【དགུན་དུས་གཞི་རིམ་དུ་བསྐྱོད་པ】ཤུལ་བཞག་རིག་དངོས་སྲུང་སྐྱོབ་མཁན་ཞིག་གི་གཏམ་རྒྱུད།
2024.01.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

ཤུལ་བཞག་རིག་དངོས་ཉར་ཚགས་དང་སྲུང་སྐྱོབ་བྱེད་མཁན་སྟག་འབུམ་ཚེ་རིང་གི་མི་ཚེ།

ཐུན་ཏེ་རྫོང་ན་རྒྱུན་དུ་ལུས་ཕུང་རྫ་ཆས་བཟོ་བྱེད་ཀྱི་ས་དམར་གྱིས་ཡོངས་སུ་སྦགས་ཤིང་། ཁོམ་གསེང་གི་དུས་ཚོད་རེ་ཡོད་ཚེ། ས་ཆ་ལ་ལུང་ཀུན་ཏུ་ཉུལ་ནས་རིག་དངོས་ཤུལ་བཞག་འཚོལ་བཞིན་པའི་མི་ཕོ་སྐམ་ལ་རིང་བ་ཞིག་ཡོད། ཁོའི་མིང་ལ་སྟག་འབུམ་ཚེ་རིང་ཟེར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་དངོས་སྲུང་སྐྱོབ་དང་ཉར་ཚགས་ཕྱོགས་ལ་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་གནང་མྱོང་ལ། དུས་དེ་ནས་བཟུང་སྟག་འབུམ་ཚེ་རིང་གིས་རང་གི་ལོ་ན་གཞོན་དུས་ནས་ལང་ཚོའི་སྟོབས་ཤུགས་ཡོད་ཚད་མཛེས་སྡུག་གི་ཕུགས་བསམ་ཞིག་གི་སྟེང་བཅོལ་ཞིང་། ཕུགས་བསམ་དེའི་ཆེད་དུ་མི་ཤུགས་དང་རྒྱུ་ཤུགས་ཡོད་ཚད་བཀོལ་བ་ལ་བདེན་ཁ་སྦྱིན་སོང་པའི་དགའ་སྣང་གིས་ཁེངས་ཤིང་། ཁོས་མི་ཚེ་ཕྱེད་ལ་འཚོལ་བསྡུ་བྱས་པའི་ཤུལ་བཞག་རིག་དངོས་དག་ཕྱོགས་གཅིག་ཏུ་བསྡུས་ཏེ། རྫོང་རུའི་རྫ་ཆས་སྲོལ་རྒྱུན་རིག་གནས་ཚད་ཡོད་འགན་ལེན་ཀུང་ཟི་ཕྱེས་ཏེ་འགྲེམ་སྟོན་བྱེད་མགོ་ཚུགས་བྱུང་།

སྟག་འབུམ་ཚེ་རིང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་འབའ་ལུང་ཡུལ་ཚོ་རུ་སྐྱེས་ཤིང་། ཆུང་དུས་ནས་རྫོང་རུའི་རིག་གནས་ཀྱི་བག་ཆགས་སྟུག་པོ་ཡོད་ལ། རྫོང་རུའི་ཤུལ་བཞག་རྫ་ཆས་དག་ལ་སྤྲོ་བ་ཆེན་པོ་ཡོད་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་རྫ་ཆས་རིག་གནས་ལ་རྒྱུས་ལོན་དང་ཞིབ་འཇུག འཚོལ་སྡུད་སོགས་བྱེད་པའི་འདུན་པ་ཇེ་དྲག་ཏུ་གྱུར་ནས། རྫ་ཆས་གཙོ་བྱས་ཏེ། གནའ་བོའི་ཤུལ་བཞག་རིག་དངོས་མང་པོ་ཕྱོགས་སོ་སོ་རུ་འཚོལ་བསྡུ་བྱས་ཤིང་། དེའི་ཆེད་དུ་རང་གི་ཁྱིམ་ཚང་གི་འགྲོ་གྲོན་ཡང་འབོར་ཆེན་ཞིག་བཏང་མྱོང་། ད་ལྟ་ཁོའི་འགྲེམ་སྟོན་ཁང་གི་ནང་དུ་ཤུལ་བཞག་རིག་དངོས་རིགས་སྣ་དྲུག་བརྒྱ་ལྷག་བཤམས་འདུག་ལ། དེའི་ཁྲོད་དུ་རྫ་ཆས་རྙིང་བ་དང་སྐར་རྡོ། སྲོག་ཆགས་ཀྱི་ཀེང་རུས། དམག་ཆས། ཁྱིམ་སྤྱོད་ཀྱི་སྣོད་ཅ་ལག  གསར་བརྗེའི་སྐབས་ཀྱི་དམག་མིའི་ཡོ་ཆས་དང་གཙོ་འཛིན་རྣམས་ཀྱི་སྐུ་པར་སོགས་སྣ་ཚོགས་འདུག  ཁོས་བཤད་རྒྱུར།

