རྩྭ་ཐང་གི་བུ་རྒོད།
2021.09.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 42

---རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་བློ་དགེ་ཡི་གནས་ཚུལ་བཀོད་པ།

སྐྱ་ཐིང་ཐིང་གི་རི་ལུང་ཐང་གསུམ་ལྗང་མདོག་དུ་བསྒྱུར་ཏེ། སྐྱེ་ཁམས་དང་བྱ་དངོས་ཡོད་ཚད་ལ་ཕན་པར་བྱས།

ཚིག་རྐང་འདི་གཉིས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྨར་འབྲིང་ཡུལ་ཚོ་དམུ་རུ་སྡེ་བའི་སྡེ་མི་རྣམས་ཀྱིས་བློ་དགེ་ལ་བྱིན་པའི་གོས་དར་དེའི་སྟེང་བྲིས་ཡོད་ཅིང་། ཚིག་ནི་ཁོ་ཚོ་རང་གིས་བསྒྲིགས་པ་ཡིན་ལ། བྲིས་ཡོད་པ་ནི་ཁོ་ཚོའི་སྡེ་བ་ཡིན་པ་དང་། དེ་ནི་ཁོ་ཚོའི་འཚོ་བའང་རེད།

ལས་ཀར་ཞུགས་མ་ཐག བློ་དགེ་སྨར་འབྲིང་ཡུལ་ཚོ་ལ་སོང་བ་དང་། གནས་དེའི་འབྲོག་པ་མང་ཚོགས་རྣམས་ངོ་ཤེས་ལ། གནས་དེའི་རྩྭ་ཐང་ཡང་མཐོང་བྱུང་།

དེ་མཐོང་བ་ནས་བཟུང་བརྗེད་ཐབས་མེད་པར་གྱུར་ཅིང་། དེ་ཡིད་ལ་དྲན་པ་ན་སེམས་ཀྱིས་བཟོད་ཐབས་བྲལ་བར་གྱུར།

ཆ་སྙོམས་མཚོ་འཕང་ལ་མུས་སྟོང་བཞི་དང་ཉིས་བརྒྱ་ཡོད་པའི་དར་ལག་རྫོང་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་གཙོ་གནད་བྱེད་ནུས་ཁུལ་དང“རྨ་འབྲི་རྫ་གསུམ་འབྱུང་ཡུལ”རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ཡོད་པ་དང་། རྨ་ཆུ་རྫོང་གི་མངའ་ཁོངས་ཡོངས་སུ་བརྒྱུད་ཡོད་ལ། རྩྭ་སའི་རྒྱ་ཁྱོན་གྱིས་རྫོང་ཡོངས་ཀྱི་ས་ཞིང་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་གོ་ལྔ་ཟིན་ཡོད། དེའི་རྐྱེན་གྱིས། གནས་དེའི་རྩྭ་ཐང་ནི་རྨ་ཆུའི་འབྱུང་ཁུངས་ཀྱི་ཆུ་ཁུངས་གསོ་སྐྱོང་བྱེད་ས་གཙོ་བོར་གྱུར་ཡོད།

ཡིན་ནའང་། རང་བྱུང་ཁོར་ཡུག་དང་ཕྱུགས་ཟོག་འཚོ་སྐྱོང་ཚད་ལས་བརྒལ་བ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས། དུས་རབས་སྔོན་མའི་དུས་མཇུག་ཏུ། དར་ལག་རྫོང་གི་རྩྭ་ས་ཞན་འགྱུར་ཚབས་ཆེན་དུ་སོང་སྟེ། གཞི་རྒྱ་ཆེ་བའི་སྒོ་ནས“ས་ནག་ཐང”དུ་གྱུར་བ་དང་། ཧ་ཅང་ཚབས་ཆེན་ཡིན་དུས། རྫོང་ཡོངས་ཀྱི་ས་ནག་ཐང་གི་རྒྱ་ཁྱོན་སྤྱི་ཆིང་འབུམ་བདུན་དང་ཁྲི་དགུ་ལྷག་དུ་སླེབས་ནས་རྩྭ་ས་ཡོངས་ཀྱི53%ཟིན་ལ། དར་ལག་རྫོང་ཡང་མགོ་ལོག་ཁུལ་གྱི་ས་ནག་ཐང་གི་ཟིན་ཚད་ཆེས་མཐོ་བའི་རྫོང་དུ་གྱུར་ཡོད།

