བུན་ཁྲང་ཐར་ནི་ཆེས་བྲེལ་བ་ཆེ་བའི་མི་ཞིག་ཡིན་པ་དང་། ཁོ་ལ་ཐེངས་འགར་འབྲེལ་འདྲིས་བྱས་རྗེས་ད་གཟོད་བཅར་འདྲི་བྱེད་ཐུབ་པ་བྱུང་།
ཆི་ལིན་རྫོང་མཁར་དུ་ཐོན་རྗེས་མདའ་བཞི་སྡེ་བར་བྱེ་ཟེགས་ཀྱི་ལམ་ཞིག་ལས་ཡོད་པ་དང་། དེའི་སྟེང་དུ་རླངས་འཁོར་གཅིག་མ་གཏོགས་བགྲོད་མི་ཐུབ་ལ། རིའི་སྟེང་གི་རྡོ་རྣམས་ལོ་ཟླའི་ཆར་རླུང་གིས་གཙེས་པའི་རྐྱེན་གྱིས་དུས་ངེས་མེད་དུ་མར་འགྲིལ་ཡོང་བས། རླངས་འཁོར་གཅིག་མ་གཏོགས་བགྲོད་མི་ཐུབ་པར་གྱུར་བ་དང་། དགུན་ཁར་ཆབ་རོམ་ཆགས་པའི་སྐབས་སུའང་མདའ་བཞི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཟང་བོར་འཛུགས་ཆེད། བུན་ཁྲང་ཐར་ལམ་འདིའི་སྟེང་ཐེངས་ཅི་ཙམ་ཞིག་ལ་བགྲོད་མྱོང་བ་སུས་ཀྱང་བརྗོད་དཀའ།
ཟླ་བདུན་པའི་འབྲོང་ལུང་རྩྭ་ཐང་ནི་ཡངས་ཤིང་རྒྱ་ཆེ་བ་དང་། ནམ་མཁའ་དྭངས་ཤིང་སྤྲིན་དཀར་ལེབ་མོ་ཙམ་ཡང་མཐོང་རྒྱུ་མི་འདུག གཡུ་ཡི་མེ་ལོང་འདྲ་བའི་རྩྭ་ཐང་སྟེང་། ནོར་ལུག་རྣམས་གང་དགར་བག་ཡངས་ཀྱིས་རྒྱུ་བཞིན་པ་མཐོང་ཐུབ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་འབྲོང་ལུང་ཡུལ་ཚོ་མདའ་བཞི་སྡེ་བའི་ཆ་སྙོམས་མཚོ་འཕང་ལ་མུས་སྟོང་གསུམ་དང་བདུན་བརྒྱ་ཡོད་པ་དང་། ས་ཐག་ཤིན་ཏུ་རིང་བས་འགྲིམ་འགྲུལ་སྟབས་མི་བདེ་ཞིང་། འབྲོག་ལས་རྐྱང་བ་གཉེར་བའི་སྡེ་བ་ཞིག་ཡིན། འདི་ལྟ་བུའི་སྡེ་བ་ཞིག་ཡིན་པའི་རྐྱེན་གྱིས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་པ་དང་། ན་ནིང་ཐོན་སྐྱེད་ཀྱི་ཁེ་སྤོགས་སྒོར་མོ་ས་ཡ་གཅིག་དང་ཁྲི་དྲུག་ལྷག་ལ་སླེབས་པ་དང་། མཉམ་ལས་ཁང་གི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཉིས་དང་སྟོང་གསུམ་ལ་སླེབས་པ་རེད། འབྲོག་པ་ཚོས་བཤད་རྒྱུར། ང་ཚོས་འཚོ་བ་སྐྱིད་པོ་རོལ་ཐུབ་པ་བྱུང་བ་དེ་ནི་མཉམ་ལས་ཁང་གི་ད་ལྟའི་ལས་འཛིན་འགོ་གཙོ་གཞོན་པ་དང་། སྐབས་སྔོན་མའི་ཐོན་སྐྱེད་ལས་འཛིན་པ་བུན་ཁྲང་ཐར་དང་ཁ་འབྲལ་ཐབས་མེད་ཟེར།
