བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི“འབྲོག་པ་ཧྲུའུ་ཅི། ”
2021.09.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

—རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅི་ཉི་མ་ཚེ་རིང་གི་གནས་ཚུལ།

ཉི་མ་ཚེ་རིང་གིས་མང་ཚོགས་དང་མཉམ་དུ་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དེ་མཚོ་བོད་མཐོ་སྒང་གི་ཤར་ཕྱོགས་སུ་གནས་ཡོད་པ་དང་།  ཡུས་ཧྲུའུ་ཡི“ཤར་སྒོ་ཆེན་མོ”ཞེས་འབོད་ཀྱིན་ཡོད།  ཆ་སྙོམས་མཚོ་འཕང་སྨི་བཞི་སྟོང་ལྔ་བརྒྱ་ཟིན་ཡོད་ལ།  དེ་སྔ་ས་ཁོངས་དང་ལོ་རྒྱུས་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ནས་རང་བྱུང་གནོད་འཚེ་ཐེངས་མང་བྱུང་བ་དང་།  སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆུ་ཚད་དམའ་བ།  དབུལ་པོའི་ཚད་གཞི་མཐོ་བ་བཅས་ནི་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དབུལ་ཕོངས་རྫོང་ཞིག་རེད།

2014ལོའི་ལོ་མཇུག་ཏུ།  ཉི་མ་ཚེ་རིང་གིས་ཁྲི་འདུ་རྫོང་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་བ་དང་།  ཆུང་དུས་ནས་སྐྱེ་རྒུ་གྲོང་རྡལ་ཞིང་ལས་ས་ཁུལ་དུ་ནར་སོན་པའི་ཉི་མ་ཚེ་རིང་གིས “ཁྲི་འདུ་རྫོང་དུ་བྱ་བ་སྒྲུབ་མ་མྱོང་ལ་ཕྱུགས་ལས་ཀྱི་རྫོང་ཆེན་པོ་ཞིག་ཡིན་པས།  རྫོང་ཡོངས་ཀྱི་བྱ་བར་སྐུལ་འདེད་ཇི་ལྟར་གཏོང་དགོས་པར” དཀའ་ངལ་ཡོད་པར་གྱུར།

ཁྲི་འདུ་རྫོང་གི་བྱ་བ་སྒྲུབ་པར་དཀའ་ཁག་ཧ་ཅང་ཆེ་བ་ཤེས་རུང་།  འོན་ཀྱང་ཉི་མ་ཚེ་རིང་ལ་ས་ཆ་དེར་འགྱུར་ལྡོག་གཏོང་བའི་ཡིད་ཆེས་ཡོད།  “ས་ཆ་དེར་ཉིན་རེ་བཞིན་འགྱུར་ལྡོག་བཏང་ནས་རྩ་བ་བསྒྱུར་མི་ཐུབ་རུང་།  མ་མཐར་ཡང་འགྱུར་ལྡོག་འབྱུང་དུ་འཇུག་དགོས། ” “དེ་སྔོན་མཐོ་སྒང་གི་སྐྱེ་ཁམས་ཉམས་ཞན་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི་ཕྱུགས་ལས་ཡིན་པར་འདོད་མོད།  འོན་ཀྱང་ཕྱུགས་ལས་ནི་མཐོ་སྒང་གི་སྐྱེ་ཁམས་སླར་གསོ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་ཤེས་རྟོགས་བྱུང་། ”

ཉི་མ་ཚེ་རིང་ནི་ཞིང་ལས་ས་ཁུལ་ནས་ཡོང་བ་དང་།  ཕྱུགས་ལས་དང་རུ་བ་སྤོར་བའི་འབྲོག་པའི་རིག་གནས་ལ་རྒྱུས་མངའ་མང་པོ་མེད་མོད།  འོན་ཀྱང་ཁོས་ཕྱུགས་ལས་རྫོང་དེ་ལྟ་བུ་ལ་མཚོན་ནས་བཤད་ན་ཕྱུགས་ལས་ནི་འབྲོག་པའི་གཞི་རྩའི་ཐོན་ལས་དང་ཐོན་ལས་གཙོ་བོ་ཡིན་པ་གསལ་བོར་ཤེས་ཡོད།

ཁྲི་འདུ་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་པ་དང་།  སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་ཁྲོད་ཉི་མ་ཚེ་རིང་དཀའ་གནད་ཀྱི་གནས་སུ་ལྷུང་ཡོད།

ཉི་མ་ཚེ་རིང་གིས་བཤད་རྒྱུར།  “ང་རང་ཆེད་མཁས་པ་མང་པོར་འཕྲད་མྱོང་།  མི་མང་པོ་ཞིག་ལ་ཁྱོན་ཡོངས་ནས་ལྟ་ཚུལ་ཞིག་ཡོད་པ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཉམས་ཞན་དུ་སོང་བའི་རྒྱུ་རྐྱེན་ནི་ཕྱུགས་ཟོག་ཚད་བརྒལ་ཏེ་འཚོས་པ་ལས་བྱུང་བ་ཞིག་རེད”ཟེར།