ལྗང་མདོག་གི་རྩྭ་ས་ས་ནག་ཐང་དུ་གྱུར་པས། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་རྨ་ཆུའི་འབྱུང་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཚབས་ཆེན་བཟོས། 1995ལོར། བློ་དགེ་དར་ལག་རྫོང་རྩྭ་ཐང་ས་ཚིགས་ཀྱི་འགོ་གཙོ་རུ་བསྡད་པ་དང་། རྫོང་ཡོངས་ཀྱི་རྩྭ་ས་ཞན་འགྱུར་ཤིན་ཏུ་ཚབས་ཆེ་བའི་ས་ཆ་སྟེ་སྨར་འབྲིང་ཡུལ་ཚོའི་བར་དུ་འབྲལ་ཐབས་མེད་པའི་འབྲེལ་ལམ་ཆགས་པར་གྱུར།

ལས་དབང་ཁྱད་པར་བ་དེ་ནི།  བློ་དགེ་ཡི་སྐྱེ་ཁུངས་ནས་མགོ་བརྩམས་ཏེ་བརྗོད་དགོས།

1958ལོའི་ཟླ6པར། བློ་དགེ་ནི་དཔོན་སྐོར་གོང་མ་ཡུལ་ཚོ་ཧར་ཆེན་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས་ཤིང་། བྱིས་པ་བདུན་ཡོད་པའི་ཁྲོད་ཁོ་རང་བུ་ཆེ་བ་ཡིན། 1977ལོར། རྫོང་ཐོག་ཏུ་འདྲུད་འཐེན་འཁོར་ལོ་བསྐོར་བ་དང་ཞིག་གསོ་བྱེད་པའི་ནུས་རྩལ་གསོ་སྦྱོང་བྱེད་རྒྱུ་རྩ་འཛུགས་བྱས་པ་དང་། སྡེ་བ་རེར་སྐལ་གཉིས་མ་གཏོགས་མེད་ཀྱང་། བློ་དགེ་སྟབས་ལེགས་པར་དེའི་ཁྲོད་ཀྱི་གཅིག་ཏུ་གྱུར། ཁྱིམ་གྱི་ངལ་རྩོལ་པ་གཙོ་བོ་ཡིན་པའི་ཆ་ནས། ཕ་མ་གཉིས་ཀྱིས་དེ་ནི་གཏམ་བཟང་ཞིག་ཡིན་པར་འདོད་མེད་པ་རེད། ཡིན་ནའང་ཕོ་ལོ་ཉི་ཤུ་ལ་བུད་མ་ཐག་པའི་གཞོན་ནུ་ཁོས་ཕྱི་རོལ་འཇིག་རྟེན་ལ་བལྟ་རུ་འགྲོ་རྒྱུའི་སེམས་ཐག་བཅད།

སློབ་གྲྭར་ཉིན་གཅིག་ལའང་འགྲིམས་མ་མྱོང་བའི་བློ་དགེ་ཡིས་ཉལ་གོས་ཉལ་གདན་ཞིག་དང་རྩམ་ཁུག་ཅིག མར་ཟེའུ་ཆུང་ངུ་ཞིག་བཅས་ཅ་ལག་བསྡུ་གསོག་བརྒྱབ་སྟེ་སློབ་གཉེར་གྱི་ལམ་དུ་ཞུགས། གསོ་སྦྱོང་བྱེད་ས་ནི་དབྱར་ཆར་ཆུ་མི་ཚོགས་ཤིང་དགུན་གྲང་རླུང་མི་ཁོགས་པའི་ས་ཁང་འགའ་ཞིག་མ་གཏོགས་མེད་པའི་རྫོང་ཞིང་ལས་འཕྲུལ་ཆས་ས་ཚིགས་རེད། གསོ་སྦྱོང་ཐེངས་དང་པོ་མཇུག་རྫོགས་རྗེས། བློ་དགེ་ལ་འདྲུད་འཐེན་འཁོར་ལོའི་ཐད་སྤྲོ་བ་ཆེན་པོ་སྐྱེས་པས། ལོ་གཉིས་པར་ཡང་མུ་མཐུད་དུ་མིང་ཐོ་བཀོད། འཕྲུལ་ཆས་ཀྱི་ལྷུ་ལག་གཏོར་བ་དང་སྒྲིག་པ་སོགས་ཉི་མ་རེ་རེའི་སློབ་ཁྲིད་དེ་ཉིན་གང་པོར་བཀོད་སྒྲིག་བྱས་འདུག་ལ། སློབ་ཁྲིད་གྲོལ་རྗེས། བློ་དགེ་ཡིས་ད་དུང་དགེ་རྒན་ལ“ཟ་མ་སྐོལ་བ”རེད། དེ་ལྟར། ཏག་ཏག་ལོ་གཉིས་དང་ཕྱེད་ཀའི་རིང་ལ་སྒོར་མོ་སྐར་མ་གང་ཡང་བཙལ་རྒྱུ་ཕར་ཞོག ད་དུང་ཟླ་རེར་ཁྱིམ་མིས་བཟའ་བཏུང་བསྐྱལ་ནས་ཡོང་དགོས། དེ་འདྲའི་དཀའ་སྡུག་ཆེ་བའི་སློབ་སྦྱོང་གི་ཁོར་ཡུག་ལ་རྐྱེན་བྱས་ཏེ་མི་མང་པོ་ཞིག་གིས་རྒྱུན་སྐྱོང་མ་ཐུབ་པར་བསྐྱུར་བས། མཐར་ཕྱིན་དུས། བློ་དགེ་དང་སློབ་གྲོགས་གཞན་གསུམ་ལས་ལྷག་མེད་པར་གྱུར།

