མི་གྲངས་འབུམ་གསུམ་མ་གཏོགས་མེད་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་གྲུ་འདི་རུ། ཨོ་རྩལ་འགྲན་ཚོགས་སུ་ཐེངས་གསུམ་ལ་ཞུགས་མྱོང་བའི་ཆོས་དབྱིངས་སྐྱིད་དང་། རྒྱལ་ཡོངས་ན་གཞོན་ལུས་རྩལ་འགྲན་ཚོགས་ལས་རྨིད་ཁྲི་ཅན་གྱི་རྒྱུག་འགྲན་ཁྲོད་གསེར་གྱི་རྟགས་མ་ལེན་མཁན་མཚོ་མོ་སྐྱིད། ད་དུང་ཧྲང་ཧེ་དང་ཀོང་ཀྲིག་རུ་བསྟུད་མར་མཱ་ལ་སུང་གི་གསེར་གྱི་རྟགས་མ་བླངས་མྱོང་བའི་ནོར་བུ་རྒྱལ་སོགས་བྱུང་ཡོད།
འོན་ཀྱང་དེ་རིང་ང་ཚོས་འདི་ནས་གླེང་བར་བྱ་བ་ནི“སྤྱི་ལོ་ཉིས་སྟོང་ལོའི་རྗེས་སུ་སྐྱེས་པའི”རྒྱང་རྒྱུག་ལུས་རྩལ་པ་ཞིག་སྟེ། ཁོ་རང་ཡང་མཚོ་བྱང་ཁུལ་གྱི་མི་ཡིན་ཞིང་། མིང་ལ་རིན་ཆེན་དོན་གྲུབ་ཟེར།
ད་ལོའི་ཟླ4པར། ལོ་ན20ལ་སོན་པའི་རིན་ཆེན་དོན་གྲུབ་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་མཱ་ལ་སུང་ཐོག་མའི་འགྲན་སྡུར་ནང་ཞུགས་པ་དང་། དེ་ལས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་སྐལ་བ་མ་ལྡན་མོད། འོན་ཀྱང་ཁོས་དུས་ཚོད2དང་སྐར་མ11དང་སྐར་ཆ54ཡི་གྲུབ་འབྲས་ལ་བརྟེན་ནས་མིག་སྔར་འཛམ་གླིང་སྟེང་མཱ་ལ་སུང་གི་རྒྱུག་ཚད་ཆེས་མགྱོགས་པའི“སྤྱི་ལོ་ཉིས་སྟོང་ལོའི་རྗེས་སུ་སྐྱེས་པའི”འགྲན་ཞུགས་པ་ཞིག་ཏུ་གྱུར་ཡོད།
ལོ་གསུམ་གྱི་དུས་ཡུན་ནང་། རིན་ཆེན་དོན་གྲུབ་ནི་ཕྱུགས་རྫི་ཞིག་ནས“འཛམ་གླིང་གི་ཆེས་མགྱོགས་པའི‘སྤྱི་ལོ་ཉིས་སྟོང་ལོའི་རྗེས་སུ་སྐྱེས་པའི’” འགྲན་ཞུགས་པ་ཞིག་ཏུ་གྱུར་ཞིང་། ཁོ་ལོ་ན་གཞོན་ཡང་གཏམ་རྒྱུད་ལ་ངོ་མཚར་གྱིས་ཕྱུག་ཡོད།
བཀའ་དྲིན་ཆེ་བའི་མི་དང་འཕྲད་པ།
སྤྱི་ལོ་ཉིས་སྟོང་ལོའི་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། རིན་ཆེན་དོན་གྲུབ་ཧེ་ཡན་རྫོང་མཚོ་སྔོན་པོ་ཡུལ་ཚོ་མདའ་བཞི་བུ་རྒོད་སྡེ་བའི་བོད་རིགས་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་ཨ་ཁུ་དང་ཨ་མྱེས། ཨ་ཕྱི་བཅས་དང་མཉམ་དུ་འཚོ་བ་རོལ་བ་རེད།
