འབྲོག་པའི་སེམས་ཁོངས་ཀྱི་སྨན་པ་བཟང་པོ།
2021.09.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཚུལ་ཁྲིམས་དར་རྒྱས་ཀྱི་གནས་ཚུལ་བཀོད་པ།

ཚུལ་ཁྲིམས་དར་རྒྱས་ལ་འབྲོག་པ་མང་ཚོགས་ཀྱིས་མི་དམངས་ཀྱི་སྨན་པ་བཟང་པོ་ཞེས་འབོད་ཀྱིན་ཡོད།

ཟླ་བརྒྱད་པའི་མགོ་ལོག་རྩྭ་ཐང་དུ། དྲོད་འཇམ་གྱི་ཉི་འོད་གང་སར་འཕྲོས་ཡོད་མོད་བསིལ་རླུང་ལྡང་ན་ཅུང་གྲང་བའི་ཚོར་བ་སྟེར། གོས་ལྟར་འཇམ་པའི་སྔོ་ལྗང་རྩྭ་ཐང་དུ་ནོར་ལུག་མང་པོ་ཁྱུ་དང་ཁྱུ་བྱས་ནས་ཡོད་ལ། རས་གུར་གྱི་ཕྱི་རོལ་དུ་དུ་བ་ལང་ལོང་དུ་འཁྲིགས་པ་དང་། རྫི་གླུ་སྙན་མོ་རྩྭ་ཐང་གི་གང་སར་ཁྱབ་ཡོད།

འོན་ཀྱང་། དེ་གར་འབྲོག་པའི་ལམ་བུ་སྟབས་བདེ་ཞིག་མ་གཏོགས་མེད་པས་ཕར་འགྲོ་ཚུར་འོང་བྱེད་དཀའ་ལ། དྲ་རྒྱ་ཡང་མེད་པས་གངས་རི་ཡིས་མཛེས་སྡུག་ལྡན་པའི་མཐོ་སྒང་གི་གྲོང་རྡལ་དང་ཕྱི་རོལ་དབར་གྱི་བར་ཐག་བཅད་ཡོད་ལ། སྨན་བཅོས་བྱེད་རྒྱུ་དེ་འབྲོག་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཏུ་གྱུར་ཡོད། གནས་དེ་རུ་ཆ་སྙོམས་མཚོ་འཕང་སྨི་བཞི་སྟོང་ཡས་མས་ཡོད་པ་དང་འབྲོག་པའི་སྡོད་གནས་ཁ་ཐོར་ཡིན་པས། འབྲོག་པའི་སྡོད་གནས་ལ་ཐེངས་གཅིག་བསྐྱོད་དགོས་ཚེ་དུས་ཡུན་རིང་པོ་འགོར་གྱིན་ཡོད།

ད་ལོ་ལོ་ང་དགུ་ལ་སླེབས་པའི་ཚུལ་ཁྲིམས་དར་རྒྱས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་གཙོ་རེད། སྨན་བཅོས་ཀྱི་བྱ་བ་གཉེར་ནས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ། ཁོ་རང་ཕ་ཡུལ་གྱི་ཕྱོགས་གང་སར་བསྐྱོད་དེ་ཁྱིམ་ཚང་རེ་རེར་བདེ་ཐང་བསྐྱལ།