ཉི་མ་ཚེ་རིང་ཁྲི་འདུ་རྫོང་དུ་སླེབས་མ་ཐག རྩྭ་སའི་སྟེང་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བའི་བྱ་བ་སྤེལ་ནས་ལོ་མང་པོ་འགོར་ཡོད་པ་དང་།  ཕྱུགས་ལས་སྡེ་བར་སྐྱོད་སྐབས་ནོར་ལུག་མཐོང་དཀའ་བ་ཞིག་རེད།  ཁོས་ཀྱང་སྔོན་ཆད་ཕྱུགས་བསྐྱུར་རྩྭ་གསོ་བྱས་ན་རྩྭ་ཐང་ཞན་འགྱུར་གྱི་ཚད་ཇེ་དམའ་རུ་གཏོང་ཐུབ་པར་འདོད།

ཐེངས་ཤིག་གཞི་རིམ་དུ་བརྟག་ཞིབ་བྱེད་པར་བསྐྱོད་རྗེས་ཉི་མ་ཚེ་རིང་གི་ཤེས་རྟོགས་རྦད་དེ་མེད་པར་གྱུར།

ཉི་མ་ཚེ་རིང་གིས་ལོ་ན་ཆེ་བའི་ཕྱུགས་རྫི་ཞིག་དང་གླེང་མོལ་བྱས།

ཉི་མ་ཚེ་རིང་གིས་ཁེངས་སྐྱུང་སྒོས“རྩྭ་ཐང་ཞན་འགྱུར་ནི་ཚད་ལས་བརྒལ་བའི་ཕྱུགས་འཚོས་ཏེ་བྱུང་བ་ཡིན་ནམ”ཞེས་དྲིས་པར།

“ཕྱུགས་ཟོག་ཚད་བརྒལ་བྱས་ཏེ་འཚོས་ན་རྩྭ་ས་ཇེ་ཞན་དུ་གྱུར་བའི་བཤད་སྲོལ་སྔར་ནས་ཡོད་མོད།  འོན་ཀྱང་བཤད་ཚུལ་དེ་གཏན་ཚིགས་དང་མི་མཐུན་པ་མ་ཟད།  མིའི་རིགས་ཀྱིས་ནམ་ཡང་ཚད་ལས་བརྒལ་བའི་ཕྱུགས་འཚོ་ཐུབ་ཀྱིན་མེད།  རྩྭ་སའི་སྟེང་ཕྱུགས་ཟོག་གི་ཐེག་ཚད་གྲངས་ཀ་བརྒྱ་ལ་གཞིགས་ནས་བརྩིས་ན་གནས་ཚུལ་དེ་རིགས་འོག་རྩྭ་ཕྱུགས་དོ་སྙོམས་རེད།  གལ་སྲིད་ཕྱུགས་ལྔ་བཅུ་ཇེ་མང་དུ་བཏང་ཚེ་ཕྱུགས་བརྒྱ་དང་ལྔ་བཅུ་ལ་ལྟོ་ཆས་མི་འདང་བའི་གནས་ཚུལ་ཚབས་ཆེན་ཐོན་ནས།  མཐར་ཕྱུགས་རིགས་མི་རྒྱགས་པ་དང་རིམས་འགོག་གི་ནུས་པ་ཇེ་ཞན་དུ་ཕྱིན་ནས་ནད་ཡམས་སྣ་ཚོགས་འགོག་མ་ཐུབ་པར་འཆི་རྒྱུ་རེད།  འོན་ཀྱང་།  མིས་ཕྱུགས་ཀྱི་གྲངས་ཀ་ལྔ་བཅུ་ཇེ་ཉུང་དུ་བཏང་ཚེ།  རྩྭ་སའི་ཕྱེད་ཀ་ཙམ་ལས་སྤྱོད་ཀྱིན་མེད་སྟབས་རྩྭ་སའི་ཕྱེད་ཀ་ཙམ་བེད་མེད་དུ་ལུས་པ་དང་སྔོ་ཁེབས་ལ་ཡུན་རིང་སྲོག་ཆགས་ཀྱི་བདག་སྐྱོང་མེད་པ་མ་ཟད།  སྲོག་ཆགས་ལ་སྐྱེ་ལྡན་གྱི་འཚོ་བཅུད་མཁོ་འདོན་བྱེད་ཐབས་བྲལ་བར་བརྟེན།  མཐར་སྔོ་ཁེབས་ཀྱི་རྩ་སྡོང་ཇེ་ཆུང་དུ་འགྲོ་བ་དང་ཐ་ན་རྩྭ་ཐང་བྱེ་འགྱུར་དུའང་འགྱུར་སྲིད”ཅེས་འབྲོག་པས་དེ་ལྟར་ལན་བཏབ།

འབྲོག་པས་ལོ་མང་པོའི་རིང་རང་ཉིད་ཀྱི་འཚོ་བ་དང་འབྲེལ་བའི་ཉམས་མྱོང་ཐོག་ནས་མི་དང་རང་བྱུང་ཁམས།  ཕྱུགས་རིགས་བཅས་དབར་གྱི་འབྲེལ་བ་གསལ་བཤད་བྱས་ཏེ།  ཉི་མ་ཚེ་རིང་ལ་གོ་རྟོགས་སད་དུ་བཅུག་ལ།  སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་ནི་འགལ་ཟླ་མིན་པ་དང་།  དེ་ལས་ལྡོག་སྟེ་ཕྱུགས་ལས་འཕེལ་རྒྱས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྔར་ལས་སྐུལ་འདེད་གཏོང་ཐུབ་པ་ཤེས་སུ་བཅུག