1981ལོའི་ཟླ་དང་པོར། བློ་དགེ་དར་ལག་རྫོང་རྩྭ་ཐང་ས་ཚིགས་སུ་མངགས་ཏེ་འདྲུད་འཐེན་འཁོར་ལོ་བསྐོར་བ་དང་ཞིག་གསོ་བྱེད་པའི་འགན་འཁུར། བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན། ཁོ་རང་རྩྭ་ཐང་ས་ཚིགས་ཀྱི་བྱ་བའི་སྤྱིའི་གནས་ཚུལ་ལ་རྒྱུས་ལོན་ཅུང་ཡོད་པར་གྱུར། རིམ་གྱིས་ཆུང་དུས་ནས་རྩྭ་ཐང་དུ་ནར་སོན་པའི་ཕོ་གསར་འདིས་སྔོན་ཆད་རྟའི་ཕོ་བར་སླེབས་པའི་རྩྭ་ནི་ད་ལྟ་རྟའི་རྨིག་པར་ཡང་མི་སླེབས་པ་མཐོང་། ས་ནག་ཐང་རེ་རེ་ནི་ས་གནས་དེ་གའི་ལས་བྱེད་མང་ཚོགས་ཀྱི་སེམས་ཀྱི་སྡུག་བསྔལ་དུ་གྱུར་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་གཅོང་ནད་ལྟ་བུར་ཡང་གྱུར།

ས་ནག་ཐང་བཅོས་སྐྱོང་བྱེད་དགོས་ན་གཙོ་བོ་རྩྭ་འདེབས་པར་བརྟེན་དགོས།

2011ལོའི་ཟླ་བཅུ་གཉིས་པར། གཞི་རྒྱ་ཆེ་བའི་རྩྭ་ས་ཞན་འགྱུར་ཚབས་ཆེན་ཐད་ཀྱི་རྟོག་ཞིབ་ཞིག་སྨར་འབྲིང་ཡུལ་ཚོ་རུ་སྤེལ། རྩྭ་ཐང་ས་ཚིགས་ཀྱི་འགོ་གཙོ་ཡིན་པའི་ངོས་ཐད་ནས་བློ་དགེ་རྟོག་ཞིབ་རུ་ཁག་གི་མི་བཅུ་པོ་དང་མཉམ་དུ་བསྟུད་མར་ཉིན་ཉི་ཤུ་ལྷག་གི་རིང་ལ་སྨར་འབྲིང་ཡུལ་ཚོའི་རྩྭ་ཐང་སྟེང་དུ་ཁོམ་ལོང་མེད་པར་བསྡད། ཉིན་མོར་ཚད་འཇལ་བ་དང་ཟིན་ཐོར་འགོད་པ། དགོང་མོར་རི་མོ་འབྲི་བ་དང་རྒྱུ་ཆ་དག་སྒྲིག་བྱས། ཐེངས་དེའི་བརྟག་དཔྱད་བརྒྱུད་ནས། སྨར་འབྲིང་ཡུལ་ཚོའི་ས་ནག་ཐང་གི་རིགས་དང་ཁྱབ་ཚུལ། རྒྱ་ཁྱོན་དང་བཅོས་སྐྱོང་བཅས་ཀྱི་གནས་ཚུལ་ཧ་ལམ་གསལ་པོར་རྟོགས།

ལོ་གཉིས་པར། བློ་དགེ་ཡང་བསྐྱར་སླེབས་བྱུང་།

“ལས་རིམ་དང་པོ་ནི་སྐྱེ་ལྡན་ལུད་གཏོར་བ་དང་། དེ་ནས་ས་སློག་ནས་ལུད་ས་ནང་ལ་སིམ་དུ་འཇུག་རྒྱུ་དེ་རེད། ལས་རིམ་གཉིས་པ་ནི་རྩྭ་འབྲུ་གཏོར་བ་ཡིན་ཞིང་། རྩྭ་འབྲུ་དེ་དག་གི་རིགས་ལ་འཇག་སྐྱ་དང་རྩྭ་ནག རྩྭ་འབྲུ་བཅས་ཡོད། ལས་རིམ་གསུམ་པ་ནི་སེང་རས་ཀྱིས་འགེབ་རྒྱུ་དེ་རེད།”

