མི་ཚེ་གཞན་དོན་དུ་སྟིམ་པའི་སྨན་པ་བཟང་བོ།
2021.10.13 ཁུངས། རྨ་ལྷོ་བོད་ཡིག་ཚགས་པར། ཀློག་གྲངས། 49

དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་དུ་ཕྱིན་པ་དང་བསྟུན་ནས་ཚོང་ལས་ཁེ་པ་སོགས་ལས་རིགས་མི་འདྲ་བ་ན་འཕྲིན་ལས་རྒྱས་པའི་མི་སྣ་མང་པོ་ཞིག་གིས་དགེ་ལས་བསྒྲུབས་ཏེ་འཁོས་ཞན་ལ་རོགས་སྐྱོར་དང་འབྱུང་བའི་བར་ཆད་སེལ་རོགས་ལ་ནུས་པ་འདོན་གྱིན་ཡོད་ལ། ཡང་མི་དཀྱུས་མ་མང་པོ་ཞིག་གིས་ཀྱང་རྒྱས་སྤྲོས་ལ་མི་ཆགས་ཤིང་གྲགས་འབྱོར་མི་སེམས་པར་རང་གི་ལྕོགས་ཚོད་ཀྱིས་ཉེ་འཁོར་གྱི་ཉམ་ཐག་ལ་གྲགས་མེད་འགུལ་མེད་ངང་རྒྱུ་དངོས་ཀྱིས་རོགས་རམ་བྱེད་པའང་མང་། ཡང་ལ་ལས་རང་གི་འཇོན་ནུས་ལ་བརྟེན་ནས་ཡུལ་མི་ལ་ལྷག་བསམ་ཟོལ་མེད་ཀྱིས་ཞབས་འདེགས་ཞུ་ཞིང་གཏོང་ཕོད་ཀྱི་ཕྱག་ཟུང་རྐྱོང་ལ་བྲེལ། ཁོ་ཚོའི་ཐུགས་ཁུར་རོགས་སྐྱོར་གྱིས་མེད་མུག་དང་ན་ཚ་ཡོད་པའི་ཁྱིམ་ཚང་དག་ལ་དྲོད་འཁོལ་དང་དགོད་སྒྲ་བསྐྱིལ་ཡོད།

གཞན་དོན་ལ་སྐྱོ་ངལ་མེད་པའི་མི་དེ་དག་གི་གྲས་ན། རྩེ་གཞུང་རྩྭ་ཐང་ནས་སྐྱེས་ཤིང་མི་ཚེ་གང་བོ་གཞི་རིམ་གྱི་འཕྲོད་བསྟེན་ལས་དོན་ལ་ཕུལ་བའི་སྨན་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱང་ཡོད། ད་ལོ་ལོ་ན73ལ་སོན་པའི་སྨན་པ་བསྐལ་བཟང་རྒྱ་མཚོ་ནི1946ལོར་རྩེ་ཁོག་རྫོང་ཉིན་ཤུག་ཞང་གསེར་ལུང་སྡེ་བར་སྐྱེས་ཤིང་། ཆུང་དུས་རབ་ཏུ་བྱུང་སྟེ་ཐ་སྙད་རིག་གནས་ལ་སྦྱོང་བ་བྱས་པ་དང་། རིག་གསར་གྱི་དུས་ཟིང་སྐབས། ཟི་ལིང་བྱིས་པའི་སྨན་ཁང་གི་སྨན་པ་ཉམས་མྱོང་ཅན་ཚའེ་དབྱི་སིན་ཟེར་བ་ཉིན་ཤུག་ཞང་དུ་ངལ་རྩོལ་བསྒྱུར་བཀོད་ལ་འོངས་པ་དེའི་མདུན་ནས་ནུབ་ལུགས་གསོ་རིག་ལ་བག་ཆགས་བཞག་ཅིང་། ཁྱད་པར་དུ་བྱིས་པའི་རྒྱུན་མཐོང་པགས་ནད་བཅོས་ཐབས་ཀྱི་མན་ངག་མཁྱུད་སྤྱད་མེད་པར་ཐོབ། བར་སྐབས་དེར་རུ་ཁག་གི་རྩིས་གཉེར་ཡང་བྱས། རིག་གསར་མཇུག་རྫོགས་ཏེ་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོའི་སྐལ་བ་ཤར་བ་ནས། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་དང་ཨ་ལགས་འཇམ་དབྱངས། ལྷ་སའི་བསོད་ནམས་རིན་ཆེན། དྲུང་ཡིག་རྒྱ་མཚོ་སོགས་གསོ་རིག་མཁས་པ་དགུ་དགེ་རྒན་དུ་བསྟེན་ཏེ་གསོ་རིག་རྒྱུད་བཞིའི་མན་ངག་ལྷན་ཐབས་དང་བཅས་པའི་ཁྲིད་ལུང་མང་དུ་ཐོབ་ཅིང་དེའི་ནང་དུ་གདམས་པ་ཆིག་བརྒྱུད་ཀྱང་ཡོད།