དེ་སྔོན་ངེད་བཟའ་ཟླ་གཉིས་ཀྱིས་བཟོ་ཁང་ཞིག་ཕྱེས་པ་ཡིན། དབྱར་ཁར་བོད་ལྭ་བཟོས་པ་དང་། དབྱར་ཁར་ལྭ་བ་བཙོང་མ་ཐུབ་པ་ཁྱིམ་དུ་བཞག་ཡོད། ཆུང་མ་ཡར་མར་ལ་སོང་ཤུལ་ངས་བོད་ལྭ་གནའ་རྫས་ལ་བརྗེ་བ་ཡིན། གནའ་རྫས་ལ་བརྗེ་རྗེས་ཆུང་མར་བཤད་རོགས་མ་ཆོད་པར་སྦས་ནས་བཞག་པ་དང་། ཚོང་བརྒྱབ་ནས་སྒོར་འགའ་ཡོད་ཚེ་ཡང་གནའ་རྫས་ལ་བརྗེ་བ་ཡིན། དབྱར་ཧྲིལ་བོར་ལས་ཀ་ལས་ནས་ཡོང་སྒོ་བཙལ་བ་རྣམས་བཀོལ་ནས་གནའ་རྫས་མང་པོར་བརྗེ་བ་ཡིན།  ད་ལྟ་རིག་དངོས་དྲུག་བརྒྱ་ལྷག་ཉར་ཚགས་བྱས་ཡོད།

ཁོ་རང་མཐོ་འབྲིང་མཐར་ཕྱིན་རྗེས། གཅིག་སྟོང་དགུ་བརྒྱ་གོ་བདུན་ལོ་ནས་ཉིས་སྟོང་གསུམ་ལོའི་བར་དུ། ཧྲན་ཞིས་ལ་རྫ་ཆས་བཟོ་རྩལ་སློབ་སྦྱོང་བྱེད་དུ་ཆས་ཤིང་། དེ་ནས་རིམ་གྱིས་བོད་ཀྱི་རྫ་ཆས་རིག་གནས་དེ་ལ་ཚོང་ལས་ཀྱི་རིན་ཐང་གལ་ཆེན་ཡོད་པ་ཤེས་རྟོགས་བྱུང་ནས། ཕྱིར་རང་གི་ཕ་ཡུལ་དུ་ལོག་ནས། དེང་རབས་རྫ་ཆས་བཟོ་རྩལ་གྱི་སྟེང་ལ་རྫོང་རུའི་རྫ་ཆས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་ཕྱུག་པའི་སྒོ་ནས། དངོས་ཡོད་འཚོ་བའི་ཁྲོད་སྤྱོད་སྒོ་ཆེ་ལ། སྤུས་ལེགས་མཛེས་སྡུག་གི་བཟོ་རྩལ་ཡོངས་སུ་རྫོགས་པའི་རྫ་ཆས་སྣ་ཚོགས་བཟོ་མགོ་བརྩམས། སྐབས་དེ་ནས་བཟུང་། ཁོའི་ཤུལ་བཞག་རིག་དངོས་དག་འགྲེམ་སྟོན་བྱེད་ཞོར་དུ། རང་གི་འཚོ་བའི་ཡོང་སྒོ་འཚོལ་བའི་ལམ་ཁ་ཞིག་ཀྱང་ཞོར་དུ་རྙེད་སོང་། ཁོས་བཤད་རྒྱུར།