གཞི་རིམ་དུ་བསྐྱོད་ནས་བརྟག་ཞིབ་བྱེད་ཐེངས་རེར་འབྲོག་པ་རྒན་གྲས་དང་གླེང་མོལ་བྱེད་པ་དང་།  འབྲོག་པ་རྒན་གྲས་ལ་ཇི་ལྟར་ཕྱུགས་ཟོག་འཚོ་ལུགས་སློབ་སྦྱོང་བྱེད་པ།  སྐྱེ་ཁམས་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པ་བཅས་ཀྱི་ནང་དོན་དེ་དག་ཉི་མ་ཚེ་རིང་གིས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཏུ་གྱུར་ཡོད།

ཉི་མ་ཚེ་རིང་གིས“འབྲོག་པ་ནི་ངའི་སྐྱེ་ཁམས་དགེ་རྒན་ཡིན”ཞེས་བཤད།

བརྟག་ཞིབ་བྱས་པའི་རྨང་གཞིའི་ཐོག ཉི་མ་ཚེ་རིང་གིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྤྱིའི་བསམ་ཕྱོགས་བཏོན་པ་སྟེ།  རྩྭ་ཐང་དང་ཕྱུགས་ཟོག ངལ་རྩོལ་ནུས་ཤུགས་བཅས་ཧྲིལ་བསྡུས་བྱེད་པ་དང་།  སྐྱེ་ཁམས་དང་ངལ་རྩོལ་ནུས་ཤུགས།  ཐོན་སྐྱེད་ནུས་ཤུགས།  བསམ་བློ་བཅས་བཅིངས་འགྲོལ་གཏོང་རྒྱུ་དེ་ལག་ལེན་དུ་བསྟར་དགོས།

དྲིན་ཆེན་གྲོང་རྡལ་གྱི་དྭངས་མོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཇིགས་མེད་དོན་འགྲུབ་ཀྱིས་ཉི་མ་ཚེ་རིང་ལ་གདེང་འཇོག་བྱས་པའི་ཚིག་གཅིག་ནི།  “ཧྲུའུ་ཅི་ནི་ཕྱུགས་ལས་ཀྱི་ཆེད་ལས་པ་ཞིག་ཡིན་པས།  ང་ཚོ་ལས་ཀྱང་ཕུལ་དུ་བྱུང་བའི་འབྲོག་པ་ཞིག་རེད”ཅེས་བཤད།

2016ལོའི་སྔོན་དུ།  སྡེ་བའི་ནང་དུ་ནོར་གསོ་མཁན་ཧ་ཅང་ཉུང་།  སྡེ་བ་ཡོངས་སུ་ཁྱིམ་ཚང་བཞི་བརྒྱ་བཅུ་གསུམ་ཡོད་པ་དང་།  ཕྱུགས་ཟོག་མེད་པའི་ཁྱིམ་ཚང་གིས་བརྒྱ་ཆའི་བདུན་ཅུ་ཟིན་ཡོད།  སྡེ་མིས་ཕྱུགས་ཟོག་མི་གསོ་བའི་རྒྱུ་མཚན་ནི།  ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་ཕྱུགས་འཕྲི་ཕྱུགས་བཀག་གི་སྲིད་ཇུས་དང་ལེན་བྱེད་པ་དང་།  ཕྱོགས་གཞན་ཞིག་ནས་གངས་སྐྱོན་དང་དོམ་གྱི་གནོད་འཚེ་ལ་སེམས་ཁྲལ་བྱེད་པ་དེ་རེད།  1985ལོའི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཆེ་བའི་གངས་སྐྱོན་ཁྲོད་དུ་དྭངས་མོ་སྡེ་བའི་རུ་ཁག་ལྔ་པའི་ནོར་གནག་སྟོང་གཅིག་བརྒྱད་བརྒྱའི་ཁྲོད་སྟོང་གཅིག་དང་སུམ་བརྒྱ་ཤི་བ་དང་།  2012ལོའི་གངས་སྐྱོན་ཁྲོད་དྭངས་མོ་སྡེ་བའི་རུ་ཁག་ལྔ་པའི་ནོར་གནག་སྟོང་བདུན་གྱི་ཁྲོད་ཕྱེད་ཀ་ཤི་སོང་།

