【དགུན་དུས་གཞི་རིམ་དུ་བསྐྱོད་པ】མི་ཚེ་གཞི་རིམ་སྨན་བཅོས་ལ་བསྟིམས་པའི་ཞིན་ཧེ་རྫོང་མི་དམངས་སྨན་ཁང་གི་སྨན་པ་མགོན་པོ་རྡོ་རྗེ་ཡི་གནས་ཚུལ།
2024.01.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དགུན་དུས་གཞི་རིམ་དུ་སྐྱོད་པའི་བཅར་འདྲི་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དུ་སླེབས་པ་ན། རྫོང་དྲིལ་སྒྲོག་པུའུ་ཡིས་ང་ཚོར་མགོན་པོ་རྡོ་རྗེ་ཞེས་པའི་གཞི་རིམ་གྱི་སྨན་པ་ཞིག་ངོ་སྤྲོད་བྱས་བྱུང་།དེ་རིང་ང་ཚོས་ཁྱེད་ཅག་ལ་སྨན་པ་མགོན་པོ་རྡོ་རྗེ་ཡི་མི་ཚེའི་གཏམ་རྒྱུད་བཤད།

བྱིས་པའི་དུས་སུ། ཁྱིམ་ཚང་གི་ཆ་རྐྱེན་ཞན་ལ་སློབ་གསོའི་གོ་སྐབས་ཤིན་ཏུ་ཉག་ཕྲ་ནའང་། སྟབས་ལེགས་པ་ཞིག་ལ་མགོན་པོ་རྡོ་རྗེ་ལོ་ན་བཅུ་གཉིས་ཀྱི་སྟེང་ནས་སློབ་གྲྭར་འགྲིམས་པའི་སྐལ་བ་ལྡན་བྱུང་། ཁོས་སློབ་སྦྱོང་ལ་དཀའ་བ་བརྒྱ་ཕྲག་དུ་མ་སྤྱད་ནས་སློབ་ཆུང་ནས་སློབ་འབྲིང་། དེ་ནས་སློབ་ཆེན་སོགས་ཀྱི་སྒོ་ཐེམ་བརྒྱུད་ཚར་རྗེས། ཕྱིར་རང་གི་ཕ་ཡུལ་དུ་ལོག་ནས། ས་གནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུན་པ་དང་ཀུན་སློང་ཤུགས་དྲགས་སྐྱེས་ཏེ། ཕྱིར་སྡེ་བའི་ནང་སོང་ནས་ཉམ་ཐག་ནད་པ་མང་པོ་གསོ་བཅོས་བྱེད་པའི་ལས་ཀྱི་བགྱི་བ་ལྷུར་བླངས། སྐབས་དེར་ཁོ་རང་ལོ་ན་ཉི་ཤུ་རེད། ཁོས་མི་ལོ་ཉི་ཤུའི་ལང་ཚོའི་སྟོབས་ཤུགས་ཡོད་ཚད་དཔལ་ཁ་ས་ཆའི་མི་དམངས་ཀྱི་བདེ་ཐང་གི་ཆེད་དུ་ཕུལ་བའི་དམ་བཅའ་སྙིང་ལ་བརྟན་པོར་ཉར་ཞིང་། ཉི་མ་རེ་རེར་ནད་པ་དག་གི་གསོ་བཅོས་ཀྱི་ཆེད་དུ་ཤུ་རེ་བྱས་ནས། ཉམ་ཐག་ནད་པ་མང་པོ་ནད་ལས་ཐར་དུ་བཅུག་པ་མ་ཟད། དུས་རྒྱུན་འབྲོག་པ་དག་གི་འཚོ་བའི་དཀའ་ངལ་ལ་འདང་བརྒྱབ་ནས། སྨན་སྟེར་དུས་ཀྱང་ནུས་ཚོད་ཀྱིས་ནད་ལ་རན་ཞིང་སྨན་ལྷག་མེད་པ་དང་། རིན་གོང་ཡང་འོས་འཚམ་ཅན་གྱི་སྨན་དག་སྟེར་བཞིན་ཡོད་ལ། ནད་པ་རྣམས་ཀྱིས་ཀྱང་རྒྱུན་དུ་སྨན་པ་མགོན་པོ་རྡོ་རྗེ་ཡི་གམ་དུ་སྨན་པར་སྟོན་དུ་སོང་ན་ནད་དྲག་སྐྱེད་འབྱུང་སླ་ཚུལ་དང་། སྨན་ཡོན་བདེ་ཚུལ་གྱི་གནས་ཚུལ་ཕན་ཚུན་ཁ་བརྡ་བྱས་ནས། ས་གནས་དེའི་མི་དམངས་ཀྱི་སེམས་སུ་ཁོ་ནི་མི་དམངས་ལ་ཤ་ཚ་བའི་སྨན་པ་བཟང་བོ་ཞིག་རེད། དེའི་སྐོར་ནས་དཔལ་ཁ་འཕྲོད་བསྟེན་ལྟེ་གནས་ཀྱི་སྔོན་ཆད་ཀྱི་ཁོའི་ལས་གྲོགས་མཱ་དབྱི་ཧྭ་ཡིས་བཤད་རྒྱུར།

སྨན་པ་མགོན་པོ་རྡོ་རྗེ་དང་ངེད་གཉིས་ཀྱིས་ལོ་བརྒྱད་ལ་མཉམ་དུ་བྱ་བ་བསྒྲུབས་པ་དང་། ལོ་བརྒྱད་ཀྱི་རིང་ལ་ཁོའི་སྣེ་ཁྲིད་འོག་ང་ཚོའི་བྱ་བ་དང་ཡོང་སྒོ་སོགས་ཕྱོགས་གང་ཐད་ནས་ཇེ་བཟང་ནས་ཇེ་བཟང་ཡིན་ལ། དུས་རྒྱུན་འཚོ་བའི་ཁྲོད་དུ་ནད་པ་ལ་བྱམས་སྐྱོང་དང་ཐུགས་ཁུར་བྱེད་པ་དང་། ལས་བཟོ་པ་རྣམས་ལ་ཡང་སེམས་ཁུར་ཆེན་པོ་བྱེད་པས། སྨན་ཁང་གི་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

