གསར་བརྗེ་རྒན་རབས་པ་ཤི་ནང་བྱམས་པ།
2021.09.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

རྐྱང་ཆད་ཡུལ་ཚོའི་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་ནི2015ལོར་བཙུགས་པ་ཡིན་ལ། སྨི་གྲུ་བཞི་མ་ཉིས་བརྒྱ་ཙམ་ཡོད་པའི་འགྲེམ་སྟོན་ཁང་དུ་པར་ཡིག་གཉིས་ཀྱི་ལམ་ནས་ཏང་གི་ལོ་རྒྱུས་དང་སྲིད་ཇུས་སྣ་ཚོགས་གནད་བསྡུས་གོ་བདེར་བཀྲལ་འདུག སྣེ་ཤན་པས་མཚམས་སྦྱོར་བྱས་པ་དང་བསྟུན་ནས་གསར་འགོད་པས་ཡིད་ཁམས་སྐྱོམ་པར་བྱེད་པའི་དམར་པོའི་འགྲུལ་བཞུད་ཅིག་བསྐྱར་དུ་མྱངས། དེ་ལས་འགྲེམ་པང་ཞིག་གི་ཟུར་གཤམ་དུ་ཐོབ་ཐང་ལག་འཁྱེར་ཤིན་ཏུ་རྙིང་པ་ཞིག་འདུག་པར་གསར་འགོད་པས་དོ་སྣང་བྱུང་སྟེ་ཞིབ་ཏུ་དྲིས་པར། མ་གཞི་དེ་ནི་རྐྱང་ཆད་ཡུལ་ཚོའི་གསར་བརྗེ་རྒན་རབས་པ་ཤི་ནང་བྱམས་པ་ཡིན་འདུག

རྒྱུས་ལོན་བྱས་པ་ལྟར་ན། ཤི་ནང་བྱམས་པ་ནི་བཅིངས་འགྲོལ་མ་བྱས་སྔོན་དུ་གུང་ཁྲན་ཏང་དང་འབྲེལ་འདྲིས་བྱེད་མཁན་ས་གནས་རང་གི་སྔོན་ཐོན་པ་ཐོག་མའི་གྲས་ཡིན་འདུག 1950ལོར་མགོ་ལོག་ཨ་སྐྱོང་ཚོ་བར་སྐབས་དེར་ཞིང་ཆེན་གྱི་ཀྲུའུ་ཞི་གཞོན་པའི་འགན་འཛིན་པ་བློ་མཐུན་བཀྲ་ཤིས་དབང་ཕྱུག་གིས་བཏང་བའི“མགོ་ལོག་བཅིངས་འགྲོལ་སྐོར་གྱི་འཕྲིན་ཡིག”ཅིག་འབྱོར། འཕྲིན་ཡིག་ནང་གུང་ཁྲན་ཏང་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ཞིབ་ཏུ་འགྲེལ་ཡོད་པར་མ་ཟད། ཨ་སྐྱོང་ཚོ་བའི་མགོ་བ་ཟི་ལིང་དུ་མགོ་ལོག་བཅིངས་འགྲོལ་ཐད་ཀྱི་དོན་ཆེན་ལ་གྲོས་ཁ་བསྡུ་བར་གདན་དྲངས་ཡོད་པས། ལོ་དེའི་ཟླ་དགུ་པར་ཤི་ནང་བྱམས་པ་སོགས་མི་གསུམ་ཚོང་དོན་ལ་ཁ་གཡར་ནས་ཐོག་མར་ཟི་ལིང་ལ་ཆེད་བཅར་རྟོག་ཞིབ་ཏུ་སོང་། ཐེངས་དེའི་མཇལ་འཛོམས་ནི་མགོ་ལོག་ཨ་སྐྱོང་ཚོ་བ་དང་ཞིང་ཆེན་ཏང་ཨུའི་བར་གྱི་མཇལ་འཛོམས་ཐེངས་དང་པོ་ཡིན་ལ། རྗེས་ཀྱི་མགོ་ལོག་གི་བཅིངས་འགྲོལ་ལ་རྨང་གཞི་བརྟན་པོ་བཏིངས་པའི་མཇལ་འཛོམས་དེའང་ཡིན།