ཕྱུགས་ལས་འཕེལ་རྒྱས་སུ་གཏོང་རྒྱུའི་ཐད་འབྲོག་པའི་སེམས་ལ་འཇིགས་སྣང་ཡོད་ཀྱང་གངས་སྐྱོན་གྱིས་བཟོས་པའི་གནོད་འཚེ་ཐེག་ཐུབ་ཀྱིན་མེད།  ཉི་མ་ཚེ་རིང་ཡིད་མ་ཆད་པར་ཐེངས་མང་པོར་སྡེ་བའི་ནང་བསྐྱོད་དེ་འབྲོག་པར་ནོར་གནག་གསོ་སྤེལ་བྱ་རྒྱུའི་སྐུལ་སློང་བྱས་ནས།  ནོར་གནག་ཇི་ལྟར་གསོ་དགོས་པ་དང་གངས་སྐྱོན་སྔོན་འགོག་ཇི་ལྟར་བྱེད་དགོས་པ།  འབྲོག་པར་ར་བ་བཤིག་རྒྱུའི་སྐུལ་ལྕག་བྱས་ཏེ།  རྩྭ་ས་དུས་བཞིའི་ཕྱུགས་རར་བགོས་ནས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།

2016ལོར།  དྭངས་མོ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་།  བཙུགས་མ་ཐག་པའི་ནོར་གནག་དོན་གསུམ་ནས་ད་ལྟ་ནོར་གནག་སྟོང་གཅིག་ཙམ་བར་འཕེལ་རྒྱས་སུ་སོང་ཡོད་ལ།  2020ལོར་སླེབས་སྐབས་སྡེ་བའི་གཅིག་བསྡུས་དཔལ་འབྱོར་ཡོང་འབབ་སྒོར་འབུམ་ལྔ་ཡས་མས་ཡོད།

“དེ་སྔོན་ཕྱུགས་ཟོག་གསོ་འདོད་མེད་ལ།  ད་ལྟ་ཚང་མས་རང་འགུལ་གྱིས་གསོ་སྤེལ་བྱེད་བཞིན་ཡོད།  ཧྲུའུ་ཅི་ཡིས་ང་ཚོར་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་རྒྱུ་སྐུལ་ལྕག་བྱས་པས།  2019ལོའི་གངས་སྐྱོན་ཁྲོད་ང་ཚོའི་ཕྱུགས་ཟོག་གཅིག་ཀྱང་མ་ཤི་པ་དང་།  ཞན་འགྱུར་གྱི་རྩྭ་ས་ཉིན་རེ་བཞིན་སླར་གསོ་འབྱུང་བཞིན་ཡོད་ལ།  འབྲོག་པའི་ཡོང་འབབ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། ”

ད་ལྟའི་ཁྲི་འདུ་རྫོང་དུ་སྐྱེ་ཁམས་དང་ཐོན་སྐྱེད།  འཚོ་བ་བཅས་མཉམ་གཅིག་ཏུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།  ཉི་མ་ཚེ་རིང་གིས“དེ་སྔོན་རྩྭ་ཐང་ཕལ་ཆེར་སྟོང་བ་ཉིད་དུ་གྱུར་བ་དང་།  མུ་མཐའ་མེད་པའི་རྩྭ་ཐང་གི་སྔོ་ལྗང་རིམ་གྱིས་ཉམས་པར་གྱུར་ལ།  རྩྭ་ཐང་གི་ཕྱུགས་འཚོ་མཁན་དང་རྩྭ་ཐང་ཡོངས་སུ་ཁེབས་པའི་ནོར་ལུག་གི་རྣམ་པ་དེ་ཕ་མེས་ཀྱི་དྲན་འཆར་ཁྲོད་ནས་འཚོལ་དགོས།  ད་ལྟ་ཁྲི་འདུ་མང་ཚོགས་ཀྱིས་ཕ་མེས་ཀྱི་སེམས་སུ་ཡོད་པའི་ཁྱིམ་གཞིས་ཏེ་བརྩོན་པས་བསྐྲུན་ནས།  ད་ལྟའི་ཁྲི་འདུ་རུ་འདས་ཟིན་པའི་མཛེས་སྡུག་ལྡན་པའི་རྣམ་པ་ཡང་བསྐྱར་མངོན་ཡོད”ཅེས་བྲིས་ཡོད།

“ས་ཆ་ཞིག་ཏུ་རང་ཁ་རང་གསོ་བྱེད་མི་ཐུབ་པ་ང་རང་ཡིད་མི་ཆེས།  ང་རང་ཁྲི་འདུ་རུ་སྡོད་པའི་སྐབས་ངས་སློབ་གྲྭར་སྐྱོད་དཀའ་བ་དང་སྨན་པ་སྟོན་དཀའ་བ།  ཕྱི་རུ་སྐྱོད་དཀའ་བ།  ཡོང་འབབ་འཕར་དཀའ་བ་བཅས་ཀྱི་གནད་དོན་བསྒྱུར་རྒྱུ་ཡིན། ”

ཁྲི་འདུ་རྫོང་དུ་ངག་རྒྱུན་ཞིག་ཡོད་པ་ནི།  ཁྲི་འདུ་མི་དམངས་ཀྱི་ཁྱིམ་དུ་སློབ་མ་ཅི་ཙམ་མང་ན་རྒྱུ་ནོར་དེ་ཙམ་ཡོད་པ་ཚད་གཞིར་བརྩི་བཞིན་ཡོད་པས།  དེ་ནི་ཁྲི་འདུའི་རོང་འབྲོག་མང་ཚོགས་ཀྱིས་སློབ་གསོའི་ལས་དོན་ལ་མཐོང་ཆེན་བྱེད་པའི་མཚོན་ཚུལ་ཞིག་ཡིན་པ་སྨོས་ཅི་དགོས།