འདི་ལྟ་བུ་ནི་རྫོང་རུའི་རིག་དངོས་ལ་འདྲ་བཟོ་བྱས་པ་ཡིན། འདི་ནི་རྙིང་ལས་བྱས་ཏེ་བཟོས་པའི་ཐོན་རྫས་གསར་པ་ཡིན། འདི་ལྟ་བུ་ནི་གཏེར་རྫ་བྱས་ཏེ་ལས་པ་ཡིན་ལ་མིང་ལ་རྫོང་རུའི་གཏེར་མཛོད་ཟེར། དེ་མིན་རྫོང་རུའི་སྐོར་བྲོ་མ་དཔེ་བྱས་ཏེ་དཀར་ཡོལ་དང་སྡེར་མ་ཆེ་ཆུང་གསུམ་ལས་ཏེ་ཕྱིར་འཚོང་བྱེད་བཞིན་ཡོད།

སྟག་འབུམ་ཚེ་རིང་གིས་ཀུང་ཟི་གསར་འཛུགས་བྱས་རྗེས། རང་གི་སྔར་ཡོད་ཀྱི་རིག་དངོས་ཤུལ་བཞག་དག་གཞིར་བཟུང་ནས། ཞིང་ཆེན་དང་ཁུལ་གྱི་དངོས་མང་བཤམས་སྟོན་ཁང་གི་ནང་དུ་སོང་སྟེ། རྫོང་རུའི་ཤུལ་བཞག་རིག་དངོས་ཀྱི་རྫ་ཆས་ཀྱི་དབྱིབས་དང་དཔེ་རིས་འཚོལ་བསྡུ་བྱས་པ་དང་། ལོ་ངོ་བཞི་སྟོང་ཡར་སྔོན་གྱི་མཛེས་སྡུག་ཡིད་དུ་འོང་བའི་རྫ་ཆས་དེ་དག་འདྲ་བཟོ་བྱས་ནས། ཁྱིམ་ཚང་ཁྲི་སྟོང་གི་སྒོ་མདུན་དུ་བསྐྱལ་ཐུབ་ན་བསམ་པའི་ཀུན་སློང་དེའི་དབང་གིས། ཁོས་ཉིན་ལ་མཚན་མཐུད་ནས་རྫ་ཆས་ཐོན་སྐྱེད་བྱེད་མགོ་བརྩམས་ལ། ཁོའི་ཐོག་མའི་འདྲ་བཟོ་བྱས་པའི་རྫ་ཆས་སྟོང་ལྷག་ཡོད་པ་དེ་ཉིན་བཅུའི་རིང་ལ་ཡོངས་སུ་བཙོང་ཚར་པ་ན། རང་གི་དགའ་ཕྱོགས་དེའི་སྟེང་ནས་འཚོ་བའི་ལམ་ཁ་རྒྱ་ཆེ་བ་ཞིག་རྙེད་པའི་ཆོད་སེམས་ཇེ་བརྟན་དུ་སོང་། སྐབས་དེར་ཐུན་ཏེ་རྫོང་བཟོ་ཚོང་ཅུའུ་ཡིས་ཁོར་རྒྱབ་སྐྱོར་དང་སེམས་ཤུགས་བླ་མེད་བསྩལ་མྱོང་། སྲིད་ཇུས་ཀྱི་རྒྱབ་རྟེན་དང་མཛུབ་སྟོན་ཡོད་པ་དེ་ཡིས་ཁོའི་ཡིད་ཆེས་ཇེ་བརྟན་དུ་སོང་ནས། ད་ལྟ་ལོ་རེར་ཡོང་འབབ་ཀྱང་སྒོར་འབུམ་བཞི་ཡས་མས་འཚོལ་ཐུབ་ཀྱིན་ཡོད། སྔོན་ཆད་ཀྱི་རྫོང་བཟོ་ཚོང་ཅུའུ་ཡི་འགོ་གཙོ་གདུགས་དཀར་སྐྱབས་ནི་ད་ལྟ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ནང་དུ་བྱ་བ་སྒྲུབ་བཞིན་འདུག ང་ཚོས་ཁོར་བཅར་འདྲི་བྱས་པ་ན། ཁོས་བཤད་རྒྱུར།