ལོ་ངོ་བཞི་བཅུའི་རིང་ལ། ཚུལ་ཁྲིམས་དར་རྒྱས་ཀྱིས་མི་ཧྲེང་རྒན་རྒོན་བཅུ་ལྷག་གཉོར་སྐྱོང་བྱས་པ་དང་ནད་པ་འབུམ་ལྔ་ལྷག་ལ་སྨན་བཅོས་བྱས། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ནད་པར་སྨན་རིན་སྒོར་འབུམ་གཉིས་ལྷག་ཙམ་མེད་པར་བཟོས་པ་དང་། རང་སྒེར་གྱིས་ནད་པར་སྨན་རིན་སྒོར་འབུམ་གཉིས་ལྷག་ཙམ་བྱིན། ཁོས་ཐེངས་བརྒྱ་ལྷག་ལ་སྨན་རྫས་དང་དངོས་རྫས་འཁྱེར་ཏེ་རོང་འབྲོག་ཁུལ་དུ་འོས་འགན་སྐོར་སྐྱོད་སྨན་བཅོས་བྱས་པ་ལ། ལམ་ཐག་སྤྱི་ལེ་འབུམ་གསུམ་ཙམ་ཟིན་པ་དང་། འབྲོག་ཁུལ་མང་ཚོགས་ལ་སྨན་རྫས་ཀྱི་རིན་ཐང་སྒོར་འབུམ་གཉིས་ལས་བརྒལ་བ་ཞལ་འདེབས་བརྒྱབ་པས། ས་གནས་དེ་གའི་མང་ཚོགས་ཀྱིས“མི་དམངས་ཀྱི་སྨན་པ་བཟང་པོ”ཞེས་འབོད་ཀྱིན་ཡོད།

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་གི་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་གཟེངས་བསྟོད་ཚོགས་ཆེན་སྟེང་ཚུལ་ཁྲིམས་དར་རྒྱས་ལ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་ཐོབ་པ་རེད།

མཚན་སྙན་དེ་ཡོད་པས་ཚུལ་ཁྲིམས་དར་རྒྱས་ཀྱིས་འབྲོག་ཁུལ་དུ་བསྡད་དེ་མང་ཚོགས་ལ་སྨན་བཅོས་བྱེད་པའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་།

1962ལོའི་ཟླ་དགུ་པར། ཚུལ་ཁྲིམས་དར་རྒྱས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆེན་ཡུལ་ཚོའི་འབྲོག་ཁྱིམ་ཅིག་ཏུ་སྐྱེས། ཕ་ཡུལ་དུ་སྨན་པ་དང་སྨན་དཀོན་པས་ཁོས་ཆུང་དུས་ནས་སྲོག་སྐྱོབ་སྨན་བཅོས་བྱས་ཏེ་ཕ་ཡུལ་ལ་བདེ་སྐྱིད་སྐྲུན་པའི་སྨན་པ་ཞིག་བྱ་རྒྱུའི་སེམས་ཐག་བཅད་པ་རེད། ལོ་དགུ་ནས་བཟུང་ཁོས་ས་གནས་དེ་གའི་བོད་ལུགས་གསོ་རིག་པ་རྒན་གྲས་དགེ་རྒན་དུ་བསྟེན་ནས་བོད་ཀྱི་སྐད་ཡིག་དང་བོད་ལུགས་གསོ་རིག་སློབ་སྦྱོང་བྱས་པ་དང་། དུས་ཡུན་རིང་པོའི་སྨན་བཅོས་ཀྱི་བགྲོད་ལམ་ཞིག་བཏོད་པ་རེད།

ལོ་བཅུ་དགུའི་སྐབས་སུ་དམག་མིར་ཞུགས་ནས་དམག་གི་སྨན་པ་བྱས། ལས་གནས་སྤོས་རྗེས་ཚུལ་ཁྲིམས་དར་རྒྱས་ཀྱིས་མགོ་ལོག་ཁུལ་འཕྲོད་བསྟེན་རིམས་འགོག་ས་ཚིགས་སུ་བྱ་བ་སྒྲུབ་པ་དང་། སྐབས་དེ་དུས་འགོས་ནད་ཆེད་ལས་ཚན་ཁག་གི་སྒོ་བསྟེན་སྨན་བཅོས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས། སྨན་བཅོས་ཀྱི་བྱ་བ་སྒྲུབ་སྐབས་ནད་པར་ནད་ལ་བལྟ་དགོས་ཚེ། ཉིན་མཚན་གང་ཡིན་ཡང་ཆར་རླུང་འཚུབ་ཀྱང་བར་ཐག་ལེ་དབར་བཅུ་ལྷག་ཡོད་པའི་འབྲོག་ཁུལ་དུ་ནད་ལ་ལྟ་བར་སྐྱོད་པ་དེ་ཁོ་ལ་མཚོན་ནས་བཤད་ན་རྒྱུན་ལྡན་གྱི་བྱ་བ་ཞིག་རེད།