1984ལོར་རྐང་རྗེན་སྨན་པའི་དཔང་ཡིག་བླངས་པ་དང་ལོ་དེར་ཏང་ལ་ཞུགས། ཁོས་ནམ་རྒྱུན་དུ་སྨན་ལ་བརྟེན་ནས་རྒྱུ་ནོར་ལོངས་སྤྱོད་སྤེལ་ཏེ་རང་ཉིད་ཁོ་ན་སྐྱིད་པ་ལས་སེམས་ཅན་མང་པོ་ནད་ཀྱི་སྡུག་བསྔལ་ལས་གྲོལ་ཏེ་བདེ་སྐྱིད་དང་ལྡན་ན་ཅི་མ་རུང་སྙམ་ཞིང་། མི་ཚེ་གང་བོར་སེམས་ཅན་ནད་པ་མང་པོ་ནད་ཀྱི་སྡུག་བསྔལ་ལས་འགྲོལ་ཐབས་ལ་འབད་པས་བསྟེན། ཁོང་གིས་བསྡེབས་པའི་སྨན་ལུམས་བདུད་རྩི་དཔག་ཆེན་དང་། ཁྲག་ཤེད་གཞོམ་པའི་སྨན། གཉན་ཚད་ཀྱི་སྨན། དུག་སྲིན་སྣ་ཚོགས་ལས་བྱུང་བའི་ནད་ཀྱི་སྨན། སྐྲན་ནད་གཞོམ་པའི་སྨན་སོགས་རྐང་ལག་ཞ་བ་དང་། སྒལ་འབུར་དང་རུས་ཚིགས་ན་བ། ཡན་ལག་གི་ཤ་རྒོད་འཁུམས་པ། ཟ་འཕྲུག་ལངས་པ་དང་ཁ་ངོ་གཅུས་པ། རྨ་ངན་གྱི་ཆུ་སེར་སོགས་ལ་བཏང་ན་དྲག་སྐྱེད་མྱུར་བར་བཤད་ལ། སྨན་ཁང་ཆེ་ས་དག་ནས་འགྲོ་གྲོན་མང་དུ་བཏང་ཡང་དྲག་སྐྱེད་མ་བྱུང་བར་ཅི་བྱ་གཏོལ་མེད་དུ་གྱུར་དུས་སྨན་པ་སྐལ་བཟང་རྒྱ་མཚོའི་སྨན་དང་བཅོས་ཐབས་ཀྱིས་སངས་དྲག་ཏུ་སོང་བའི་ནད་པ་ནི་མགོ་ལོག་རྨ་སྟོད་དང་། མཚོ་ལྷོའི་གསེར་ཆེན་དང་མང་རྫོང་སོགས་ནའང་མང་དུ་ཡོད་པར་བཤད། སྔོན་ཆད་འབྲོག་ཁུལ་དུ་ཐོན་སྐྱེད་འཚོ་བ་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་གྱི་དབང་གིས། ཁད་ཐག་རིང་བའི་རུ་ནང་ལ་སྨན་པ་ཕར་ནད་པའི་ནད་བབ་ལ་བརྟག་ཏུ་འགྲོ་བའི་སྐབས་མང་བས། ཐེངས་ཤིག་ནད་པ་ཞིག་ལ་གློ་གཅོང་ཟ་བྱེད་ཀྱི་ནད་བྱུང་བ་ཁྱིམ་མིས་ཅི་ཡིན་མ་ཤེས་པར་ཁོ་འབོད་དུ་སོང་ཞིང་། ལམ་བར་དུ་འཕྲུལ་རྟ་འགྱེལ་ཏེ་སྨན་པ་སྐལ་བཟང་རྒྱ་མཚོའི་རྐང་བ་བཅག དེའི་རྐྱེན་གྱིས་ད་ལྟ་ན་སོ་རྒས་པ་དང་བསྟུན་ནས་རྐང་བར་ན་ཟུག་ལྡང་ན་ཡང་ཁོ་ལ་འཁང་ར་དང་ཞེ་འགྱོད་ཅི་ཡང་མི་འདུག