ཡུས་ཧྲུའུ་རུ་འཚར་ལོངས་བྱུང་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས།  ཉི་མ་ཚེ་རིང་གིས་སློབ་གསོས་ཁྱིམ་ཚང་ཞིག་གི་རྣམ་པར་འགྱུར་ལྡོག་གཏོང་ཐུབ་པ་དང་།  ཤེས་བྱས་འབྲོག་པའི་བྱིས་པ་ཚོའི་མིག་རྒྱ་སྔར་ལས་མཐོ་བ་དང་ཐག་རིང་དུ་བསྐྱེད་ཐུབ་པ་ཤེས་ཀྱིན་ཡོད།  མི་དམངས་མང་ཚོགས་ཀྱི་བློ་ལ་འབབ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་དོན་ཆེན་ཞིག་རེད།

2016ལོའི་ཟླ་དགུ་པར།  ཉི་མ་ཚེ་རིང་སྡོམ་མདའ་གྲོང་རྡལ་དུ་ཕྱུགས་ལས་འཕེལ་རྒྱས་ལ་བརྟག་ཞིབ་བྱེད་པར་སོང་བ་དང་།  བརྟག་དཔྱད་ཞིབ་འཇུག་བྱས་ཚར་རྗེས་ཉིན་གུང་ལ་ཐོན་ཡོད།  གྲོང་རྡལ་སྲིད་གཞུང་གིས་གུང་ཟས་གྲ་སྒྲིག་བྱས་ཡོད།  གྲོང་རྡལ་དུ་ཕྱིར་ལོག་རྗེས་ཉི་མ་ཚེ་རིང་གི་རླངས་འཁོར་ཐད་ཀར་དུ་སྡོམ་མདའ་གྲོང་རྡལ་གྱི་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭར་བསྐྱོད།

“དེ་རིང་ཉིན་གུང་ངས་སློབ་མ་དང་མཉམ་དུ་གུང་ཟས་ཟ་རྒྱུ་ཡིན། ” ཉི་མ་ཚེ་རིང་གིས་སློབ་མའི་ཟ་མའི་གནས་ཚུལ་ལ་ལྟ་འདོད་འདུག

སྟབས་མི་ལེགས་པ་ཞིག་ལ།  ཉིན་དེར་སློབ་གྲྭའི་ཟ་ཁང་གི་འབྲས་བཙོས་ནས་ཅུང་འགོར་རྗེས་གློག་ཆད་པ་དང་།  སློབ་མ་ཚོས་ཟ་མ་ཟ་རྒྱུར་སྒུག་ཡོད་པས།  སློབ་གྲྭས་སློབ་མ་དང་ཉི་མ་ཚེ་རིང་ལ་འབྲས་ཚ་མ་ཚོས་བླུགས།

ཉི་མ་ཚེ་རིང་ཁོང་ཁྲོ་རབ་ཏུ་ལངས་ནས་སློབ་གཙོ་ལ།  “གལ་ཏེ་ཁྱོད་ཀྱི་བྱིས་པ་ཡིན་ན་ཁྱོད་ཀྱིས་ད་དུང་ཁོ་ལ་ཟ་མ་ཚོས་མེད་པ་ཟ་རུ་འཇུག་གམ”ཞེས་དྲི་བ་བཏོན།  སློབ་གཙོ་ཡིས་འབྲས་བཙོས་ནས་ཅུང་འགོར་རྗེས་གློག་ཆད་པ་དང་།  སློབ་མས་ཟ་མ་ཟ་རྒྱུར་སྒུག་ཡོད་པས།  ཐབས་བཀོད་མེད་པར་དེ་ལྟར་བྱས་པ་ཡིན་ཞེས་བཤད།

ཉི་མ་ཚེ་རིང་གིས་སློབ་གྲྭར་ཚོས་མེད་པའི་འབྲས་ཕྱིར་བསྡུ་རུ་བཅུག་པ་དང་།  ཡང་བསྐྱར་འབྲས་གསར་བ་བཙོ་རུ་བཅུག གནས་ཚུལ་ཏེ་དཔྱད་གཞིར་བཟུང་ནས་རྫོང་མཁར་དུ་ལོག་རྗེས།  ཁོས་སློབ་གསོ་ཅུའུ་ལ་རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོའི་ཟ་ཁང་ལ་ཞིབ་བཤེར་ཆེན་པོ་ཐེངས་གཅིག་བྱ་རྒྱུའི་བཀའ་བཏང་།

ཉི་མ་ཚེ་རིང་གི་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་བྱ་སྤྱོད་ལ་རྫོང་ཏང་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རིན་ཆེན་རྒྱལ་མཚན་ལ་མྱོང་ཚོར་ཟབ་མོ་བྱུང་།  ཁོས“ཧྲུའུ་ཅི་ཡིས་གཟའ་ཟླ་བ་ནས་གཟའ་པ་སངས་བར་རྫོང་ཐོག་ཏུ་རྒྱུན་ལྡན་གྱི་བྱ་བ་སྒྲུབ་པ་དང་།  གཟའ་མཇུག་ཏུ་འབྲོག་པའི་ཁྱིམ་དང་ཡུལ་ཚོ།  གྲོང་རྡལ་གྱི་སློབ་གྲྭ འཕྲོད་བསྟེན་ཁང་བཅས་སུ་འགྲོ་བ་དང་།  ཁོ་རང་འགྲོ་སྐབས་སྔོན་ལ་བརྡ་གཏོང་གིན་མེད”ཅེས་བཤད།