ལག་འཁྱེར་ཁ་པར་ཁྱབ་གདལ་དུ་སོང་བ་དང་ཆབས་ཅིག འབྲོག་ཁུལ་དང་ཕྱི་རོལ་དབར་གྱི་འབྲེལ་བ་སྔར་ལས་སྟབས་བདེ་རུ་གྱུར་བ་དང་། ཚུལ་ཁྲིམས་དར་རྒྱས་ཀྱི་སྨན་བཅོས་བྱེད་ཐེངས་ཡང་ཇེ་མང་དུ་སོང་། “ངས་ལག་འཁྱེར་ཁ་པར་གྱི་ཁ་རྒྱབ་མ་མྱོང་ལ། གལ་སྲིད་མི་ཞིག་གིས་ཁ་པར་བརྒྱབ་ཚེ་འཕྲུལ་རྟར་ཞོན་ནས་འགྲོ་བཞིན་ཡོད། ཆར་བ་འབབ་པ་དང་ཁངས་འབབ་སྐབས་གང་ཡིན་རུང་དུས་ཚོད་དམ་འཛིན་བྱས་ཏེ་ནད་པར་བལྟ་རུ་འགྲོ་བཞིན་ཡོད”ཟེར།

དུས་ཡུན་རིང་པོ་ཞིག་འགོར་རྗེས། ཚུལ་ཁྲིམས་དར་རྒྱས་ཀྱིས་སྨན་བཅོས་ཤེས་ལྡན་མི་སྣ་སྔར་ལས་མང་བ་ཞིག་གིས་འབྲོག་ཁུལ་དུ་སྨན་པ་དང་སྨན་དཀོན་པའི་ད་ཡོད་གནས་ཚུལ་ཐག་གཅོད་ཐུབ་པ་ཤེས་ནས། 2002ལོའི་ཟླ་བརྒྱད་པར། ཚུལ་ཁྲིམས་དར་རྒྱས་ཀྱིས་ཁྱིམ་དུ་ བསགས་པའི་སྒོར་འབུམ་གཅིག་དང་ཁྲི་གཉིས་བཀོལ་ནས་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་བཙུགས་པ་རེད།

ཚུལ་ཁྲིམས་དར་རྒྱས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། སློབ་གྲྭས་རོང་འབྲོག་ཁུལ་གྱི་དབུལ་ཕོངས་དང་དྭ་ཕྲུག དབང་བོ་སྐྱོན་ཅན་ཁྱིམ་ཚང་གི་བྱིས་པ་བསྡུ་བཞིན་ཡོད། བོད་ལུགས་གསོ་རིག་རྒྱུན་འཛིན་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས། “སྲོལ་རྒྱུན་གྱི་ལག་རྩལ་དང་རོགས་སྐྱོར་དབུལ་ཐར། རང་ཚུགས་ཐུབ་པ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ”བཅས་དམིགས་ཡུལ་དུ་བྱས་ཏེ། ཆེད་ལས་ཀྱི་སྨན་བཅོས་ཤེས་ལྡན་པ་སྐོར་ཞིག་གསོ་སྐྱོང་བྱས་ནས། རོང་འབྲོག་ཁུལ་གྱི་སྨན་པ་དང་སྨན་དཀོན་པའི་གནས་ཚུལ་ཐག་གཅོད་བྱས་ཏེ། ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་དང་མི་རིགས་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།