ཁོས་ནད་པ་དབུལ་ཕོངས་དང་དཀའ་ཁག་ཅན་རྣམས་ལ་སྨན་རིན་རྩ་བ་ནས་མི་ལེན་པའམ་སྨན་རིན་ཕྱེད་ཀ་ཙམ་ལས་མི་ལེན་ལ། ད་ལྟའི་བར་དུ་སྒོར་ཁྲི5ལྷག་གི་སྨན་སྦྱིན་བཏང་། ཁོས་བཤད་རྒྱུར། “སྨན་པ་ཞིག་ཡིན་ན། སྔོན་བྱོན་དམ་པ་རྣམས་མིག་དཔེར་བཟུང་སྟེ། སྨན་པའི་རྒྱུ་དྲུག་ཚང་བའི་སྒོ་ནས་ནད་པ་ལ་བྱམས་སྐྱོང་དང་མི་དམངས་ལ་ཞབས་འདེགས་ཞུ་བ་ལས། རང་དོན་གཙོར་བཟུང་སྟེ་རྒྱུ་གསོག་ཧམ་སེམས་ཅན་ཞིག་གཏན་ནས་བྱ་མི་རུང་། སྨན་པས་སྨན་རྫས་ནི་ཚོང་རྫས་སུ་བརྩི་མི་རུང་ཞིང་། ཐོག་མར་སྨན་ཉུང་ཙམ་བྱིན་ནས་ཕན་ཐོགས་མིན་ལ་དཔྱོད་རྒྱུ་གལ་ཆེ་སྟེ། ནད་པར་སྨན་མང་དུ་བྱིན་ཡང་ཕན་མ་ཐོགས་ན་ནད་པའི་འགྲོ་སོང་ཇེ་ལྕི་དང་རང་གི་སྨན་ཆུད་ཟོས་སུ་བཏང་བ་ཡིན་པས། དེང་གི་སྨན་པ་རྣམས་ཀྱིས་འདི་ལ་གཟབ་གཟབ་གནང་དགོས”ཟེར།

གསོ་བཅོས་ཀྱི་ལག་ལེན་ཁྲོད་དུ། ཁོས་ད་དུང་ནད་ཐམས་ཅད་ལ་རིགས་བཀར་ནས་གསོ་བཅོས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འདོད་ཅིང་། དཔེར་ན་སྙིང་མི་བདེ་བ་ལ་སྙིང་སྨན་ཅི་ཡོད་བྱིན་ཚེ་ཕན་པ་ལས་གནོད་པ་ཆེ་བས། གསོ་རིག་གི་གཞུང་དང་དགེ་རྒན་གྱི་མན་ངག་བཞིན་སྨན་བཏང་བར་བརྟེན། ནད་པ་རྣམས་ལ་མིག་མཐོང་ལག་ཟིན་གྱིས་ཕན་ཐོགས་པ་རེད།  ཁོས་ད་དུང་། རང་རེ་རོང་འབྲོག་གང་ཡིན་ཡང་འཕྲོད་བསྟེན་གཙང་སྦྲ་གཙོར་བཟུང་གི་རྨང་གཞིའི་སྟེང་། དུས་ལྟར་འགོག་སྨན་བརྒྱབ་ན་ལེགས་ཚུལ་དང་། སྦྲུམ་མ་ལ་མཚོན་ན། བུ་བཙས་མ་མྱོང་ཞིང་ལུས་པོ་ཚོ་ན་ལས་ཀ་ཡང་མོ་རེ་ལས་ན་བྱིས་པ་སྐྱེ་བ་ལ་ཕན་པ་དང་། ལུས་ཕུང་སྐྲང་བ་དང་ཁྲག་ཤེད་མཐོ་བ།   གཅིན་ཉུང་བ། མགོ་ཡུ་འཁོར་བ་སོགས་སྦྲུམ་གཟེར་གྱི་རྟགས་ཡོད་ན་སྣང་ཆུང་བྱ་མི་རུང་ཚུལ་རྒྱུན་དུ་རོང་འབྲོག་མང་ཚོགས་ལ་བསྒྲགས་དང་སྒྲོག་བཞིན་པས། རོང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་གྱི་འདུ་ཤེས་དང་། ནད་རིགས་སྔོན་འགོག་གི་འདུ་ཤེས་ཇེ་ལེགས་སུ་འགྲོ་བ་ལ་ཕན་ནུས་ཆེས་ཆེར་ཐོན།

