སློབ་ཆུང་གི་དགེ་རྒན་དང་སློབ་འབྲིང་གི་སློབ་གཙོ། སྲིད་གཞུང་གཞུང་ལས་ཁང་གི་ཀྲུའུ་རིན། དེ་མིན་གྲོང་ཁྱེར་དོ་དམ་ཅུའུ་དང་དབུལ་སྐྱོར་གསར་སྤེལ་ཅུའུ། དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་། སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི། རྩེ་ཁོག་རྫོང་དམངས་ཆེན་གཞུང་ལས་ཁང་གི་མི་སྣས་ཚེ་བོ་ཡི་ལོ་རྒྱུས་བསྡུས་པར་བལྟ་དུས། གསར་འགོད་པ་ཁོའི་ཕུན་སུམ་ཚོགས་པའི་འགན་ནུས་ལས་སྒྲུབ་ཀྱི་ཉམས་མྱོང་ལ་ཧ་ལས་པར་གྱུར། གསར་འགོད་པའི་གམ་དུ་ཡོད་པའི་རྩེ་ཁོག་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཤ་བོ་བཀྲ་ཤིས་གད་མོ་དགོད་ཞོར་དུ་བཤད་རྒྱུར། འཐུས་མི་ཚེ་བོ་ནི་རྩེ་ཁོག་རྫོང་དུ་ལས་ཞུགས་བྱས་པའི་ལས་རྐང་ཧ་ཅང་མང་། རྒྱུ་མཚན་དེའི་དབང་གིས་ཁོ་ལ་ཕྱོགས་མང་གི་ནུས་པ་ལྡན་ཞིང་། རྫོང་ཡོངས་ཀྱི་ཕྱོགས་སོ་སོའི་གནས་ཚུལ་ཐད་ཁོ་ལ་མཚོན་ན་ཆ་རྒྱུས་ཆེན་པོ་ཡོད། དེ་ཡིས་ཁོས་དམངས་ཆེན་གྱི་འཐུས་མིའི་འགན་ནུས་ལག་བསྟར་བྱེད་པར་རམ་འདེགས་ཆེན་པོ་ཐོན་ཐུབ་ཡོད་ཟེར།
ད་ལྟ་རྩེ་ཁོག་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་དང་ཅུའུ་ཀྲང་ཡིན་པའི་ཚེ་བོ་ནི། རྫོང་དང་ཁུལ་རིམ་པ་གཉིས་ཀྱི་དམངས་ཆེན་གྱི་འཐུས་མི་ཡིན། དེ་དང་མཉམ་དུ་རྩེ་ཁོག་རྫོང་གི་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་ཡང་ཁུར་ཡོད། ཚེ་བོ་ཡིས་བཤད་རྒྱུར། འདི་དག་ཚང་མ་ནི་རང་ཉིད་གཞན་ལས་ཁྱད་དུ་འཕགས་པས་མ་ཡིན་པར་ཡུལ་མི་ཚོས་ང་ལ་མཐོང་ཆེན་བྱས་པས་ཡིན་ཟེར།
ང་ནི་འབྲོག་ཕྱོགས་ནས་ཡོང་བ་ཞིག་ཡིན་ལ་ཆུང་ངུའི་དུས་ནས་བཟུང་འབྲོག་པ་མང་ཚོགས་ལ་འབྲེལ་འདྲིས་བྱས་ནས་ཡོང་བ་ཞིག་ཡིན་པས། ཕལ་ཆེར་ཁོ་ཚོས་ཁ་གདང་པ་ཙམ་གྱིས་ཅི་ཞིག་བཤད་རྒྱུ་ཡིན་པ་ངས་གསལ་བོར་རྟོགས་ཐུབ་ཟེར། རྩེ་ཁོག་རྫོང་ཉིན་ཞིག་གྲོང་རྡལ་རི་ཕྱོར་སྡེ་བ་ནས་འཚར་ལོངས་བྱུང་བའི་ཚེ་བོ་ཡིས་སྤྱི་སྐད་བཤད་པ་ཤིན་ཏུ་ཚད་ལྡན་རེད། དུས་རྒྱུན་དུ་ངས་ལོ་ཙྰའི་ལས་ཀ་གཉེར་བཞིན་ཡོད་དེ། ལན་རེར་མི་དམངས་མང་ཚོགས་ཀྱི་སེམས་སྟེང་གི་སྐད་ཆ་དེ་སྲིད་གཞུང་དང་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུ་འབུལ་བྱེད་བཞིན་ཡོད་པར་མ་ཟད། སྐབས་རེར་སྲིད་གཞུང་གི་རོགས་སྐྱོར་སྲིད་ཇུས་སྣ་ཚོགས་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་དྲིལ་སྒྲོག་བྱེད་བཞིན་ཡོད། དེ་ལྟར་དུས་ཡུན་རིང་བོ་འགོར་བས་ཡུལ་མི་རྣམས་ཀྱིས་ང་ལ་སྔར་ལས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེ་ཡིས་ང་ལ་ང་རྒྱལ་ཞིག་སྐྱེད་པར་མ་ཟད། འགན་འཁྲི་ལྕི་མོ་ཞིག་ཀྱང་ཚོར་དུ་བཅུག་བྱུང་ཟེར།
ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བར། རྩེ་ཁོག་རྫོང་གྲོང་ཁྱེར་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཡིན་པའི་ཚེ་བོ་ཡིས་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཞིག་གི་ངོས་ནས། རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྟེང་དུ་གྲོས་གཞི་བཏོན་རྗེས། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་གཞི་ཁྱོན་ཆེན་པོའི་གསང་སྤྱོད་གསར་བརྗེ་སྤེལ། སྐབས་དེར་ང་ཚོའི་ཡུལ་ཚོ་དང་གྲོང་རྡལ་མང་པོ་ཞིག་ཏུ་སྤྱོད་ཁང་མེད་པས་གང་སར་གཅིན་སྐྱག་གཏོང་བའི་གནས་ཚུལ་མངོན་གསལ་ཡིན་ཞིང་། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་རེད། མི་དམངས་འཐུས་མི་ཚོགས་ཆེན་གྱི་སྟེང་དུ་གྲོས་གཞི་དེ་བཏོན་རྗེས་སུ། ཕལ་ཆེར་ཟླ་ངོ་གསུམ་ཙམ་གྱི་རྗེས་སུ་སྤྱོད་ཁང་གསར་བརྗེ་ཕྱོགས་ཡོངས་ནས་སྤེལ་བས་མཐའ་འཁོར་གྱི་མི་དམངས་མང་ཚོགས་ཚང་མས་དགའ་བསུ་ཆེན་པོ་ཐོབ་ཅེས་ཚེ་བོ་ཡིས་གསར་འགོད་པར་བཤད།
རེད་ཡ། ལོ་དེའི་དགུན་ཁར་ངེད་ཚང་སྔོན་ཆད་ཀྱི་ཐབས་ཆག་གི་ཁང་པ་དེ་ལས་གནས་སྤར་ཏེ་དེང་རབས་ཅན་གྱི་གྲོང་ཁྱེར་གྱི་ཐོག་ཁང་དུ་ཡོང་བ་ཡིན། དེ་ནས་བཟུང་ལྕགས་ཐབ་ཀྱི་ནང་དུ་མེ་འབུད་མི་དགོས་ཞེས་རྩེ་ཁོག་རྫོང་ཧོར་གྲོང་རྡལ་བྲག་དམར་སྡེ་བ་རུ་ཁག་དང་པོའི་བསྟན་པ་དར་རྒྱས་ཀྱིས་ཕྱིར་དྲན་བྱས་ནས་བཤད། སྡེ་མི་རྣམས་ཀྱིས་ཚོགས་འདུའི་སྐབས་སུ་ཡང་འཐུས་མི་ཚེ་བོ་ཡིས་ང་ཚོའི་སྦག་བཙོག་གི་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱས་སོང་། འདི་ནི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཅིག་རེད། དོན་གྱིས་སྐད་ཆ་དེ་དག་གི་ནང་དོན་གསལ་བོ་ཞིག་མི་གོ་ནའང་ང་ཚོས་བལྟས་ན་དངོས་གནས་ངར་བ་རེད་ཅེས་གླེང་བཞིན་འདུག་ཟེར།
ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པར། ཚེ་བོ་ཡིས་རྨ་ལྷོ་ཁུལ་གྱི་སྐབས་བཅོ་ལྔ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་ཁུར་བའི་སྐབས་སུ། བྱ་བའི་ལས་གནས་གསར་བ་སྟེ་རྩེ་ཁོག་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར། སྐབས་དེར་ང་ཚོའི་རྫོང་ནི་