བུན་ཁྲང་ཐར་ནི་རྩྭ་ཐང་ནས་སྐྱེས་པའི་བོད་རིགས་ཕོ་རྒོད་ཅིག་ཡིན་པ་དང་། སྡེ་བའི་ནང་སྔ་མོར་ཕྱུག་པོ་ཆགས་པའི་མི་ཞིག་ཡིན་ལ། ཁོའི་ཕུགས་འདུན་ནི་རྩྭ་ཐང་ཡིན་པ་རེད།
ལོ་ཉེར་ལྔའི་སྟེང་། ཁོས་ནོར་ལུག་ཕྱིར་འཚོང་བྱེད་པའི་ཚོང་བརྒྱབ། མདའ་བཞི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་གཞོན་པ་བུན་ཁྲང་ཐར་གྱིས་བཤད་རྒྱུར། སྐབས་དེར། ང་མ་གཏོགས་མི་གཞན་པས་ནོར་ལུག་ཕྱིར་འཚོང་གི་ཚོང་རྒྱག་བཞིན་མེད་པའི་རྐྱེན་གྱིས་སྐབས་དེའི་ལོ་གཅིག་གི་ནང་ལ་སྒོར་མོ་ཁྲི་ཉི་ཤུ་ནས་སུམ་ཅུའི་ཡོང་སྒོ་བཙལ་ཐུབ། ངའི་འཚོ་བའི་འབྱོར་བ་ཇེ་བཟང་དུ་སོང་ཡང་། ཕ་ཡུལ་མང་ཚོགས་སྔར་བཞིན་དབུལ་ཕོངས་ཡིན་པས། ངས་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོ་ཡང་ཕྱུག་པོར་གཏོང་འདོད་ཟེར།
ནོར་ལུག་འགའ་གསོ་བ་དང་། དབྱར་རྩྭ་དགུན་འབུ་བརྐོ་བར་བརྟེན་ནས་ཁྱིམ་ཚང་གི་ཁ་གསོ་བཞིན་ཡོད་པ་དང་། འདི་ལྟ་བུའི་འཚོ་བའི་མཐའ་ནི་དུས་ནམ་ཞིག་ཡིན་ནམ། ལོ་འགའི་སྔོན་ལ། ཕྱུགས་ལས་ལ་བརྟེན་ནས་འཚོ་བ་རོལ་བའི་བུན་ཁྲང་ཐར་གྱིས་ཡངས་ཤིང་རྒྱ་ཆེ་བའི་ཆི་ལེན་རྩྭ་ཐང་དུ་བག་ཕེབས་ངང་འཚོ་བ་རོལ་བཞིན་ཡོད་ལ། ཁོས་རྒྱང་རིང་ན་ཁ་འཐོར་ངང་གཟན་ལ་བཀྲམ་བཞིན་པའི་ནོར་ལུག་ལ་ལྟ་བཞིན་སེམས་པ་ལྗིད་ཏིག་ཏིག་གི་སྒོ་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཇི་ལྟར་ཕུད་དགོས་པར་བསམ་གཞིགས་བཏང་མྱོང་།
“མཉམ་ལས་ཁང་། ལས་སྐྲུན། ”ཡང་དང་བསྐྱར་དུ་བསམ་གཞིགས་དང་སློབ་སྦྱོང་བྱེད་པའི་ཁྲོད་དུ། བུན་ཁྲང་ཐར་ལ་དྲན་ཚུལ་ཞིག་བྱུང་། ཁོ་དང་གྲོགས་པོ་བཟང་པོ་འགས་སྔོན་ལ་ཁྱིམ་ཚང་མཉམ་འབྲེལ་གྱིས་ཕྱུགས་ལས་གསོ་སྤེལ་བྱེད་ས་ཞིག་བཙུགས་པ་དང་། ལོ་གཉིས་ཀྱི་རིང་ལ་ལས་གཉེར་བྱས་པ་བརྒྱུད་ཡོང་སྒོ་ལྡབ་འགྱུར་གྱིས་འཕར་སྣོན་བྱུང་།