བློ་དགེ་ཡིས་བཤད་པ་ལ་གནས་ལུགས་ལྡན་ནའང་། དེར་འོངས་ནས་ཉན་མཁན་གྱི་ལས་བྱེད་པ་དང་འབྲོག་པ་མང་ཚོགས་ཀྱིས་ཧ་གསལ་པོ་ཞིག་གོ་བཞིན་མི་འདུག ཁོ་ཚོའི་འདུ་ཤེས་ཁྲོད་དུ་རྩྭ་འདེབས་སྲོལ་ཞིག་གཏན་ནས་མེད། དེའི་རྐྱེན་གྱིས། རྩྭ་ས་ཞན་འགྱུར་དུ་སོང་བ་དང་བསྟུན་ནས། ཕྱེད་ཀ་ལས་ཀྱང་བརྒལ་བའི་འབྲོག་པ་མང་ཚོགས་འུ་ཐུག་སྟེ་ཁྱིམ་ཚང་གང་པོ་པདྨ་རྫོང་དང་གཅིག་སྒྲིལ་རྫོང་སོགས་སུ་རུ་མི་སྤོར་ཐབས་མེད་བྱུང་།

“ཐེངས་འདིར་ཕྱིར་ཡོང་བ་ནི། ངས་ཁྱོད་ཚོར་ཚོད་ལྟ་ཐེངས་ཤིག་བྱེད་འདོད་པ་ཡིན”ཅི་ཡིན་ཆ་མི་འཚལ་བར་བསྡད་ཡོད་པའི་ཡུལ་མི་རྣམས་ལ་བལྟས་ཏེ་བློ་དགེ་ཡིས་དེ་ལྟར་བཤད།

“ཅི་ཟེར།”

“ཁྱོད་ཚོས་བལྟས་ན་རྩྭ་ཐང་འདི་ལ་སྔོན་ཆད་དང་བསྡུར་ན་མི་འདྲ་ས་ཅི་ཞིག་འདུག”

“རྩྭ་མེད་པ་དེ་རེད།”

“འོ་ལེ། དེའི་རྐྱེན་གྱིས་རྩྭ་འདེབས་དགོས་འདུག”

“རྩྭ་འདེབས་སམ། འདི་ནས་ཟེར་རམ།”

“འོ་ལེ། འདིར་རྩྭ་འདེབས་དགོས་འདུག”

“སྐྱེ་ཐུབ་བམ།”

“ཚོད་ལྟ་མ་བྱས་ན་ཇི་ལྟར་ཤེས། འོན་ཀྱང་ངས་སྔོན་དུ་བཤད་རྒྱུ་ཞིག་ལ། རྩྭ་གསར་པའི་སྟེང་མ་མཐར་ཡང་ལོ་གཅིག་ལ་ཕྱུགས་འཚོ་མི་རུང་། དགུན་ས་དང་དབྱར་ས་དབྱེ་ནས་རྩྭ་ཕྱུགས་དོ་མཉམ་ཡོང་བར་ཁག་ཐེག་བྱེད་དགོས།”

“འོ་ཡ། འོ་ཡ།”

འབྲོག་པ་མང་ཚོགས་ཀྱིས་ཁ་ནས་ཁས་ལེན་ཀྱིན་ཡོད་མོད། སེམས་སུ་གདེང་ཚོད་དེ་འདྲ་མི་འདུག

ཉིན་འགའི་རྗེས་སུ། ས་ནག་ཐང་དུ་གྱུར་ཚད་ཧ་ཅང་ཚབས་ཆེ་བའི་ཚ་རྒན་སྡེ་བའི་ས་སྤྱི་ཆིང་དྲུག་ཅུ་རེ་དྲུག་ཡང་བློ་དགེ་ཡི་ཚོད་ལྟ་བྱེད་སར་གྱུར། ལོ་དེའི་དཔྱིད་དུས་དང་དབྱར་དུས་གཉིས་ལ་རི་ངོས་ཡོངས་སུ་བློ་དགེ་དང་ཁོའི་ལས་གྲོགས་ཚོའི་རྩྭ་འདེབས་པའི་རྣམ་པས་ཁེངས།

འགྱུར་ལྡོག་ནི་རྔུལ་ཆུ་ཡི་བཞུར་རྒྱུན་ཁྲོད་དུ་བྱུང་།

མིག་མདུན་དུ་འབུས་པའི་ལྗང་མྱུག་ལ་བལྟས་ཏེ། ས་ནག་ཐང་དུ་རྩྭ་སྐྱེ་བར་ཡིད་མི་ཆེས་པའི་འབྲོག་པ་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་འབྱུང་མགོ་བརྩམས།