སྟག་འབུམ་ཚེ་རིང་ལ་མཚོན་ན། ལོ་ངོ་མང་པོའི་རིང་རིག་དངོས་ཉར་ཚགས་བྱས་ཏེ་དེའི་ཐད་བྱས་རྗེས་ཆེན་པོ་ཡོད། ཉེ་ལམ། ཀྲུང་གོའི་རིག་དངོས་ཉར་ཚགས་ཐད་ནས་ཀྱང་སྔོན་ཐོན་མི་སྣའི་གྲས་སུ་ཚུད་ཡོད། ཐུན་ཏེ་རྫོང་ལ་མཚོན་ལ་རྫོང་རུ་རིག་གནས་འཛུགས་སྐྲུན་གྱི་ཐད་ཤུགས་རྒྱག་བཞིན་ཡོད་ལ། སྟག་འབུམ་ཚེ་རིང་གིས་ཀྱང་དེའི་ཐད་གྲུབ་འབྲས་མི་དམན་པ་བཞག་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་གཙིགས་སུ་བཟུང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཉམས་པ་མེད་པའི་སྙིང་སྟོབས་ཀྱི་རྩ་བར་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས་པ་བཞིན། སྟག་འབུམ་ཚེ་རིང་གིས་རིག་དངོས་ཤུལ་བཞག་ལ་མཐོང་ཆེན་དང་གོང་བཀུར་བྱས་ཤིང་། ནུས་ཤུགས་ཡོད་རྒུ་བཏོན་ནས་ཉར་ཚགས་དང་འཚོལ་བསྡུ་བྱས་ཏེ། མི་ལོ་ཉི་ཤུ་ལྷག་གི་རིང་ལ་འབད་པ་ལྷུར་ལེན་བྱས་མཐར། ད་ལྟ་རྒྱལ་ཡོངས་ཀྱི་རིག་དངོས་ཤུལ་བཞག་ཉར་ཚགས་བྱས་པའི་ངལ་རྩོལ་དཔེ་ལེགས་ཅན་དུ་བདམས་ཐོན་བྱུང་འདུག་པ་མ་ཟད། ཀྲུང་གོའི་རིག་དངོས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་གཟེངས་བསྟོད་ཀྱི་བྱ་དགའ་ཐོབ་འདུག

ཉེ་བའི་ལོ་འདི་དག་ལ། ཐུན་ཏེ་རྫོང་གིས་རྫོང་རུའི་རིག་གནས་འཛུགས་སྐྲུན་བྱེད་མགོ་ཚུགས་ཤིང་། དེ་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ནས། ས་གནས་མི་དམངས་ཀྱི་དཔལ་འབྱོར་ཡོང་འབབ་ཀྱང་ལོ་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད། སྟག་འབུམ་ཚེ་རིང་གིས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་འདི་ལྟར་ཇེ་བཟང་དུ་འགྲོ་བའི་སྣང་ཚུལ་ལ་བལྟས་ན། མི་འགྱངས་བར་ཁོས་ཀྱང་རང་གི་ཐོག་མའི་ན་སོ་གཞོན་དུས་ཀྱི་ཕུགས་བསམ་ཡོངས་སུ་མངོན་འགྱུར་བྱུང་སྟེ། རིག་དངོས་ཤུལ་བཞག་འགྲེམ་སྟོན་བྱེད་སའི་དངོས་མང་བཤམས་སྟོན་ཁང་ཞིག་འཛུགས་སྐྲུན་བྱ་ཐུབ་རྒྱུ་རེད་ཅེས་བཤད་བྱུང་ལ། ཁོའི་ཕུགས་རྒྱང་རིང་བའི་རྒྱུན་ཆགས་ཀྱི་བརྩོན་པ་དང་། བརྟན་ཆགས་ཅན་གྱི་རིག་གནས་རང་རྟོན་དེར་བལྟས་ན། གསར་འགོད་པ་ཡང་ཁོའི་རྨི་ལམ་དེ་མངོན་འགྱུར་བྱ་རྒྱུར་རྒྱང་ཐག་མི་རིང་ཨང་སྙམ་པའི་ཚོར་བ་ཞིག་ངང་གིས་བྱིན་སོང་།

རྫོང་རུའི་རྫ་ཆས་འདྲ་བཟོ་བྱས་པའི་ཐོན་རྫས།

ཉར་ཚགས་བྱས་པའི་ཤུལ་བཞག་རིག་དངོས།

ཉར་ཚགས་བྱས་པའི་དཀར་ཡོལ་སྣ་ཚོགས།


གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།