“2015ལོར། རིན་ཆེན་དོན་གྲུབ་ཐེངས་དང་པོར་འགྲན་སྡུར་ནང་ཞུགས་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སློབ་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པར་ཞུགས། མ་བསམ་ས་ནས་རྨིད3000ཅན་དང་རྨིད10000ཅན་གྱི་རྒྱང་རྒྱུག་འགྲན་སྡུར་ཁྲོད་ཀྱི་ཨང་དང་པོ་གཉིས་བླངས།” མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ལས་ཞོར་ལུས་རྩལ་སློབ་གྲྭའི་སློབ་གཙོ་གཞོན་པ་ཚེ་རིང་ནོར་བུ་ཡིས་བཤད་པ་ལྟར་ན། དེའི་སྔོན་ལ་རིན་ཆེན་དོན་གྲུབ་ཀྱིས་ལུས་རྩལ་སློབ་གྲྭ་ནས་ཉིན་བཞི་བཅུ་ཙམ་གྱི་རིང་ལ་སྦྱོང་བརྡར་ཅུང་ཙམ་བྱས་མྱོང་ཟེར།
འགྲན་སྡུར་མཇུག་སྒྲིལ་རྗེས། ཚེ་རིང་ནོར་བུའི་སྣེ་ཁྲིད་ཀྱི་འོག་ཏུ། 2016ལོར། རིན་ཆེན་དོན་གྲུབ་ཀྱིས་ཆོས་དབྱིངས་སྐྱིད་དང་། མཚོ་མོ་སྐྱིད་སོགས་ལུས་རྩལ་པ་མིང་གྲགས་ཅན་ཐོན་སའི་གནས་སྟེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལས་ཞོར་ལུས་རྩལ་སྦྱོང་བརྡར་སློབ་གྲྭ་རུ་རྒྱང་རྒྱུག་ལ་སྦྱངས་པ་བྱས།
ཚེ་རིང་རྒྱལ་གྱིས་བཤད་རྒྱུར། ཁོ་རང་རྒྱུག་རྩལ་ལ་དགའ་བས། འགྲན་སྡུར་ནང་ཞུགས་པ་རེད་ཟེར། རིན་ཆེན་དོན་གྲུབ་ཀྱིས་ཕོ་བ་བདེ་བཞིན་མེད་པ་དང་། ལུས་རྩལ་སློབ་གྲྭའི་ནང་ཟླ་གཉིས་ཀྱི་རིང་བསྡད་ཅིང་། ཕོ་བ་མ་བདེ་བའི་རྐྱེན་གྱིས་ཕྱིར་ཁྱིམ་དུ་ལོག
དེའི་རྗེས་ཀྱི་དུས་ཡུན་ངེས་ཅན་ཞིག་གི་ནང་དུ། རིན་ཆེན་དོན་གྲུབ་ཡུན་རིང་པོར་ཁྱིམ་དུ་བསྡད་ཅིང་། མཚོ་ངོས་ལས་མཐོ་ཚད་ལ་རྨིད2800ཡོད་པའི་ཕྱུགས་རྭའི་ནང་། ནོར་ལུག་བརྒྱ་ཤོག་འགའ་ནི་ཁོའི་རྩལ་སྦྱང་སྦྱོང་བརྡར་གྱི་གྲོགས་པོར་གྱུར།