ཆེས་ཐོག་མར་ལས་སྐྲུན་ལེགས་འགྲུབ་བྱུང་བའི་དགའ་སྤྲོ་ཉམས་སུ་མྱོང་ཐུབ་པ་བྱུང་བས། བུན་ཁྲང་ཐར་ལ་སྔར་ལས་ཡིད་ཆེས་ཡོད་པར་གྱུར། འབྲོག་པ་མང་ཚོགས་མང་པོ་ཡང་འཚང་ཁ་ཤིག་ཤིག་གིས་མཉམ་ལས་ཁང་དུ་ཞུགས། 2010ལོར། བུན་ཁྲང་ཐར་གྱིས་མདའ་བཞི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཛུགས་རྒྱུའི་བསམ་ཚུལ་བཏོན་པ་མ་ཟད། སྦ་གསང་ཅི་ཡང་མེད་པའི་སྒོ་ནས་རང་ཉིད་ཀྱི་ཚོང་རྫས་ཉོ་མཁན་དང་། ཉམས་མྱོང་སོགས་ཐོན་ཁུངས་རྣམས་མཉམ་ལས་ཁང་དུ་སྤྲད། ཁོའི་སྣེ་ཁྲིད་དང་། ལས་གཉེར་བྱས་པར་བརྟེན། མཉམ་ལས་ཁང་དེ་རྩ་འཛུགས་ཅན་དང་། ཚད་ལྡན་ཅན། ལེགས་བསྡུས་ཞིབ་གཉེར་ཅན་དུ་གཏོང་བའི་ཚད་གཞི་མུ་མཐུད་དུ་ཇེ་མཐོར་བཏང་བ་དང་། ཁོངས་མིའི་ནང་སྐྱེ་སྒུལ་ཤུགས་ལ་བཅིངས་འགྲོལ་ཐོབ་པ་དང་། འཛུགས་སྐྲུན་དང་འཕེལ་རྒྱས་སོ་སོའི་ཐད་དགའ་འོས་པའི་གྲུབ་འབྲས་བླངས། དེ་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་། འཚོ་བའི་ཆུ་ཚད་ཇེ་མཐོར་སོང་ལ། རྩྭ་ཐང་གི་མི་རྣམས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་སོང་།
བསོད་ནམས་རྡོ་རྗེ་ནི་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པ་མ་ཟད། རྐང་བ་ཐེངས་བོ་ཡིན་པ་དང་། འཚོ་བར་དཀའ་ཁག་ལྡན་པ་རེད། 2015ལོར་མཉམ་ལས་ཁང་དུ་ཞུགས་རྗེས། ཁོའི་འཚོ་བ་རིམ་བཞིན་ཇེ་བཟང་དུ་སོང་བ་དང་། 2016ལོར་ཁེ་སྤོགས་སྒོར་མོ་ཁྲི་གཅིག་དང་སྟོང་གསུམ་བགོས་པ་དང་། 2017ལོར་ཁེ་སྤོགས་སྒོར་མོ་ཁྲི་གཅིག་དང་སྟོང་ལྔ་བགོས་ལ། 2021ལོར་ཁེ་སྤོགས་སྒོར་མོ་ཁྲི་གཉིས་དང་སྟོང་གསུམ་བགོས་པ་རེད། བསོད་ནམས་རྡོ་རྗེ་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། བུན་ཁྲང་ཐར་གྱིས་རོགས་རམ་ལ་བརྟེན་ནས་ང་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་སོང་བ་དང་། ཁོ་དང་མཉམ་དུ་ལས་ཀ་གཉེར་ན་འགྲིག་ཡོད་པ་རེད་ཟེར།
བུན་ཁྲང་ཐར་གྱིས་བཤད་རྒྱུར། ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་བསྟན་པའི་ཁྱོན་ཡོངས་ནས་ཞིང་སྡེ་དར་སྤེལ་གཏོང་བར་ཡར་སྐུལ་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དེས་ང་ཚོ་རྩྭ་ཐང་གི་མི་རྣམས་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་དང་རེ་བ་བསྩལ་ཟེར།