སློབ་གྲྭ་སྒྲུབ་པ་ནས་ད་ལྟའི་བར། ཞིང་ཆེན་ཡོངས་དང་བོད་ལྗོངས། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ས་ཁུལ་ནས་ཡོང་བའི་རྒྱ་རིགས་དང་བོད་རིགས། ཧོར་རིགས། སོག་རིགས་བཅས་དབུལ་ཕོངས་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་གཞོན་ནུ་ལོ་ཆུང་སྟོང་གཅིག་དྲུག་བརྒྱ་ལྷག་ཙམ་ལ་སློབ་ཡོན་མི་དགོས་པར་སློབ་ཞུགས་བྱེད་པའི་གོ་སྐབས་སྤྲད་པ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི་བོད་ལུགས་གསོ་རིག་དང་བོད་སྨན་ཆེད་ལས་ལག་རྩལ་མི་སྣ་དགུ་བརྒྱ་ལྔ་བཅུ་ལྷག་ཙམ་གསོ་སྐྱོང་བྱས། སློབ་གྲྭས་དུས་ཐུང་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཐེངས་དགུ་ལ་སྤེལ་བ་དང་། རིན་མེད་ངང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣ་མི་བཞི་སྟོང་ལྷག་ཙམ་ལ་གསོ་སྦྱོང་བྱས་པ་མ་ཟད། སློབ་མ་ཚོས་ཀྱང་རྣམ་པ་སྣ་ཚོགས་བརྒྱུད་ནས་ལས་ཞུགས་ལས་གནས་ཐོག་བསྐྱོད་ཡོད།

“ད་ལྟ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མས་ལས་ཞུགས་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད།” དེ་དག་གི་སྐོར་གླེང་སྐབས་ཚུལ་ཁྲིམས་དར་རྒྱས་སྤོབས་པས་ཁེངས་ཡོད། “སློབ་མ་འགའ་ཞིག་གིས་གཞུང་ཞབས་པར་རྒྱུགས་འཕྲོད་ཡོད་པ་དང་། སློབ་མ་འགའ་ཞིག་ཅང་སུའུ་དང་ཧྲང་ཧའེ། པེ་ཅིང་སོགས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཀུང་སི་རུ་ལས་གཉེར་བྱེད་ཀྱིན་ཡོད”ཅེས་བཤད།

སློབ་གྲྭའི་གཞི་ཁྱོན་ཉིན་རེ་བཞིན་ཆེ་རུ་སོང་བ་དང་ཆབས་ཅིག ད་ལྟ་སློབ་གྲྭ་ནི་དམངས་གཉེར་ཕན་བདེའི་ལམ་ལུགས་ཀྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭར་གྱུར་ཡོད་པ་དང་། མགོ་ལོག་ཁུལ་གྱི་དམངས་གཉེར་ལས་རིགས་ལག་རྩལ་སློབ་གྲྭ་ཐོག་མ་ཡིན་ལ། རྒྱལ་ཡོངས་དམངས་གཉེར་བོད་ལུགས་གསོ་རིག་དང་བོད་སྨན་ཆེད་ལས་སློབ་གྲྭ་ཐོག་མ་ཡང་རེད།

ཚུལ་ཁྲིམས་དར་རྒྱས་བོད་ལུགས་གསོ་རིག་ལ་མཁས་ཤིང་། ཁོང་ནད་ཀྱི་རིགས་དང་བྱིས་པའི་ནད་བརྟག་སྨན་བཅོས་དང་ལུས་ཁམས་བདེ་སྲུང་ཐད་དམིགས་བསལ་གྱི་ཁྱད་ཆོས་ཡོད། ཁོས་སྔ་རྗེས་སུ་ཞིང་ཆེན་རིམ་པ་ཡན་གྱི་དུས་དེབ་དང་རིག་གཞུང་བགྲོ་གླེང་སྣ་ཚོགས་ཐོག་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ་བ་མ་ཟད་བྱ་དགའ་ཡང་ཐེངས་མང་ཐོབ།