རྒྱུག་རྩལ་ལ་དགའ་བའི་རྐྱེན་གྱིས། 2018ལོར་ཁོའི་རྒྱང་རྒྱུག་ཐད་ཀྱི་ལྷན་སྐྱེས་ནུས་པར་གདེང་འཇོག་ཐོབ་སྟེ། མཚོ་སྔོན་ཞིང་ཆེན་རྒྱང་རྒྱུག་རུ་ཁག་གི་རྩལ་སྦྱོང་དགེ་རྒན་སུའུ་ཝེ་ཡི་སློབ་མར་གྱུར།
རྒྱང་རྒྱུག་སྦྱོང་བརྡར་ཁྲོད་ནུས་པ་མང་པོ་སྦྱངས།
“2018ལོའི་ཟླ4པའི་ཚེས3ཉིན། རིན་ཆེན་དོན་གྲུབ་ངའི་རུ་ཁག་ཏུ་ཡོང་ནས་སྦྱོང་བརྡར་བྱེད་མགོ་ཚུགས་པ་ཡིན”ཞེས་སུའུ་ཝེ་ཡིས་དེ་ལྟར་བཤད་པ་དང་། དུས་དེ་ནས་བཟུང་ཁོས་རིན་ཆེན་དོན་གྲུབ་ལ་མ་ལག་ལྡན་པའི་སྒོ་ནས་ཁྲིད་སྦྱོང་བྱེད་མགོ་བརྩམས། སུའུ་ཝེ་ཡི་སེམས་ཞིབ་མོའི་ཁྲིད་སྟོན་འོག་ཏུ། ཆེས་རྨང་གཞིའི་གོམ་ཆུང་ལེན་པའི་རྒྱུག་སྟངས་ཡང་མི་ཤེས་པ་ཞིག་ནས་རིམ་གྱིས་རྨང་གཞི་འདིང་མགོ་བརྩམས་ཤིང་། སྦྱོང་བརྡར་གྱི་ཁྲོད་དུ་རིམ་གྱིས་སྔོན་ཆད་ཀྱི་རྩལ་གོམས་ངན་པ་རྣམས་བཅོས་བསྒྱུར་དང་ལེགས་བཅོས་བྱས།
ཞོགས་པར་སྐར་མ་གསུམ་དང་སྐར་ཆ་ལྔ་བཅུའི་སྡེབ་རྒྱུག་དེ་སྤྱི་ལེ་བཅུ་ནས་སྤྱི་ལེ་བཅུ་གཉིས་བར་རྒྱུགས་དགོས་པ་དང་། ཕྱི་དྲོའི་རྩལ་ནུས་སྦྱོང་བརྡར་དེ་ལྷོད་ལྷོད་ཀྱིས་རྒྱུག་ནས་ལུས་ཁམས་སླར་གསོ་བྱེད་པ་ཡིན་ཞིང་། ཕལ་ཆེར་ཉིན་གཉིས་གསུམ་ནང་ཉིན་གཅིག་གཉིས་རེ་ལེགས་སྒྲིག་བྱེད་པ་ཡིན། ལས་ཞོར་རྒྱུག་མཁན་མང་པོས་ལྟོས་ན་ཆེས་སླ་བའི་སྦྱོང་བརྡར་གྱི་ནང་དོན་དེ་ནི་སུའུ་ཝེ་ཡིས་རིན་ཆེན་དོན་གྲུབ་ལ་ཆེས་ཐོག་མར་བཟོས་པའི་འཆར་གཞིའི་སྦྱོང་བརྡར་གྱི་བཀོད་སྒྲིག་ཡིན་པ་རེད།
རྩལ་སྦྱོང་དགེ་རྒན་དང་སློབ་མ་རྒན་པ་དག་གི་སེམས་སུ་རིན་ཆེན་དོན་གྲུབ་ནི། ཁ་གྲགས་རྒྱུར་མི་དགའ་བ་དང་ཁ་ལེན་ཚིག་བརྩི་བྱེད་པ། མངོན་ཆུང་ཡིན་ཡང་གཙང་སྦྲ་ལ་དང་དོད་ཤིན་ཏུ་ཆེ་བའི་རུ་མི་ཆུང་ཆུང་ཞིག་ཡིན་ཏེ། རྩལ་སྦྱོང་དགེ་རྒན་གྱི་སེམས་ཁྲལ་བྱེད་ས་ནི་སྦྱོང་བརྡར་ཁོ་ན་མ་ཡིན་པར། ལོ་ན་ཆུང་བའི་སྟེང་ལ་ཁ་གྲགས་རྒྱུར་མི་དགའ་བའི་སྟབས་ཀྱིས། སུའུ་ཝེ་ཡིས་སྦྱོང་བརྡར་ནན་འཛིན་བྱེད་