ཤི་ནང་བྱམས་པའི་ཐེངས་གཉིས་པའི་ཟི་ལིང་གི་འགྲུལ་བཞུད་ནི1951ལོ་ཡིན། ལོ་དེར་ཁོ་ཚོ་མི་གསུམ་གྱིས་ཨ་སྐྱོང་མགོ་བ་བསྟན་འཛིན་རྒྱ་མཚོས་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་དབང་ཕྱུག་ལ་བཏང་བའི“མགོ་ལོག་བཅིངས་འགྲོལ་སྐོར་གྱི་ཞུ་འཕྲིན”ཁྱེར་ནས་སོང་བ་རེད། ཐེངས་དེར་ཤི་ནང་བྱམས་པ་དང་བཅས་པར་སྐབས་དེའི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཀྲང་ཀྲོན་ལིང་དང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་དབང་ཕྱུག་སོགས་འགོ་ཁྲིད་ཀྱི་སྣེ་ལེན་ལེགས་པོ་ཐོབ་ལ། ཤི་ནང་བྱམས་པ་སོགས་རྒྱལ་གཅེས་མི་སྣས་ཐུན་མོང་གི་འབད་བརྩོན་གང་མང་ལ་བརྟེན་ནས། 1952ལོར་མགོ་ལོག་ལ་ཞི་བདེའི་བཅིངས་འགྲོལ་ཐོབ་ཅིང་། 1954ལོར་རང་སྐྱོང་སྲིད་དབང་བཙུགས།

ཤི་ནང་བྱམས་པའི་རྒྱལ་གཅེས་ཀྱི་བསམ་བློར་གཡོ་སྐྱོམ་བྲལ་ཏེ། 1958ལོའི་ངོ་ལོག་ཟིང་འཁྲུག་གི་སྐབས་སུའང་། ཤི་ནང་བྱམས་པས་དར་ཆ་གསལ་སྒྲེང་དང་ལངས་ཕྱོགས་བརྟན་བཟུང་གིས་ཏང་དང་མི་དམངས་ཀྱི་ཕྱོགས་ནས་ལངས་ཏེ། གཞན་དང་གཞན་ལ་གོ་སྐོན་བློ་འགུག་གི་ཁ་ཏ་ལན་མང་བྱས་ལ། ཐ་ན་གཏམ་ཡན་གྱིས་ཁྱེར་ཏེ་ངོ་ལོག་ཟིང་འཁྲུག་ལ་ཞུགས་པའི་རང་གི་མ་གཅིག་ནུ་བོ་ཤི་ནང་བསྟན་ཚེ་དང་ཡང་འབྲེལ་ཐག་བཅད། རྗེས་ནས“གཡོན་ཐལ་ལམ་ཕྱོགས”ཀྱི་མ་ཉེས་ཁ་གཡོགས་ཐེབས་ཏེ། བཙོན་ནང་དུ་བཅུག་ནས་ལོ་ཉི་ཤུ་ལ་བསྡད། དེ་ལྟ་ནའང་ཁོའི་ཏང་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་ལ་འགྱུར་བ་ཐེབས་མ་མྱོང་བར། 1981ལོར་ཚེ་ཡི་འཕེན་པ་རྫོགས།

ཏང་གི་དམིགས་བསལ་དུས་སྐབས་ཀྱི་འཕེལ་རྒྱས་ལ་བཞག་པའི་ཁོང་གི་བྱས་རྗེས་ལ་དམིགས་ནས། ས་གནས་སྲིད་གཞུང་གིས་ཁོང་གི་བུ་ཤི་ནང་འོད་ཟེར་གྱི་འཚོ་བར་དཀའ་ཁག་ཆེ་བ་ཤེས་ནས། རྐྱང་ཆད་ཡུལ་ཚོའི་དམིགས་བསལ་དབུལ་ཁྱིམ་གྱི་གྲས་སུ་བཞག་ལ། རྐྱང་ཆད་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་དམངས་གཙོའི་འདེམ་བསྐོ་བརྒྱུད་ནས་ཁོང་གི་ཚ་བོ་དགའ་བདེ་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དུ་འོས་སྦྱོར་བྱས་ཤིང་། ཁོང་གི་བྱས་རྗེས་དང་རྒྱལ་གཅེས་སྙིང་སྟོབས་ལ་མུ་མཐུད་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་ཐབས་ཤེས་བསྟེན།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།