དེ་དང་ཆབས་ཅིག ཚུལ་ཁྲིམས་དར་རྒྱས་ཀྱིས་ཏང་གི་རྩ་འཛུགས་ཀྱི་འཚོ་བའི་ནང་ཞུགས་རྒྱུ་དེ་ཧ་ཅང་གཟབ་ནན་གྱི་བྱ་བ་ཞིག་ཏུ་བརྩིས་ནས། ཁོས་སྣེ་ཁྲིད་དེ་ཏང་གི་སློབ་ཚན་འཁྲིད་པ་དང་། དཔེ་ཀློག་ཟིན་བྲིས་འབྲི་བ། རྒྱུན་དུ་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་ཆེད་མཁས་པ་འཆད་ཁྲིད་བྱེད་པར་གདན་ཞུ་བྱེད་པ་དང་། བརྗོད་དོན་གཙོ་བོའི་ཏང་གི་སློབ་ཁྲིད། སློབ་ཚན་ཆེན་མོ་སོགས་ཀྱི་རྣམ་པ་སྣ་ཚོགས་སྤྱད་ནས་རྒྱལ་ཁབ་དང་ཏང་གི་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཀྱང་བྱེད་ཀྱིན་ཡོད། ཁོའི་སྣེ་ཁྲིད་འོག 2016ལོ་དང2017ལོ། 2018ལོ་བཅས་བསྟུད་མར་ལོ་གསུམ་གྱི་རིང་སློབ་གྲྭའི་ཏང་ཀྲི་པུའུ་མགོ་ལོག་ཁུལ་གྱི“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ལ་བདམས་པ་རེད།

2019ལོའི་ཟླ་བཅུ་གཉིས་པར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུ། “གསར་པ་གཉིས”ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས“མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་ལས་དོན་གྱི་དཔེ་སྟོན་ས་ཚིགས”ལ་གཏན་འཁེལ་བྱས་པ་རེད།

བབ་ཆགས་པའི“རྩྭ་ཐང་གི་སྨན་པ”ཞིག་དང་། གུང་ཁྲན་ཏང་ཡོན་དཀྱུས་མ་ཞིག སློབ་གྲྭ་དཀྱུས་མའི་སློབ་གཙོ་ཞིག་བཅས་ཡིན་པའི་ཚུལ་ཁྲིམས་དར་རྒྱས་ཀྱིས་གཅེས་སེམས་བཅངས་ནས་རྩྭ་ཐང་དུ་བསྐྱོད་དེ་རང་ཉིད་ཀྱི་ཚེ་གང་གི་སེམས་ནུས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སློབ་གསོའི་བྱ་གཞག་ལ་ཕུལ་ནས་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཆེད་འབད་བརྩོན་ཧུར་ཐག་བྱས་ཡོད། ཁོས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མེས་རྒྱལ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྒྱུན་འཛིན་བྱ་གཞག་ལ་ཞབས་འདེགས་ཞུ་བཞིན་ཡོད། ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས“མཐོ་སྒང་དུ་གཞི་ཚུགས་པ་དང་། སེམས་ནུས་ཡོད་རྒུ་འདོན་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ”བཅས་ཀྱི་བླ་ན་མེད་པའི་གཤིས་རྒྱུད་ལ་འགྲེལ་བཤད་བྱས་པ་རེད།

“འབྲོག་པ་མང་ཚོགས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་ནས་ང་ནི་སྨན་པ་ཡག་པོ་ཞིག་རེད་ཅེས་བསྔགས་བརྗོད་བྱེད་སྐབས། ངས་རང་ཉིད་ཕྱོགས་ཞེན་མེད་པའི་སྨན་པ་ཞིག་བྱེད་རྒྱུ་ནི་ངས་ནམ་ཡང་རེ་སྙེག་བྱེད་པའི་དམིགས་འབེན་ཡིན་པ་དྲན་སྐུལ་བྱེད་ཀྱི་ཡོད”ཅེས་ཚུལ་ཁྲིམས་དར་རྒྱས་ཀྱིས་དེ་ལྟར་བཤད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།