ཚོད་ལྟ་ལེགས་འགྲུབ་བྱུང་བ་དེས་བློ་དགེ་ལ་སྐུལ་མ་ཆེན་པོ་ཐེབས། སྨར་འབྲིང་ཡུལ་ཚོ་གཅིག་པུ་མ་ཡིན་པར་ནུས་ལྡན་གྱི་རྩྭ་འདེབས་ཐབས་གང་མང་ལ་བརྟེན་ནས། བློ་དགེ་དང་ལག་རྩལ་པ་རྣམས་ཀྱིས་རྫོང་གི་མངའ་ཁོངས་སུ་དེ་སྔ་ཕྱུགས་ཟོག་གིས་གོམ་པའང་སྤོས་མ་མྱོང་བའི་རྩྭ་ས་སྤྱི་ཆིང་ཁྲི་ལྔ་ཙམ་གྱི་ས་ནག་ཐང་དེ་ནོར་ལུག་གིས་ཡོངས་སུ་ཁྱབ་པའི་ལྗང་མདོག་གི་རྩྭ་ཐང་དུ་བསྒྱུར་ཅིང་། ཁོའང་ཐག་ཉེ་རིང་ཀུན་ཏུ་སྙན་གྲགས་ཆོད་པའི“ས་ཁྲ་གསོན་པོ”རུ་གྱུར།

“ཡུལ་ཚོ་དགུ་དང་གྲོང་རྡལ་གཅིག་པོ་གང་ཞིག་ལས་ལུང་པ་རེ་རེར་ཅི་ཞིག་ཡོད་ན་ཁོས་བཤད་ཐུབ་ཅིང་། དེ་ནི་གཞུང་ལས་ཁང་དུ་བཙོག་སྟེ་འདང་བརྒྱབ་ནས་བྱུང་བ་མ་ཡིན་པར། དེ་ནི་ལོ་བཅུ་ཕྲག་མང་པོའི་རིང་གཞི་རིམ་དུ་བསྐྱོད་པ་དང་གོམ་པ་གང་རེ་གང་རེ་བྱས་ནས་སྤོས་འོངས་པ་རེད།”

དར་ལག་རྫོང་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་བསོད་ཕུན་གྱིས་བཤད་པ་བདེན་ཏེ། “ས་ཁྲ་གསོན་པོ”ཡི་རྒྱབ་ལོགས་ནི་བློ་དགེ་དང་ཁོའི་ལས་གྲོགས་ཚོས་སྦྲ་གུར་དང་མལ་གོས། རྩམ་པ་ཁུར་ནས་རྩྭ་ཐང་རི་ཐང་དུ་བསྐྱལ་བའི་ཉི་མ་དག་རེད།

རྩྭ་འབྲུ་ལ་ཞིབ་བཤེར་བྱེད་དུས། བློ་དགེ་དང་ཁོའི་ལས་གྲོགས་ཚོར་བྲེལ་བ་ཆེ་བས་སྡོད་ཁོམ་ཙམ་ཡང་མེད་པའི་ཚད་ཡིན་ལ། རྩྭ་འདེབས་མགོ་བརྩམས་རྗེས། ཁོ་ཚོས་ལས་ཀ་ལས་ཡུལ་གྱི་སྦྲ་གུར་ནང་དུ་ཟླ་གཉིས་ཀྱི་རིང་བརྟན་སྲུང་བྱས། དེའི་རྗེས་མུ་མཐུད་དུ་རྩྭ་འབྲུ་སྐྱེ་སྟངས་དང་སང་ལོའི་རྩྭ་འདེབས་ས་གཏན་འཁེལ་བྱེད་པ། རྩྭ་འབྲུ་ཞིབ་བཤེར་བྱེད་པ། འབྲོག་ས་དོ་དམ་དང་ལྟ་སྐྱོང་བྱེད་པ། ལྕགས་རར་ཞིབ་བཤེར་བྱེད་པ་སོགས་བྱ་བ་ཡོད་དོ་ཅོག་ལ་ཁོ་དང་ཁོའི་དཔུང་སྡེ་ཡིས་རེ་རེ་བཞིན་ལྟ་ཞིབ་བྱེད་དགོས།

ལོ་རེ་ནས་ལོ་རེ་བཞིན། བྱ་བའི་དཀའ་ཁག་ལས་གཞན་བར་ཆད་སྣ་ཚོགས་ལ་འཕྲད་པ་ནི་བློ་དགེ་ལ་མཚོན་ནས་བཤད་ན་རྒྱུན་ལྡན་ཞིག་ཏུ་གྱུར།