ཁྲི་འདུ་རྫོང་གི་རྫོང་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་བའི་ལོ་གཉིས་པ་དེར།  ཉི་མ་ཚེ་རིང་གིས་གཟའ་མཇུག་གི་དུས་ཚོད་བེད་སྤྱད་དེ་རྫ་སྟོད་གྲོང་རྡལ་གད་ཆེན་སྡེ་བར་བརྟག་ཞིབ་བྱེད་དུ་སོང་བ་དང་།  རི་ཁྲོད་དུ་གནས་པའི་འབྲོག་པའི་ཁྱིམ་དུ་སོང་།  ལུང་ཤུར་དེའི་ནང་འབྲོག་པའི་ཁྱིམ་ཚང་གཅིག་ལས་མེད་པས་ལམ་མེད་ལ།  བྱིས་པ་གསུམ་སློབ་གྲྭར་མ་སོང་བར་སློབ་མཚམས་བཞག་ནས་ཕྱུགས་འཚོ་བཞིན་ཡོད།  ལྷག་པར་དུ་བུ་ཆེ་བས་ལོ་རིམ་ལྔ་པ་བཏོན་ཚར་ཡོད་པ་དང་།  ལམ་མེད་པས་སློབ་བྱོལ་བྱས་ནས་ཁྱིམ་དུ་བསྡད་ཡོད།

“བྱིས་པ་སློབ་གྲྭར་འགྲོ་རུ་མི་འཇུག་པའི་རྒྱུ་མཚན་ཅི་ཡིན། ”

“བྱིས་པ་སློབ་གྲྭར་སོང་ན།  ནོར་ལུག་ལ་ལྟ་མཁན་མེད།  སློབ་གྲྭར་སྐྱོད་ན་ལམ་མེད་པས།  ཕྱི་རུ་འགྲོ་དཀའ”ཞེས་བཤད།

ཉི་མ་ཚེ་རིང་གིས་ཉིན་གཅིག་ལ་ཁ་ཏ་སློབ་གསོ་ཡང་ཡང་བྱས་མཐར།  ཁྱིམ་ཚང་དེས་མི་ཚང་མ་འཐད་པ་བྱུང་བ་དང་། ཕྱུགས་ལས་འཕེལ་རྒྱས་གཏོང་དགོས་ལ་བྱིས་པ་ཡང་སློབ་གྲྭར་འགྲོ་དགོས་པ་མ་ཟད། ད་དུང་ལམ་ཞིག་ལས་རྒྱུའི་ཁས་ལེན་ཡང་བྱས།

གཟའ་ཟླ་བའི་ཉིན་ལས་ཚོགས་སུ་ཞུགས་རྗེས། ཉི་མ་ཚེ་རིང་གིས་འབྲེལ་ཡོད་སྡེ་ཁག་དང་ཞིབ་འཇུག་བྱས་ནས་འབྲོག་པའི་ཁྱིམ་ཚང་དེར་ཆེད་མངགས་རྣམ་གྲངས་བཙུགས་ཏེ་སྟབས་བདེའི་གཞུང་ལམ་ཞིག་ལས་ལ་ཁྲོན་པ་ཞིག་ཀྱང་ལས་པ་དང་། སློབ་གསོའི་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་འབྲོག་པ་ཁྱིམ་ཚང་དེའི་སློབ་མཚམས་ཆད་པའི་བྱིས་པ་གསུམ་པོ་སླར་ཡང་སློབ་གྲྭར་འགྲོ་རུ་བཅུག

ད་ལྟ་སླར་ཡང་སློབ་གྲྭར་སོང་བའི་བྱིས་པ་གསུམ་གྱི་སྤུན་ཆེ་བ་རྫོང་དཀྱིལ་སྙིང་སློབ་གྲྭ་རུ་གདན་ཞུ་དགེ་རྒན་བྱས་ཡོད་པ་དང་། བུ་འབྲིང་བ་དང་བུ་གསུམ་པ་ད་དུང་རྫོང་མི་རིགས་སློབ་འབྲིང་དང་པོར་སློབ་གྲྭར་འགྲོ་བཞིན་ཡོད།

གཟའ་མཇུག་གཞི་རིམ་དུ་བརྟག་ཞིབ་བྱེད་པར་བསྐྱོད་རྗེས་གཟའ་ཟླ་བར་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་རྣམས་རེ་རེ་བཞིན་ཐག་གཅོད་བྱ་རྒྱུ་དེ་ཉི་མ་ཚེ་རིང་གི་ལས་ཀའི་གོམས་སྲོལ་ཞིག་ཏུ་གྱུར་ཡོད།

