུའུ་དབྱིན་གྱིས་བཤད་རྒྱུར། “ཉིན་རྒྱུན་ལས་ཚོགས་སུ་ཞུགས་དུས་ཁོང་གིས་ཐོག་མར་སློབ་ཁྲིད་སྒྲིག་ཆས་འཁོར་སྐྱོད་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ཉིན་གུང་གི་ངལ་གསོའི་དུས་སྐབས་སུ་སློབ་མའི་ཉལ་ཁང་དུ་སོང་ནས། སློབ་མའི་སློབ་སྦྱོང་དང་འཚོ་བར་རྒྱུས་ལོན་བྱེད་པ་དང་། སློབ་མའི་སྤྱོད་སྟངས་དང་འདུག་སྟངས་ལ་ཞིབ་ཚགས་ཀྱིས་ལྟ་ཞིབ་བྱེད་པ། བདེ་སྡུག་འདྲི་བ། གནས་ལུགས་ཤེས་སུ་འཇུག་པ་དང་ཡིད་འགུལ་ཐེབས་སུ་བཅུག་ནས་སློབ་མའི་སེམས་ཁོང་གི་དཀའ་གནད་ཐག་གཅོད་བྱེད།”

ལྕགས་ཐར་རྒྱལ་གྱིས་སློབ་མའི་འཚར་ལོངས་ལ་ཐུགས་ཁུར་བྱེད་པ་དང་། མི་རིགས་སོ་སོའི་སློབ་མ་མགྱོགས་མྱུར་གྱིས་སློབ་གྲྭའི་འཚོ་བའི་ནང་འདྲེས་སུ་འཇུག་པར་འབད་པ་བྱེད་པ། ལོ་རེའི་སློབ་མ་གསར་པ་སློབ་གྲྭར་བསྐྱོད་པའི“སློབ་མགོ་ཚུགས་པའི་བསླབ་ཚན་དང་པོ”རང་འགུལ་གྱིས་སློབ་ཁྲིད་བྱེད་པ། སློབ་སྐབས་རེའི་སློབ་མགོ་རྩོམ་དུས་རང་རྟོགས་ཀྱིས“མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བསླབ་ཚན”འགན་ལེན་བྱས་ཏེ། ཟླ་རེར་སློབ་མའི་ཉལ་ཁང་གི་བདེ་འཇགས་ཞིབ་བཤེར་ཆེན་མོ་ཐེངས་གཅིག་སྤེལ་བ་རྒྱུན་འཁྱོངས་བྱས། “ཧྲུའུ་ཅི་ལྕགས་ཐར་རྒྱལ་གྱིས་ང་ཚོའི་འཚོ་བའི་གནས་ཚུལ་ལ་ཧ་ཅང་སེམས་ཁུར་བྱེད་པ་དང་། ཉལ་ཁང་ལ་ཞིབ་བཤེར་བྱེད་ཐེངས་རེར་ནམ་རྒྱུན་དུ་ཉལ་ཁང་ནི་ང་ཚོའི་ཁྱིམ་ཚང་གཉིས་པ་ཡིན་ཞེས་བཤད་ཀྱིན་འདུག  དེ་བས་གཙང་སྦྲ་ལེགས་པོ་བྱེད་པ་དང་རང་ཉིད་ཀྱི་ཁྱིམ་ལ་གཅེས་སྤྲས་བྱེད་དགོས་ཟེར། དུས་མཚུངས་སུ། ད་དུང་ང་ཚོར་ཐཱན་སྐྱུར་བཏུང་ཆུའི་རིགས་མ་འཐུང་། ད་ལྟ་ནར་སོན་བཞིན་པའི་དུས་ཡིན་པས་ལུས་ཕུང་བདེ་ཐང་ལ་གནོད་པ་ཡོད་ཚུལ་ནན་གྱིས་གདམས་སོང”ཞེས2020བོད་རིག་པའི་དགེ་འོས་འཛིན་གྲྭའི་སློབ་མ་བསོད་ནམས་རབ་རྒྱས་ཀྱིས་དེ་ལྟར་བཤད་བྱུང་།

ལྕགས་ཐར་རྒྱལ་ནི་སློབ་མའི་སེམས་ཁོང་གི་དགེ་རྒན་དམ་པ་དང་མི་ཚུལ་ལྡན་ཞིག་བྱེད་པའི་མིག་དཔེ། སློབ་སྦྱོང་བྱེད་པའི་ཚད་གཞི་བཅས་ཡིན། ལོ་ངོ་བཞི་བཅུའི་རིང་གི་དཔེ་ཁྲིད་ཀྱི་མི་ཚེའི་ཁྲོད། ཁོས་ཏང་གི་མི་རིགས་སློབ་གསོའི་ལས་དོན་ཐད་སླ་བཅོས་གཏན་ནས་མི་བྱེད་པར་གསོལ་འབུལ་བྱེད་པ་དང་། ཐུན་མོང་མ་ཡིན་པའི་སློབ་ཁྲིད་བྱེད་ཐབས་དང་གཟབ་ནན་ཏན་ཏིག་གི་བྱ་བ་སྒྲུབ་སྟངས། གཞུང་མང་ཁོང་དུ་ཆུད་པའི་ཤེས་བྱའི་ཆུ་ཚད་དང་། དེ་མིན་ག་ས་གང་དུ་རང་དཔེ་གཞན་སྟོན་བྱེད་པའི་དཔེ་སྟོན་བྱ་སྤྱོད་ཀྱིས་སློབ་རབས་རེ་རེའི་སློབ་ཕྲུག་མང་པོར་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་སུ་བཅུག་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།