དེ་ནི2002ལོའི་ཟླ2པའི་ཉིན་མོ་ཞིག་སྟེ། ཨ་བྲའི་གནོད་པར་རྟོག་ཞིབ་བྱེད་པའི་བྱ་བ་མཇུག་བསྒྲིལ་ནས་སྨར་འབྲིང་ཡུལ་ཚོ་ནས་ཕྱིར་རྫོང་ཐོག་ཏུ་ལོག་པའི་ལམ་བར་དུ་རླངས་འཁོར་ལ་ཆག་སྐྱོན་བྱུང་སྟེ། རླངས་འཁོར་གྱི་མདུན་གྱི་ཁ་ལེབ་ཆག་པ་དང་ཉེན་འགོག་ལྕགས་ཀྱང་ལྷུང་།

གནས་ཚུལ་དེ་ལྟ་བུ་ནི་ཐེངས་གཅིག་གཉིས་ཙམ་གྱིས་ག་ལ་ཚད། སྐབས་དེའི་གནས་ཚུལ་བརྗོད་ཡོང་དུས། བློ་དགེ་རྒྱུན་གོམས་སུ་སོང་ཡོད་པ་ནང་བཞིན་དགོད་ཞོར་དུ“མི་མེད་སོང་ན་ཡང་སྐྱོན་མི་འདུག་ཏེ། རྩྭ་ཡོད་པས་ཆོག”ཅེས་བཤད།

2016ལོའི་ཟླ10པར། ཡུལ་ཚོ་ནང་དུ་སོང་ནས་ཕྱིར་ལོག་རྗེས་གློ་བུར་དུ་བློ་དགེ་ཡི་སྙིང་རླུང་སྟོད་ལ་འཚང་ནས་དབུགས་ལེན་དཀའ་བར་གྱུར་ཏེ་རྫོང་སྨན་ཁང་དུ་ཁྲིད་པ་དང་། སྨན་པས་མྱུར་དུ་ཁུལ་སྨན་ཁང་དུ་སྨན་བཅོས་བྱེད་དུ་འགྲོ་དགོས་པའི་བསམ་འཆར་བཏོན། སྙིང་རྩ་འགག་པའི་ནད་ཡིན་པར་ངོས་བཟུང་རྗེས། ཉིན་གཉིས་པར་ཁོ་མྱུར་དུ་ཟི་ལིང་དུ་བསྐྱལ་ནས་ཉིན་བདུན་རིང་ཞག་སྡོད་བྱས་རྗེས་སྙིང་ལ་གཤག་བཅོས་བྱས།

སྨན་ཁང་བརྗེ་བའི་ལམ་དུ། རླངས་འཁོར་རྡོ་ཟགས་སྟེང་བརྒལ་ཏེ་འདམ་བག་ཁྲོད་ཟུག་པ་དང་། བརྡབ་གསིག་ཁྲོད་དུ་དྲན་ཤེས་ཀྱང་དེ་འདྲ་གསལ་རྒྱུ་མེད་པའི་བློ་དགེ་ཡིས་ཁ་ནས་ད་དུང་“ཟླ10པར་རྩྭ་སར་ཞིབ་བཤེར་བྱེད་རྒྱུ་ཡོད། ཟླ11པར་ས་ནག་ཐང་ལ་ཚད་འཇལ་བྱེད་དགོས”ཞེས་ངག་ནས་བཟླས།

གལ་ཏེ་ལོ་ངོ་བཞི་བཅུའི་རིང་གི་རྩྭ་བཏབ་པའི་ལམ་བུ་ནི་བློ་དགེ་གཅིག་པུའི་རྒྱང་སྐྱོད་ཀྱི་ལམ་བུ་རེད་ཟེར་ན། རྒྱང་སྐྱོད་ལམ་བུ་དེའི་སྟེང་དུ་ཁོ་ཚང་གི་ཁྱིམ་མི་ཡོངས་ཀྱིས་ཀྱང་ཡོད་ཚད་ཕུལ་ཡོད།

གཉེན་བསྒྲིགས་མ་ཐག་པའི་འབྲུག་མཚོ་ནི་བློ་དགེ་ཡི་བུ་མོ་ཆེ་བ་རེད། རྫོང་གཅིག་ཏུ་ལས་ཀ་ལས་བཞིན་ཡོད་ནའང་། ཕ་རྒན་ལ་ངོ་ཞིག་ཐུག་དགོས་ན་དེ་ནི་ཡོད་ཚད“ལས་དབང”ལ་ཐུག་ཡོད།