ཉི་མ་ཚེ་རིང་གིས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་དོ་ཁུར་བྱེད་ཀྱིན་ཡོད་པ་དང་། ཁྱོན་ཡོངས་ཀྱི་བདེ་ཐང་མེད་ན་དམངས་ཡོངས་འབྱོར་འབྲིང་ཡོང་མི་ཐུབ་པ་དེ་བས་གསལ་པོར་ཤེས་ཡོད།  ཉི་མ་ཚེ་རིང་གིས་བདེ་ཐང་ཁྲི་འདུ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། “ནད་ཆེན་བཅོས་མི་ཐུབ་པ་དང་ནད་ཆུང་བཅོས་དཀའ་བ”ནས“ནད་ཆུང་སྡེ་བ་ནས་ཕྱི་རུ་འགྲོ་མི་དགོས་པ་དང་། ནད་ཆེན་རྫོང་ནས་ཕྱི་རུ་འགྲོ་མི་དགོས་པ།” རྫོང་སྨན་ཁང་དེ“རིམ་པ་གཉིས་པའི་སྨན་ཁང་ཁ་བ”ནས“རིམ་གཉིས་པའི་སྨན་ཁང་ཀ་བར”བསྒྱུར་བ་དང་མང་ཚོགས་ཀྱི“བདེ་ཐང་དྲ་བ”བཙུགས་པས། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་འཇགས་ཚོར་སེམས། བདེ་སྐྱིད་ཚོར་སེམས་བཅས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ཡོད།

“རིག་གནས་ནི་ཁྲི་འདུའི་བཀྲག་མདངས་འཚེར་བའི་མུ་ཏིག་ལྟ་བུ་ཞིག་དང་། མི་རབས་ནས་མི་རབས་བར་ཉམས་པ་མེད་པ་དང་འཛད་མཐའ་མེད་པའི་ཐོན་ཁུངས་ཤིག མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་སྒུལ་ཤུགས་ཤིག་བཅས་ཡིན་པས། ཁྲི་འདུའི་རིག་གནས་དར་སྤེལ་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་ངའི་འགན་འཁྲི་དང་ལས་འགན་ཞིག་རེད”ཅེས་བཤད།

ཁྲི་འདུ་ནི་ཡུས་ཧྲུའུ་ཁུལ་གྱི་རིག་གནས་རྫོང་ཆེན་ཞིག་ཡིན་ཞིང་། རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་དང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བྲག་རིའི་རི་མོ་སྔོག་འདོན་བྱས་པ་མ་ཟད། བྲག་རིའི་རི་མོ་རྐྱང་པ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་དང་། གུ་ཤྲི་ལྡེབས་རིས་དང་ཏུན་ཧོང་ལྡེབས་རིས་ཀྱི་དུས་མཚུངས་ཡིན་པའི་སྲོལ་རྒྱུན་གྱི་གནའ་བོའི་སྡེ་བ་མང་པོ་ཁྱབ་ཡོད་ལ། “རྟ་རྒྱུག་རིག་གནས”རྒྱལ་ཡོངས་སུ་མིང་གྲགས་ཡོད་པ་དང་། “སྤྱི་བོ་གོ་ཁྲབ”ཕྱི་རྒྱལ་གྱི་གར་སྟེགས་སུ་འཁྲབ་སྟོན་བྱས།

“ཕུལ་བྱུང་རིག་གནས་སྔོག་འདོན་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་གདེང་ཚོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མི་རིགས་ཀྱི་སྤོབས་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས་རིག་གནས་ལ་བརྟེན་ནས་མི་སེམས་འགུག་པ་དང་། མི་སེམས་གཅིག་ཏུ་འགྲིལ་བ་བཅས་བྱས་ཏེ་ཡར་ངོའི་ཟླ་བཞིན་ཡར་རྒྱས་འགྲོ་བའི་སྤྱི་ཚོགས་ཀྱི་དྲང་ནུས་ཆེ་རུ་གཏོང་དགོས།” ཉི་མ་ཚེ་རིང་གིས་རིག་གནས་ནི་མི་རིགས་ཀྱི་རྩ་བ་ཡིན་པ་དང་། སྲིད་སྐྱོང་བྱ་ཡུལ་གཙོ་བོ་ནི་ནུས་པས་ལྕོགས་ཚོད་ཀྱིས་རིག་གནས་རྒྱུན་འཛིན་བྱེད་མཁན་ཞིག་བྱ་རྒྱུ་དེ་ཡིན་པ་གསལ་པོ་ཤེས་ཡོད།

2019ལོར། སྡོམ་མདའ་གྲོང་རྡལ་སྒྲོལ་དཀར་སྡེ་བའི་གྲོག་རོང་ཞིག་ཏུ་གནའ་བོའི་བྲག་རྡོ་མཐོང་རྒྱུ་ཡོད།  ཉི་མ་ཚེ་རིང་གིས་གནས་ཚུལ་དེ་ཤེས་རྗེས་མྱུར་དུ་ས་གནས་སུ་བསྐྱོད་མོད། འོན་ཀྱང་སྡེ་བ་ནས་བྲག་རིའི་བར་འགྲོ་ལམ་མེད་པས་རྐང་ཐང་ངམ་ཡང་ན་རྟ་ཞོན་དགོས། རིག་གནས་སྡེ་ཁག་གི་ལས་བྱེད་མི་སྣས་ཁ་ཏ་བསླབ་བྱ་ཡང་ཡང་བྱས།