2017ལོ་ནི་བུན་ཁྲང་ཐར་ལ་མཚོན་ནས་བཤད་ན་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ལོ་དེར་ཁོ་རང་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཞིང་ལས་པུའུ་ཡིས་རྒྱལ་ཡོངས་ཀྱི་ཞིང་ལས་ངལ་རྩོལ་དཔེ་ལེགས་པར་བདམས།
2021ལོའི་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། བུན་ཁྲང་ཐར་ལ་ཡང་བསྐྱར་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཟི་བརྗིད་མཚན་སྙན་གནང་།
བུན་ཁྲང་ཐར་གྱིས་བཤད་རྒྱུར། ངས་རང་ཉིད་ཞིང་བ་ཞིག་གི་སྒྲུབ་འོས་པའི་དོན་དག་ཆུང་ཆུང་ཞིག་སྒྲུབ་པ་ཡིན་ལ། མ་བསམ་ས་ནས་གཟི་བརྗིད་མཚན་སྙན་འདི་འདྲའི་མང་པོ་ཞིག་ཐོབ་སོང་། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ངས་རང་ཉིད་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། མགོ་བརྩམས་ནས་བྱ་བ་སྔར་བཞིན་བཟང་པོར་སྒྲུབ་པ་དང་། ཁོངས་མི་དང་སྡེ་མིར་བདེ་སྐྱིད་བསྐྲུན་ཆེད་དང་། སྲིད་གཞུང་ལ་དཀའ་ངལ་ཐེག་རོགས་བྱེད་ཆེད། འབྲོང་ལུང་ཡུལ་ཚོའི་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
2010ལོའི་ཟླ11པར། མདའ་བཞི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཁོངས་མིས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ལས་གཉེར་ལ་ངོས་འཛིན་བྱས་པ་མི་འདང་བ་དང་། མཉམ་ལས་ཁང་གི་ཐོན་སྐྱེད་རྒྱུ་ཆ་མ་རྐང་དུ་འཇོག་པ་སོགས་ཀྱི་གནད་འགག་རང་བཞིན་གྱི་སྐབས་སུ་སེམས་ལ་དོགས་པ་མང་བས། མཉམ་ལས་ཁང་གི་འཕེལ་རྒྱས་དེ་མདུན་སྐྱོད་བྱེད་དཀའ་བར་གྱུར།
2015ལོའི་ཟླ8པར། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ལས་གཞི་ལ་གཞི་བཅོལ་ཏེ། བུན་ཁྲང་ཐར་གྱིས་འབད་བརྩོན་བྱས་འོག མདའ་བཞི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་མ་རྐང་ལམ་ལུགས་ཀྱི་བཅོས་སྒྱུར་བྱས་པ་དང་། ལོ་དེའི་ཟླ12པར། མ་རྐང་ལམ་ལུགས་བཅོས་སྒྱུར་བྱས་རྗེས་ཡང་བསྐྱར་བདེ་བླག་གི་སྒོ་ནས་མགོ་བརྩམས། མཉམ་ལས་ཁང་གི་ཁོངས་མིར་ཁྱིམ་ཚང་སོ་གསུམ་གྱི་མི་བརྒྱ་དང་སོ་གཅིག་ཡོད་པ་དང་། རྩྭ་ས་སྤྱི་ཆིང་སྟོང་དྲུག་དང་སུམ་བརྒྱ་ལེགས་སྒྲིག་བྱས་པ་དང་། ཕྱུགས་ཟོག་སྟོང་ལྔ་དང་ལྔ་བརྒྱ་བཅུ་གཉིས་ལེགས་སྒྲིག་བྱས་ཤིང་། མ་རྐང་དུ་ཞུགས་པའི་སྤྱིའི་མ་དངུལ་སྒོར་མོ་ས་ཡ་དགུ་དང་འབུམ་ལྔ་ལྷག་ལ་སླེབས།