དགོས་པར་མ་ཟད། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུའང་རིན་ཆེན་དོན་གྲུབ་ལ་སེམས་ཁུར་དང་བདག་སྐྱོང་མང་པོ་བྱེད་དགོས་པ་རེད། “དེ་ལྟར་མ་བྱས་ཚེ་ཁོ་ལ་ཆམ་པ་འདྲ་ཕོག་པའམ་ན་ཚ་འདྲ་ཡོད་ནའང་ཁོས་གསང་ནས་ཅི་ཡང་མི་བཤད”ཟེར།
སུའུ་ཝེ་ཡིས་བཤད་རྒྱུར། རིན་ཆེན་དོན་གྲུབ་ཀྱིས་སྡུག་རུས་བྱེད་ཐུབ་ཅིང་། ཤ་འབད་རུས་འབད་བྱེད་མཁན་ཞིག་ཀྱང་ཡིན་པས། བཀོད་སྒྲིག་བྱས་པའི་སྦྱོང་བརྡར་གྱི་ལས་འགན99%ཡོངས་འགྲུབ་བྱེད་ཐུབ་པ་རེད་ཟེར། སྦྱོང་བརྡར་བྱས་ཚར་རྗེས། རིན་ཆེན་དོན་གྲུབ་ཀྱང་གསར་བུ་གཞན་པ་རྣམས་དང་འདྲ་བར་ལྒང་ལི་དང་རྐང་རྩེད་སྤོ་ལོ་རྩེད་རྒྱུར་ཧ་ཅང་དགའ། ལོ་ངོ་གཅིག་ཙམ་གྱི་རིང་ལ་ཆེད་ལས་སྦྱོང་བརྡར་བྱས་རྗེས་ཀྱི་སྤྱི་ལོ2019ལོ་ནས་བཟུང་། རིན་ཆེན་དོན་གྲུབ་རྒྱལ་ཡོངས་ཀྱི་འགྲན་སྡུར་འགའ་ཞིག་ལ་ཞུགས་མགོ་བརྩམས་མ་ཟད། རྒྱལ་ཡོངས་ན་གཞོན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་རྨིད་ཁྲི་ཅན་གྱི་འགྲན་སྡུར་ཁྲོད་རྟིང་རྩོད་འགྲན་སྡུར་དུ་ཚུད་ཐུབ་པ་བྱུང་།
ལོ་དེའི་རྨིད་སྟོང་ལྔ་ཅན་གྱི་འགྲན་སྡུར་ཁྲོད་ཁོའི་ཆེས་བཟང་པོའི་གྲུབ་འབྲས་ནི་སྐར་མ་བཅོ་ལྔ་དང་སྐར་ཆ་གཉིས་ཡིན་པ་དང་། རྨིད་ཁྲི་ཅན་གྱི་རྒྱུག་རྩལ་གྲུབ་འབྲས་ནི་སྐར་མ་སོ་གཅིག་དང་སྐར་ཆ་བདུན་ཡིན་ཞིང་། ལམ་ཐག་ཕྱེད་ཀའི་རྒྱུག་རྩལ་གྲུབ་འབྲས་ནི་དུས་ཚོད་གཅིག་དང་སྐར་མ་བརྒྱད་སྐར་ཆ་ཉེར་བཞི་ཡིན་པ་རེད། ལྷན་སྐྱེས་ཀྱི་འཇོན་ཐང་མི་གཞན་ལས་ཁྱད་དུ་འཕགས་ནའང་། ལོ་ན་གཞོན་པ་དང་། སྦྱོང་བརྡར་གྱི་དུས་ཡུན་ཐུང་བས། ཚང་མས་དེ་འདྲའི་དོ་སྣང་མ་བྱས།