ཉི་མ་ཚེ་རིང་གིས་སྣང་དོགས་མེད་པའི་སྒོ་ནས“ང་ནི་འབྲོག་པ་རྒན་པ་ཞིག་ཡིན། ང་རྟ་བཞོན་རྒྱུར་སྐྲག་གམ” ཞེས་བཤད།

དུས་ཚོད་གཅིག་ལྷག་ཙམ་གྱི་ལམ་ཐག་བརྒྱུད་རྗེས་ཉི་མ་ཚེ་རིང་དམིགས་སར་སླེབས་པ་དང་། མིག་མདུན་གྱི་རྣམ་པས་ཁོ་རང་ཧང་སངས་པར་གྱུར།  བྲག་རིའི་ངོས་སུ་བྲིས་པའི་མི་སྣའི་གཟུགས་བརྙན་གསོན་ཉམས་ལྡན་ཞིང་མངོན་སུམ་ལྟར་སྣང་དུ་འཆར་ལ། ལྡེབས་རིས་ངོས་ཀྱི་ལོ་རྒྱུས་མིག་མདུན་དུ་འཆར་བཞིན་པ་དང་འདྲ། ཉི་མ་ཚེ་རིང་གིས་རིག་གནས་སྡེ་ཁག་གི་ལས་བྱེད་མི་སྣར“ངེས་པར་དུ་གནའ་བོའི་རི་མོ་དེ་དག་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ལ། དེ་དག་ཚང་མ་ལོ་རྒྱུས་ངོ་མ་ཡིན”ཞེས་མངགས་བཅོལ་བྱས།

ཉི་མ་ཚེ་རིང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་གསར་པ་དང་རེ་སྒུག་གསར་པ་དེ་རིག་གནས་བྱ་བའི་རྐང་འཛུགས་སར་བརྩིས་ནས། འབྲོག་པ་མང་ཚོགས་ཀྱི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་མི་རིགས་ཀྱི་སྤོབས་སེམས་ཆེ་རུ་བཏང་སྟེ། ཁྲི་འདུའི་རིག་གནས་ལས་དོན་ཐད་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་ཐོན་ཡོད་ཅེས་བརྗོད་ཀྱིན་ཡོད།

ཉི་མ་ཚེ་རིང་གིས་ཁྲི་འདུ་ལ་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་མེད་པའི་ལོ་རྒྱུས་ཁ་སྐོང་བྱས་པ་དང་། ལས་འགན་འཁུར་ནས་ལོ་བདུན་འགོར་བའི་རིང་གི་དཔྱིད་གསར་དུས་ཆེན་རེར་སྐོར་བྲོ་འཁྲབ་ནས་རྒྱ་ཆེའི་མང་ཚོགས་དང་མཉམ་དུ་དཔྱིད་གསར་དུས་ཆེན་སྤྲོ་བའི་རོལ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་། མཚོ་སྔོན་ཞིང་ཆེན་བཅིངས་འགྲོལ་བཏང་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལེགས་འགྲུབ་ངང་སྤེལ་བ་དང་། ཁྱོན་ཡོངས་ནས་ཁྲི་འདུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་མངོན་ཞིང་། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་རང་བཀུར་དང་སྤོབས་པ། ཡིད་ཆེས་བཅས་ཀྱི་རྣམ་པ་གང་ལེགས་ཀྱིས་མངོན་པར་བྱས་པ་དང་།  དྲིན་ཆེན་རྟ་རྒྱུག་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་ནང་ཞུགས་པ་དང་། དངུལ་གྱི་རྟགས་མ་བཞི་བླངས་ནས་སྐད་གྲགས་ཏེ་ཁུལ་ཡོངས་དང་རྒྱལ་ཡོངས་སུ་ཁྱབ་ཡོད།

ཁྲི་འདུའི་གླུ་གར་མང་པོ་ཞིང་ཆེན་རིམ་པའི་བརྙན་འཕྲིན་འཕྲིན་ལམ་ནས་ཐེངས་མང་བསྟན་པ་མ་ཟད་ཕྱི་རྒྱལ་དུ་ཡང་འཁྲབ་སྟོན་བྱས། 2020ལོར་ཁེར་གྷི་སི་ཐན་དུ་འཚམས་འདྲིའི་འཁྲབ་སྟོན་བྱེད་པར་བསྐྱོད་དེ། འཛམ་གླིང་གི་ལོ་རྒྱུས་མཚོན་པའི་སྙན་ངག་སྒྱུ་རྩལ་དུས་ཆེན་ཐོག་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་མངོན་པར་བྱས།

ད་ལྟ། རིག་གནས་ནི་ཁྲི་འདུ་མི་དམངས་ཀྱི་སྤོབས་པ་ཞིག་ཏུ་གྱུར་ནས། ཁྲི་འདུའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བསམ་པའི་རྒྱགས་ཕྱེ་ཞིག་ཏུ་གྱུར་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།