ལོ་འགའི་རིང་གི་ཚད་ལྡན་གྱི་འཕེལ་རྒྱས་བརྒྱུད། མིག་མཐོང་ལག་ཟིན་དུ་གྱུར་བ་ནི་ཕན་འབྲས་ཡིན་པས། ཚད་ཆེས་ཆེ་བའི་སྒོ་ནས་འབྲོག་པ་མང་ཚོགས་མཉམ་ལས་ཁང་དུ་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས། མིག་སྔར། མཉམ་ལས་ཁང་གི་ཁོངས་མིས་མ་རྐང་དུ་ལམ་ལུགས་བཅོས་སྒྱུར་གྱི་དུས་མགོའི་ཁྱིམ་ཚང་སོ་གསུམ་ནས་ཁྱིམ་ཚང་ང་གསུམ་ལ་འཕར་བ་དང་། དེས་དབུལ་ཕོངས་ཁྱིམ་ཚང་ལྔ་ཡི་མི་ཉེར་གཅིག་ལ་སྐུལ་སློང་བྱས་ཤིང་། སྡོམ་པས་རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་སྟོང་བདུན་དང་ཉིས་བརྒྱ་ཞེ་དྲུག་ལྷག་ལེགས་སྒྲིག་བྱས་པ་དང་། ཕྱུགས་ཟོག་སྟོང་དྲུག་དང་ལྔ་བརྒྱ་ཞེ་གཅིག་ལེགས་སྒྲིག་བྱས་ལ། མ་རྐང་དུ་ཞུགས་པའི་སྤྱིའི་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གཅིག་ཁྲི་གསུམ་ལྷག་ལ་སླེབས།
ལས་གཞིའི་ཐད་ལ་རྒྱུགས་པ་དང་། མ་དངུལ་བརྩོན་ལེན་བྱེད་པ། བུན་ཁྲང་ཐར་ཕལ་ཆེར་དུས་རྒྱུན་ཡུལ་ཚོ་དང་། རྫོང་ཐོག་ཏུ་རྒྱུགས་དགོས། ལོ་དྲུག་གི་རིང་ལ་ཁོ་རླངས་འཁོར་སྤྱི་ལེ་འབུམ་གཅིག་དང་ཁྲི་བརྒྱད་ཀྱི་ལམ་ལ་རྒྱུགས། 2016ལོར། བུན་ཁྲང་ཐར་གྱི་འབད་བརྩོན་འོག ཆི་ལེན་རྫོང་ཞིང་ལས་དངུལ་ཁང་གི་སྒོར་མོ་ས་ཡ་གསུམ་དང་འབུམ་བརྒྱད་དབུལ་སྐྱོར་མ་དངུལ་ལྟར་ལག་ཏུ་ཐོན་པ་དང་། ཁོས་སྒོར་མོ་དེ་དག་བཀོལ་ནས་སྐྱེ་ལྡན་ནོར་ལུག་གསོ་སྤེལ་བྱེད་སྤྱད་ཀྱི་གཟན་ཆས་དང་རྒྱུད་བཟང་ཕྱུགས་རིགས་བརྗེ་རེས་བྱེད་པ། ཕྱུགས་ཟོག་གི་གཟན་ཆས་ཁ་གསབ་བྱེད་པའི་ཐད་བཏང་སྟེ། མཉམ་ལས་ཁང་གི་དཔལ་འབྱོར་འཕར་གནས་གསར་བ་གསོ་སྐྱོང་བྱེད་པའི་རྨང་གཞི་སྲ་བརྟན་དུ་བཏང་།