2020ལོའི་ཟླ11པའི་ཚེས29ཉིན་ནན་ཅིན་གྱི་མཱ་ལ་སུང་འགྲན་སྡུར་ཁྲོད། རྒྱུག་མགོ་བརྩམས་རྗེས་ཀྱི་རིན་ཆེན་དོན་གྲུབ་དང་རྩལ་སྦྱོང་དགེ་རྒན་ཡུས་ཧྲུན་ཅིན་གཉིས་ཚོགས་པ་དང་པོའི་རྗེས་སུ་དེད་ཅིང་། གཟུགས་ཀྱི་རིང་ཚད་ལ་ལིས་རྨིད165ལས་མེད་པའི་ཁོ་རང་མི་ཚོགས་ཀྱི་ཁྲོད་དུ“ཡིབ”ནས་རྒྱུགས་ཤིང་། སྤྱི་ལེ26ཙམ་གྱི་རྗེས་སུ་ད་གཟོད་རིམ་གྱིས་ཚོགས་པ་དང་པོ་དང་གྱེས་ཏེ། མཇུག་མཐར་དུས་ཚོད2དང་སྐར་མ17དང་སྐར་ཆ08གྱིས་ཁོའི་མི་ཚེའི་ཁྲོད་ཀྱི་མཱ་ལ་སུང་གི་འགྲན་སྡུར་ཐེངས་དང་པོ་ཡོངས་འགྲུབ་བྱས།
ལོ་གཉིས་ལྷག་གི་རིང་ལ་སྦྱོང་བརྡར་བྱས་པ་དང་། ཟླ་གཅིག་གི་རིང་ལ་གྲ་སྒྲིག་བྱས་པའི་ན་གཞོན་འགྲན་ཞུགས་པའི་གྲུབ་འབྲས་འདི་ལ་བསྟོད་བསྔགས་བྱེད་འོས་ཀྱང་། ཐེངས་དེའི་ནན་ཅིན་མཱ་ལ་སུང་རྒྱུགས་རྩལ་འགྲན་སྡུར་ཁྲོད་གྲུབ་འབྲས་བཟང་པོའི་འགྲན་ཞུགས་པ་ཤིན་ཏུ་མང་བས། སྐབས་དེར་ཡང་རིན་ཆེན་དོན་གྲུབ་ལ་དོ་སྣང་བྱེད་མཁན་གྱི་མི་མང་པོ་མ་བྱུང་།
དེའི་རྗེས་ཀྱི2020ལོའི་ཀོང་ཀྲིག་མཱ་ལ་སུང་འགྲན་སྡུར་ཁྲོད་དུ། རིན་ཆེན་དོན་གྲུབ་ཀྱི་འགྲན་ཐེངས་དེའི་དམིགས་འབེན་ནི་དུས་ཚོད2དང་སྐར་མ15ཡིན་ཡང་། ཚ་གདུགས་ཆེ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ལས་མཇུག་མཐར་ཁོས་དུས་ཚོད2དང་སྐར་མ18དང་སྐར་ཆ23གྱི་གྲུབ་འབྲས་ཀྱིས་ཨང་དྲུག་པ་བླངས།
ཀོང་ཀྲིག་གི་མཱ་ལ་སུང་འགྲན་སྡུར་མཇུག་བསྒྲིལ་རྗེས། སྙོམས་སྒྲིག་དུས་རིམ་དུ་ཡོད་པའི་རིན་ཆེན་དོན་གྲུབ་ད་དུང་རྒྱུག་ཡུན་ཕྱེད་མའི་མཱ་ལ་སུང་འགྲན་སྡུར་ཞིག་ལའང་ཞུགས་ཤིང་། ཡུས་ལུང་འགག་གི་མཱ་ལ་སུང་འགྲན་སྡུར་ཁྲོད་ཨང་གསུམ་པ་བླངས། དེ་ནས2020ལོའི་འགྲན་སྡུར་གྱི་དུས་ཚིགས་མཇུག་སྒྲིལ་ནས་དགུན་དུས་ཀྱི་སྦྱོང་བརྡར་དུས་རིམ་དུ་ཞུགས།
དགུན་ཁ་གཅིག་ལ་མ་ལག་ལྡན་པའི་སྦྱོང་བརྡར་བྱས་རྗེས། རིན་ཆེན་དོན་གྲུབ་ཀྱི་རྩལ་ནུས་སྔར་བས་མཐོར་འདེགས་ཆེན་པོ་བྱུང་།