ཤིན་ཏུ་དབུལ་བས་དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་ཞིང་བྱ་བའི་གནོན་ཤུགས་ཀྱང་གཞན་ལས་ལྕི། དེ་བས་རེ་ཞིག་ངས་ཀྱང་བྱ་བའི་ལས་མགོ་དེ་གང་ནས་རྩོམ་དགོས་པའང་མི་ཤེས་པར་གྱུར་ཅེས་ཚེ་བོ་ཡིས་འདས་ཟིན་པའི་བྱ་བར་ཕྱིར་དྲན་བྱས་ནས་བཤད། ཕྱིས་སུ་འབྲེལ་ཡོད་ཀྱི་ཚོགས་འདུ་སྣ་ཚོགས་ལ་ཞུགས་པ་དང་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་ཁོ་ཚོ་དང་ཡང་དང་བསྐྱར་དུ་ཁ་བརྡ་བྱས་པ་བརྒྱུད་ནས་ཕལ་ཆེར་ངས་ཀྱང་བྱ་བའི་ཁ་ཕྱོགས་ཤིག་རྙེད་སོང་བ་འདྲ། དེའི་རྗེས་སུ་ཚེ་བོ་ཡིས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྟེང་དུ་དབུལ་ཕོངས་མང་ཚོགས་ལ་དམིགས་པའི་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་དམིགས་འབེན་བཏོན་ནས། རོགས་སྐྱོར་བྱེད་ཐུབ་པ་ཚོར་ཐོན་ལས་དང་ལས་ཞུགས། སློབ་གསོའི་བྱེད་ཐབས་སོགས་བརྒྱུད་ནས་རོགས་སྐྱོར་བྱས་པ་དང་། ཆ་རྐྱེན་ཞན་པའི་ཡུལ་ཚོ་དང་གྲོང་རྡལ། དེ་མིན་སྡེ་བ་སོགས་ལ་ལས་གཞིས་རོགས་སྐྱོར་བྱེད་པ་བཅས་ཀྱི་བྱེད་ཐབས་བཏོན་ནས་དབུལ་ཐར་ལ་འགན་སྲུང་བྱེད་པའི་ལམ་དུ་གཅིག་ཀྱང་མི་ཆད་པར་བྱས་ཟེར།
ཚེ་བོ་ཡ་མཚར་བ་ཞིག་ནི། ཁོས་གྲོས་གཞི་བཏོན་རྗེས་སུ་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཕྱོགས་མང་པོའི་བྱེད་ཐབས་སྤྱད་པ་དང་གཙོ་གནད་དུ་བཟུང་ནས་སྐུལ་སྒྲུབ་བྱེད་པ། ཐེངས་མང་པོར་ཞིང་ཆེན་དང་ཁུལ་ལ་སྦྲེལ་མཐུད་བྱས་ནས། ཕྱོགས་མང་པོའི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་དོན་ཐོག་ཏུ་འབྱོར་ཞིང་། ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་ཏུ་རྩེ་ཁོག་རྫོང་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཡོངས་སུ་ཕུད་པ་རེད།
མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བྱས་ནས་ལོ་ངོ་མི་ཉུང་བ་ཞིག་འགོར་སོང་། ང་རང་ལ་བག་ཆགས་ཆེས་ཟབ་པ་ཞིག་ནི་ཉིས་སྟོང་བཅོ་ལྔ་ལོ་སྟེ། གློ་བུར་བའི་གོ་སྐབས་ཤིག་གིས་ངས་མི་དམངས་མང་ཚོགས་དང་ཁ་བརྡ་བྱས་པའི་གོ་རིམ་ཁྲོད། རྫོང་གི་ནུབ་ཕྱོགས་ས་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་སྐོར་ཞིག་གི་བྱིས་པ་རྣམས་ལམ་ཐག་རིང་བ་སོགས་ཀྱིས་སློབ་གྲྭར་འགྲོ་ཐུབ་ཀྱི་མེད་པའི་འབུར་དུ་ཐོན་པའི་གནད་དོན་དེ་རྟོགས་ཤིང་། ཁོ་ཚོའི་རེ་བའི་མིག་མདང་དེ་དག་མཐོང་དུས་དངོས་གནས་སྙིང་རྗེ་བོ་ཞིག་རེད། དེ་