ཁོའི་བུ་གུ་རུ་རྣམ་རྒྱལ་ནི་སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད་ཀྱང་། སློབ་ཆུང་མཐར་ཕྱིན་པ་ནས་ད་ལྟའི་བར་ཕའི་གམ་དུ་འབྲལ་མེད་ངང་བསྡད་དེ་བོད་ཀྱི་གསོ་རིག་གི་སྐོར་ལ་སློབ་སྦྱོང་དང་། གསོ་བཅོས་ཀྱི་མན་ངག་གང་ཡོད་བླངས་པས་ཉམས་མྱོང་འཛོམས་པའི་སྨན་པ་ཞིག་ཏུ་གྱུར་ཡོད། གུ་རུ་རྣམ་རྒྱལ་གྱིས་བཤད་རྒྱུར“ཨ་ཕས་ཁེ་གྲགས་ལ་ཅི་མི་སྙམ་ཞིང་ནད་པ་ནད་ཀྱི་སྡུག་བསྔལ་ལས་འགྲོལ་ཐབས་ལ་རང་ནུས་གང་ཡོད་འདོན་པ་དང་། རྒྱུན་ཆད་མེད་པར་ཉམས་མྱོང་བསྡུ་ལེན་བྱེད་པའི་སྙིང་སྟོབས་དེ་རྒྱུན་འཛིན་བྱེད་འོས” ཟེར།

འདས་པའི་དུས་སུ། ཁོ་རང་རྩེ་ཁོག་རྫོང་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་ཁུལ་བོད་སྨན་སློབ་གྲྭའི་དགེ་རྒན་དུ་གདན་འདྲེན་ཡང་ཡང་ཞུས་ཀྱང་། རྩྭ་ཐང་གི་མི་དམངས་ཀྱི་ཕན་པ་དང་བདེ་བ་བསམས་ཏེ་ཁས་མ་བླངས། རྩེ་གཞུང་རྩྭ་ཐང་དུ་གཞི་རིམ་གྱི་འཕྲོད་བསྟེན་བྱ་གཞག་ལ་མི་ལོ་སུམ་ཅུ་ལྷག་གི་རིང་འཐམས་པའི་ལོ་ཟླའི་ནང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་སྔོན་ཐོན་རྐང་རྗེན་སྨན་པ་སོགས་ཀྱི་གཟེངས་རྟགས་བཅུ་གྲངས་ཐོབ་ཡོད་པ་དང་། ཁོའི་མཛད་རྗེས་དེ《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་སུ་ཐེངས་རེ་འགར་བཀོད་མྱོང་། ལྷག་པར་དུ་མིག་གི་དབང་བོ་ཅིག་ཅར་དུ་འཕྲོག་ཅིང་དགའ་གུས་ཀྱི་སེམས་དབང་མེད་དུ་འཕེལ་བར་བྱེད་པ་ནི་ཁོའི་གཞིས་ཁྱིམ་དུ་ལྷང་ངེར་མངོན་པའི་བྱིས་པའི་སྙིང་ནད་དང་མཆིན་ནད། མཁྲིས་རྡོ་སོགས་ནད་རིགས་སྣ་ཚོགས་དྲག་སྐྱེད་བྱུང་བའི་ནད་པ་དང་ཁྱིམ་བདག་རྣམས་ཀྱི་བཀའ་དྲིན་ཞུ་ཡིག་ཚར་དུ་དངར་བ་དག་རེད། བཀའ་དྲིན་ཞུ་ཡིག་དེ་དག་གིས་འཚོ་བྱེད་ཅིག་གི་གསོ་བཅོས་ཀྱི་ལག་རྩལ་མངོན་པར་མཚོན་པ་ཕུད། དེ་དག་གི་ཚིག་རིས་ལས་སྨན་པ་སྐལ་བཟང་རྒྱ་མཚོའི་ཁེངས་སྐྱུངས་བག་ཡོད་དང་ལེགས་ཐོག་ལེགས་འཚོལ། གཞན་ཕན་ལྷག་བསམ་བཅས་གཡུ་ཐོག་རྗེས་འཇུག་པ་རྣམས་ཀྱི་མིག་དཔེར་འོས་པའི་སྤྱོད་བཟང་ཡང་དཀྱུས་གཅིག་ཏུ་མངོན་ཡོད།

                                                                                      རྩོམ་སྒྲིག་པ། གཡང་འབུམ་རྒྱལ།