ཟླ4པའི་ཚེས11ཉིན། ཞུས་ཀྲིག་རུ་རླུང་ཅུང་ཆེན་པོ་ལྡང་བཞིན་ཡོད་པ་དང་། ཁྲིད་རྒྱུག་པའང་མེད་པས། རྒྱུག་འབྲས་བཟང་པོ་ལེན་རྒྱུ་ནི་ན་ནིང་གི་ནན་ཅིན་ལས་དཀའ་ཁག་ཆེ་ཞིང་། འགྲན་སྡུར་གྱི་ངོ་བོའང་མི་འདྲ་བས། ཚད་ཐིག་ལོན་པའི་འགྲན་ཞུགས་པས་མིང་ཐོབ་རྩོད་པ་དང་། གཞན་པ་རྣམས་ཀྱིས་ཚད་ཐིག་ལོན་དགོས་པར་མ་ཟད་མིང་ཐོབ་ཀྱང་རྩོད་དགོས་པ་རེད།
རྩལ་སྦྱོང་དགེ་རྒན་གྱི་འགྲན་སྡུར་མ་བྱས་གོང་གི་བཀོད་སྒྲིག་ལྟར། རིན་ཆེན་དོན་གྲུབ་མུ་མཐུད་དུ་ཚོགས་པ་དང་པོའི་རྗེས་སུ“ཡིབ”སྟེ་རྒྱུགས་ཤིང་། ཆེས་མཐའ་མར་རིན་ཆེན་དོན་གྲུབ་ཀྱིས་དུས་ཚོད2དང་སྐར་མ11དང་སྐར་ཆ54ཡི་གྲུབ་འབྲས་ཀྱིས་ཨང་དྲུག་པ་བླངས།
འགྲན་ཐེངས་དེའི་རྗེས་སུ། རིན་ཆེན་དོན་གྲུབ་སི་ཁྲོན་གྱི་འགྲན་ཞུགས་པ་དབྱང་ཁེ་ཀུའུ་ཡིས་ན་ནིང་ནན་ཅིན་གྱི་འགྲན་སྡུར་ཁྲོད་དུས་ཚོད2དང་སྐར་མ13དང་སྐར་ཆ07གྱིས་བླངས་པའི་གྲུབ་འབྲས་ལས་བརྒལ་བས། མིག་སྔར་འཛམ་གླིང་གི་མཱ་ལ་སུང་འགྲན་སྡུར་ཁྲོད་ཆེས་མགྱོགས་པའི“སྤྱི་ལོ་ཉིས་སྟོང་ལོའི་རྗེས་སུ་སྐྱེས་པའི”འགྲན་ཞུགས་པ་རུ་གྱུར།
མིག་སྔར། རིན་ཆེན་དོན་གྲུབ་ཀྱི་རྨིད5000ཅན་གྱི་རྒྱུག་རྩལ་གྲུབ་འབྲས་ནི་སྐར་མ14དང་སྐར་ཆ30ཡིན་ཞིང་། རྨིད10000ཅན་གྱི་རྒྱུག་རྩལ་གྲུབ་འབྲས་ནི་སྐར་མ30དང་སྐར་ཆ24ཡིན། སུའུ་ཝེ་ཡིས་བཤད་རྒྱུར། རྒྱུག་རའི་འགྲན་སྡུར་གྱི་རྨང་གཞི་མེད་ན། མཱ་ལ་སུང་སྔར་ལས་མཐོ་བའི་རིམ་པ་རུ་མཐོར་འདེགས་གཏོང་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བ་ཞིག་རེད། མ་འོངས་པར་རིན་ཆེན་དོན་གྲུབ་རྒྱལ་ཡོངས་ཀྱི་ཟིན་ཐོ་ལས་བརྒལ་ཏེ། དུས་ཚོད2དང་སྐར་མ08ཀྱི་ནང་དུ་སླེབས་ཐུབ་པར་ངས་རེ་བ་བཅངས་ཡོད།”སུའུ་ཝེ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། རིན་ཆེན་དོན་གྲུབ་ཀྱིས་ཀྱང་དམིགས་འབེན་དེ་མངོན་འགྱུར་བྱེད་པར་ཁོས་ཡུན་རིང་བསྒུག་ཏུ་འཇུག་མི་སྲིད།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།