སྡེ་བའི་མང་ཚོགས་ཀྱི་འཚོ་བ་བཟང་མིན་དེ་ནི་བུན་ཁྲང་ཐར་གྱི་ཆེས་སེམས་ཁུར་བྱེད་པའི་གནད་དོན་ཞིག་རེད། མདའ་བཞི་སྡེ་བར་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བཅུ་བཞི་ཡོད་པ་དང་། ཁོས་རང་འགུལ་གྱི་སྒོ་ནས་ཁོ་ཚོའི་དཀའ་ངལ་སེལ་རོགས་བྱས། ལོ་རེའི་ལོ་སར་སྐབས་སུ། སེམས་ནས་ཆེས་བློས་མི་ཐོང་བ་ནི་དབུལ་ཕོངས་མང་ཚོགས་དེ་དག་རེད།
ཉེ་ལམ་དཀའ་ངལ་འདྲ་ཡོད་དམ་ཞེས་ཁྱིམ་ཚང་རེ་རེར་སོང་ནས་དྲིས་པ་དང་འཚམས་འདྲི་བྱས། དབུལ་ཕོངས་མང་ཚོགས་ལ་ཕྱེ་དང་འབྲས་སྒོར་མོ་སོགས་བསྐྱལ་ཏེ། ཁོ་ཚོའི་དཀའ་ངལ་ཐག་གཅོད་བྱེད་པར་རོགས་རམ་བྱས། བུན་ཁྲང་ཐར་གྱིས་ལོ་རེར་དབུལ་ཕོངས་ཁྱིམ་ཚང་བདུན་ཅུ་ལྷག་ལ་འཚམས་འདྲི་བྱས་པ་དང་། འབྲས་དང་། ཕྱེ། སྣུམ། འཚམས་འདྲིའི་སྒོར་མོ། དབུལ་སྐྱོར་སྒོར་མོ་སོགས་སྒོར་མོ་ཁྲི་གཉིས་ལ་སླེབས།
དབུལ་ཕོངས་མང་ཚོགས་རང་འགུལ་གྱིས་དབུལ་ཐར་བྱེད་ཆེད། བུན་ཁྲང་ཐར་གྱིས་བསམ་བློའི་སྟེང་སྐུལ་སློང་བྱས་ནས་དབུལ་ཕོངས་ཁྱིམ་ཚང་རྣམས་མཉམ་ལས་ཁང་དུ་ཞུགས་པར་ཡར་སྐུལ་བྱས། ཁོའི་དཔེ་སྟོན་སྣེ་ཁྲིད་ཀྱི་འོག་ཏུ། སྡེ་བ་ཡོངས་ཀྱི་ཏང་ཡོན་དང་། མང་ཚོགས་ཀྱིས་ཕན་ཚུན་རོགས་སྐྱོར་དང་། ཁྱིམ་ཚང་འཆམ་མཐུན། ཁྱིམ་མཚེས་འགྲིག་མཐུན་སོགས་ཀྱི་སྡེ་སྲོལ་དམངས་སྲོལ་བཟང་པོ་རིམ་བཞིན་གྲུབ་པ་དང་། སྡེ་མིའི་འཚོ་བ་ཡང་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ཏེ། བདེ་སྐྱིད་ཀྱི་ཚད་ཇེ་མཐོ་ནས་ཇེ་མཐོར་སོང་།
མཉམ་ལས་ཁང་དུ་རྒྱུད་བཟང་ཕྱུགས་རིགས་གསོ་སྤེལ་བྱེད་པ་དང་། ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་པ། ཡུལ་སྐོར་ཞབས་ཞུ་སོགས་ཀྱི་ཐོན་ལས་རྣམ་པ་ཞིག་ཐོག་མར་གྲུབ་ཡོད། བུན་ཁྲང་ཐར་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད་རྒྱུར། བདེ་སྐྱིད་ཀྱི་འཚོ་བ་གནམ་ནས་ལྷུང་མི་སྲིད་པ་དང་། མདུན་ལྗོངས་བཟང་པོ་འབད་བརྩོན་བརྟེན་ནས་བྱུང་བ་ཡིན། རྗེས་ཕྱོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་ང་ཚོས་མུ་མཐུད་དུ་སེམས་ཤུགས་ཆེན་པོས་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།