བས་རྗེས་སུ་ངས་སྔ་གཞུག་ཏུ་རྗོང་དང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སྟེང་དུ། རྩེ་ཁོག་རྫོང་གི་ནུབ་ཕྱོགས་ས་ཁུལ་དུ་མི་རིགས་སློབ་འབྲིང་ཞིག་འཛུགས་དགོས་པའི་སྐོར་གྱི་གྲོས་གཞི་བཏོན་པ་ཡིན། སྐབས་དེར་འཐུས་མི་གཞན་མང་པོ་ཞིག་གིས་ཀྱང་ངས་བཏོན་པའི་གྲོས་གཞི་དེ་དོན་དངོས་དང་མཐུན་པར་ཁས་ལེན་བྱེད་བཞིན་འདུག་མོད། ཡིན་ནའང་ང་ལ་མཚོན་ན་དེ་འདྲའི་གདེང་ཚོད་ཅིག་མེད་དེ། རྒྱུ་མཚན་ནི་སློབ་གྲྭ་ཞིག་འཛུགས་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། དེ་བས་ངས་བཏོན་པའི་གྲོས་གཞི་དེ་མངོན་འགྱུར་བྱེད་མ་ཐུབ་ཀྱང་འདང་དཔོག་ཐུབ་པ་ཞིག་རེད།
བློ་མཐུན་གསར་འགོད་པ་ལགས། ཁྱོད་རང་ཡིད་ཆེས་སམ། དུས་ཚོད་ཐུང་ཐུང་ལོ་ངོ་གཅིག་ལྷག་གི་རྗེས་སུ། མི་རིགས་སློབ་འབྲིང་དེ་ཉིས་སྟོང་བཅུ་བདུན་ལོར་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བར་དངོས་སུ་བཀོལ་སྤྱོད་བྱེད་མགོ་བརྩམས་པ་རེད། ཁ་བརྡ་བྱས་ནས་སྐབས་འདིར་ཐོན་དུས་ཚེ་བོ་ལ་རང་དབང་མེད་པར་སེམས་འགུལ་ཞིག་ཀྱང་ཐེབས་ཀྱི་འདུག བྱིས་པ་རྣམས་ཀྱིས་རྒྱབ་ཏུ་དཔེ་ཁུག་ཁུར་ནས་སློབ་གྲྭར་འགྲོ་བའི་སྐབས་དེར། ཁྱིམ་བདག་རེ་རེའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ནས་ང་ལ་ཁྱོད་རང་ངར་བ་རེད་ཟེར། ངས་ཁོ་ཚོ་ལ་ང་རང་ངར་བ་ཡིན་པས་མ་རེད། ངས་ནི་ཁྱེད་ཅག་གི་རེ་བ་དེ་མི་དམངས་འཐུས་མི་ཚོགས་ཆེན་ལ་ཡར་ཞུ་བྱས་པ་ཙམ་ཡིན། དངོས་གནས་ང་ཚོ་ལ་དོན་དངོས་སྒྲུབ་མཁན་ནི་རང་རེའི་ཏང་དང་སྲིད་གཞུང་རེད་ཅེས་བཤད་པ་ཡིན་ཟེར།
ཚེ་བོ་ལ་མཚོན་ནས་བཤད་ན། ལས་གནས་མང་པོ་ཞིག་བརྗེས་པ་ནི་མི་དམངས་འཐུས་མི་བཟང་བོ་ཞིག་བྱེད་པ་ལ་ཆ་རྐྱེན་ཡག་པོ་བསྐྲུན་ཡོད་པ་རེད། སྤྱིར་ང་རང་ལ་མཚོན་ན་སེམས་ཅན་གྱིས་བཤད་པ་དེ་བཞིན་ཅི་ཡང་འཇོན་མཁན་ཞིག་གཏན་ནས་མིན། ངས་བསྒྲུབས་པའི་བྱ་བ་ཅུང་མང་པ་དང་ངས་བྱ་བ་རེ་རེར་རྒྱུས་ལོན་བྱས་པ་ཅུང་ཆ་ཚང་བ་ཙམ་ལས། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་རམ་འདེགས་མེད་ཚེ། ངས་བྱ་བ་དེ་འདྲ་མང་པོ་ཞིག་རྩ་བ་ནས་སྒྲུབ་ཐུབ་ཀྱི་མེད། དེ་བས་མི་དམངས་མང་ཚོགས་ཀྱིས་ང་ཚོ་ལ་བཀའ་དྲིན་ཞུ་དགོས་པ་ཞིག་མིན་ཏེ། ང་ཚོས་མི་དམངས་མང་ཚོགས་ཀྱིས་ང་ཚོར་དཀྲིས་པའི་ལས་འགན་ལ་བཀའ་དྲིན་ཞུ་དགོས་པ་ཞིག་རེད་ཅེས་ཚེ་བོ་ཡིས་གསར་འགོད་པར་བཤད།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།