“ཆུང་དུས་ནས་བཟུང་། ཁོ་མོའི་སྣང་ངོར་ཁྱིམ་དུ་ཡོད་པ་ནི་ནམ་ཡང་ཨ་མ་ཡིན་ལ། ཨ་ཕ་ངེད་སྤུན་བཞི་བོའི་ཁྱིམ་བདག་ཚོགས་འདུར་ཐེངས་གཅིག་ལའང་སོང་མ་མྱོང་།”ཨ་ཕའི་ལས་ཀར་ཆ་རྒྱུས་ཆེར་མེད་ཀྱང་། ཁྱིམ་ལ་ལོག་ཐེངས་རེར་བློ་དགེ་ཡིས་རྒྱུན་པར་བུ་མོ་ཚོར་ལམ་བར་གྱི་མཐོང་ཐོས་བཤད་སྲིད་ལ། རི་ཐང་དུ་ལུས་པ་ཡིན་ནའང་འདྲ། ལེགས་འགྲུབ་བྱུང་བའི་དགའ་སྤྲོ་ཡིན་ནའང་འདྲ། བློ་དགེ་ཡི་སྤྲོ་སྣང་དང་བློ་སྤོབས་ཀྱིས་འབྲུག་མཚོ་ལྕམ་སྲིང་བཞི་ལ་རང་བཞིན་གྱིས་ཤུགས་རྐྱེན་ཐེབས།

འབྲུག་མཚོས་བཤད་རྒྱུར། 2011ལོའི་དགུན་ཁའི་བརྟག་ཞིབ་དེ་ནི་ང་རང་ཨ་ཕ་དང་ཁ་ཐག་ཆེས་ཉེ་བར་བསྒྲུབ་པའི་ལས་ཀ་ཐེངས་ཤིག་ཡིན། བྱ་བའི་ཚན་ཆུང་གི་ཁོངས་མི་ཞིག་ཡིན་པའི་ཆ་ནས། ངས་དངོས་སུ་ཨ་ཕས་ཁོའི་ལས་ཀར་བཅངས་པའི་དགའ་ཞེན་དེ་མཐོང་། གྲང་ངར་ཆེ་བའི་དགུན་དུས་སུ། ཆ་རྐྱེན་དངོས་གནས་ཤིན་ཏུ་ཞན་ནའང་། ངས་ཁོས་འཁང་ར་བྱེད་ཀྱིན་པའི་ཚིག་གཅིག་ཀྱང་གོ་མ་མྱོང་ཟེར།

བློ་དགེ་ཡི་བཟའ་ཟླ་བཟང་མོ་ཡང་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་རེད། ཁོ་གཉིས་གཉེན་སྒྲིག་བྱས་ནས་ལོ་ངོ་བཞི་བཅུ་འགོར་ཡོད་ཅིང་། བློ་དགེ་ཡིས་རྩྭ་བཏབ་ནས་ལོ་ངོ་བཞི་བཅུ་འགོར། ལོ་ངོ་བཞི་བཅུའི་རིང་ལ། ཁྱིམ་ཚང་འདིའི་ཡོད་ཚད་ནི་ཆུང་མ་གཅིག་པུས་སྡུག་རུས་ཀྱིས་བསྐྱངས་ནས་ཡོང་བ་རེད།

“བྱིས་པ་ཆུང་དུས་སུ་དངོས་གནས་བྲེལ་བ་ཧ་ཅང་ཆེ། ལན་རེར་ལས་ཚོགས་གྲོལ་བ་འཕྱི་བས་ཁོ་ཚོ་སྔོན་ལ་ཁྱིམ་མཚེས་ཚང་ནས་སྡོད་དུ་བཅུག་པ་ཡིན།” ལོ་དེ་དག་གི་རིང་ལ། བཟང་མོས“རང་ཉིད་ལ་སྒོའི་ནང་དུ་འཛུལ་ན་ནང་དུ་མི་མེད་པ་དང་། སྒོའི་ཕྱི་རུ་སོང་ན་ཕྱི་ནའང་མི་མེད་པའི་སྣང་བ་སྟེར”ཞེས་བརྗོད་པ་དང་། ཁྱོ་གའི་ལས་ཀར་རྒྱབ་སྐྱོར་བྱེད་པ་དང་སྔར་ལས་ལེགས་པའི་སྒོ་ནས་བྱིས་པ་གཉོར་སྐྱོང་བྱེད་ཆེད། བྱ་བ་གང་ཞིག་སྒྲུབ་འདོད་ཀྱི་འདུན་པ་ཡོད་པའི་མོས་སྔོན་ལ་ལས་འཁྱུར་ངལ་གསོ་མི་བྱེད་ཐབས་མེད་བྱུང་།

མི་ལ་ལས་བཟང་མོ་ལ། ལོ་འདི་འདྲ་མང་པོ་ཞིག་གི་རིང་ལ་འཁང་ར་བྱས་མྱོང་ངམ་ཞེས་དྲིས་པ་ན། མོའི་མིག་མཐར་དེ་མ་ཐག་མཆི་མ་འཁོར་ནས། ཁོ་ཉིན་རྒྱུན་ཁྱིམ་ན་ཡོད་རྒྱུ་ན། ང་ལོས་དགའ། འོན་ཀྱང་ཁོས་བླངས་པའི་གྲུབ་འབྲས་དེ་དག་མཐོང་ན། ང་རང་ལྷག་པར་ཁོའི་ཚབ་དུ་དགའ་བཞིན་ཡོད། ཁོར་བྲེལ་བ་ཆེ་ནའང་ཁོའི་སེམས་སུ་ཁྱིམ་ཚང་ཡོད་པ་ངས་ཤེས་ཡོད་ཅེས་བཤད།

བཟང་མོ་ནི་དངོས་གནས་བློ་དགེ་ཡི་སེམས་རྟོགས་མཁན་གྱི་བུད་མེད་ཅིག་ཡིན་ཏེ། ཁྱིམ་ཚང་འདི་ནི་དངོས་གནས་ཁོས་བསྐྱུར་མི་ཐུབ་པ་དེ་ཡིན། འབྲུག་མཚོ་ཡི་སྣང་ངོར། གཞི་རིམ་དུ་སོང་ནས་ཕྱིར་ཡོང་ཐེངས་རེར། ཨ་ཕས་རྒྱུན་པར་ཁྱིམ་ལས་ལས་རྒྱུར་རྩོད་པ་རྒྱག་ཅིང་། སྲང་ལ་ཉུལ་ནས་ཉོས་ཡོང་བའི་དངོས་པོ་མཐའ་དག་ཨ་མ་དགའ་བའི་དངོས་པོ་དེ་དག་ཡིན་ཡིན་པ་རེད།

ཕྱོགས་གཅིག་ལ་འཇུས་ན་ཕྱོགས་གཅིག་ཤོར་འགྲོ་བ་ནི་དཔེ་ཡིན་པས། བློ་དགེ་ཡིས་ཁྱིམ་མི་དག་ལ་ཆད་པ་དེ་ནི་ཁོའི་ཚེ་གང་བོར་ཡིད་ནས་ཡལ་བ་མེད་པའི་འགྱོད་གདུང་དེ་ཡིན་སྲིད། ཁོའི་སེམས་སུ། ཆུང་མ་བཟང་མོ་ནི་འགྲན་ཟླ་བྲལ་བའི་བུད་མེད་ཅིག་ཡིན།

ཉེ་བའི་ལོ་འགའི་རིང་། དར་ལག་རྫོང་གིས་རིམ་བསགས་ཀྱིས་སྒོར་མོ་དུང་ཕྱུར་བདུན་ཙམ་བཏང་སྟེ། ས་ནག་ཐང་སྤྱི་ཆིང་ཁྲི་བརྒྱད་དང་སྟོང་དྲུག་ལྷག་བཅོས་སྐྱོང་བྱས། གྲུབ་འབྲས་དེ་ནི་བློ་དགེ་དང་ཁོའི་ལས་གྲོགས་ཚོས་ས་མུའུ་གཅིག་རེ་གཅིག་རེ་བྱས་ཏེ་བཏབ་པ་དང་། གོམ་པ་གང་རེ་གང་རེ་བྱས་ཏེ་སྤོས་ནས་འོངས་པ་རེད།

ད་ལྟ། སྔར་ནས་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་བློ་དགེ་སྔར་བཞིན་ཁོ་རང་དགའ་ཞེན་ཆེ་བའི་རྩྭ་ཐང་འདི་རུ་རྐང་ཚུགས་ཤིང་། ལོ་ངོ་མང་པོའི་རིང་ལ་རི་ཐང་དུ་བསྡད་པས། ཁོའི་པུས་མོ་གཉིས་ཀྱི་རུས་ཚིགས་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་པ་དང་། རྐང་ཐང་དུ་འགྲོ་དུས་གྱོལ་ནས་འགྲོ་བཞིན་འདུག

ཡུལ་མི་རྣམས་ཀྱིས་ནམ་རྒྱུན་ཁྱར་ཁྱོར་དུ་འགྲོ་བཞིན་པའི་ཁོའི་རྒྱབ་གཟུགས་མཐོང་ཐུབ་པ་དང་། མཚམས་ལན་རེར་ཚང་མས་ཁོའི་ལག་པ་ནས་བཟུང་སྟེ་ངལ་ཞིག་གསོས་དང་ཞེས་ཁ་ཏ་ཡང་བྱེད་ཀྱིན་འདུག

བློ་དགེ་དགོད་ཙམ་བྱེད་པ་ལས་ཅི་ཡང་མི་བཤད། ཁོའི་རྒྱབ་ཀྱི་རྩྭ་ཐང་སྟེང་དུ། པུས་མོའི་མཐོ་དམའ་ཙམ་ཡོད་པའི་རྩྭ་འབྲུ་ནི་བསིལ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་གཡོ་བཞིན་འདུག

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།