མགོན་པོ་རྡོ་རྗེ་ནི་ཡན་ལག་བརྒྱད་པའི་བརྗོད་བྱ་ལག་ལེན་བྱེད་དུས་བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཉེན་པོ་ཡིན་ལ། སྨན་བཅོས་དོ་དམ་བྱ་བ་སྒྲུབ་དུས་ཐབས་ཤེས་ཟུང་གི་དབང་སྡུད་ཅན་གྱི་འགོ་ཁྲིད་ཅིག་ཡིན། ཁོས་ལོ་ན་ཆུང་དུས་སུ། གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ནང་དུ་སྨན་བཅོས་ཀྱི་ལས་འགན་བཞེས་ཞོར་དུ། མ་སྐུལ་དང་བླངས་ཀྱིས་སྡེ་བ་སོ་སོའི་ཁྲོད་སོང་ནས། ནད་པ་ལྗི་མོ་དག་ལ་སྨན་བཅོས་དང་ནད་བརྟག་དྲིས་ཏེ། མི་རེ་རེའི་ནད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། དེ་དག་རེ་རེར་ཐོ་འགོད་བྱས་ཏེ། རང་གི་མི་ཚེའི་ཚེ་ནོམ་དུ་བསམ་ནས། ནད་གཞི་གཅིག་ལའང་རྟེན་མི་འདྲ་བའི་དབང་གིས་སྨན་བསྟེན་ཚུལ་དང་ནད་གསོ་བཅོས་བྱེད་ཚུལ་ཡང་མི་གཅིག་པའི་ཉམས་མྱོང་གང་མང་བསགས་པའི་དབང་གིས། ད་ཆ་ཞིན་ཧེ་རྫོང་གི་གསར་སྐྱེས་སྨན་པ་དག་ལ་ནད་ཐོག་ལག་ལེན་གྱི་ཉམས་མྱོང་ཡང་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱེད་ཐུབ་ཀྱིན་ཡོད། རྫོང་མི་དམངས་སྨན་ཁང་གི་སྨན་པ་དགེ་འདུལ་བཟང་མོས་བཤད་རྒྱུར། 

སྨན་པ་མགོན་པོ་རྡོ་རྗེ་སྨན་ཁང་འདིའི་ནང་དུ་ཡོང་ནས་ལོ་གསུམ་འགོར་ཡོད་པ་དང་། དེ་སྔོན་དཔལ་ཁ་རུ་བྱ་བ་བསྒྲུབས་པ་དང་སྨན་བཅོས་ཀྱི་ཕྱོགས་ལ་ཉམས་མྱོང་ཆེན་པོ་ཡོད། ང་ཚོའི་ཚན་ཁག་འདིར་མཚོན་ན་ཡང་ཁོས་སྨན་བཅོས་བྱ་བ་སོགས་ཀྱི་ཐད་རོགས་སྐྱོར་ཆེན་པོ་ཐོན་གྱིན་ཡོད།

ལོ་ན་སོ་བདུན་གྱི་སྟེང་ནས། ཞིན་ཧེ་རྫོང་གི་ན་གཞོན་གསོ་རིག་ཆེད་ལས་པ་སྐོར་ཞིག་གིས་མ་འོངས་པར་ཞིན་ཧེ་ས་ཆ་རུ་བོད་སྨན་ཁང་ཞིག་འཛུགས་ཐུབ་པའི་རེ་བ་བཅངས་ནས། ཁོ་ཚོས་རང་རང་ས་རུ་བོད་སྨན་གྱི་སྒོ་བསྟེན་ཁང་རེ་བྱས་ནས་མང་ཚོགས་ལ་ནད་བཅོས་ཀྱི་ཞབས་ཞུ་བསྒྲུབས། དེ་ནི་ད་ལྟའི་ཕྱི་བལྟས་མིག་ལ་བརྗིད་ཅིང་ནང་བལྟས་སྒྲིག་ཆས་འཛོམས་པའི་གཞི་རྒྱ་ཅན་གྱི་ཞིན་ཧེ་རྫོང་བོད་སྨན་ཁང་འདི་འཛུགས་པའི་ཐོག་མའི་རྨང་གཞི་རེད་ཅེས་བཤད་ནའང་མི་ཆོག་རྒྱུ་མེད། སྐབས་དེར་མགོན་པོ་རྡོ་རྗེ་ཡིས་ཀྱང་སྒོ་བསྟེན་ཁང་གཅིག་ལ་དོ་དམ་བྱེད་མགོ་བརྩམས་ཤིང་། དུས་དེ་ནས་བཟུང་ཁོ་སྨན་བཅོས་དོ་དམ་གྱི་ཕྱོགས་ནས་ཀྱང་རང་གི་འཇོན་ནུས་རྩལ་དུ་སྤྲུགས་པའི་སྐལ་བ་ལྡན་སོང་པ་རེད། ཁོས་གསར་འགོད་པར་བཤད་རྒྱུར། ང་ལ་ཏང་དང་རྒྱལ་ཁབ་ཀྱིས་གསོ་རིག་བྱ་གཞག་འཕེལ་རྒྱས་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་གོ་སྐབས་འདི་འདྲ་ཞིག་བསྩལ་ན། ངས་རང་གི་ནུས་ཤུགས་ཡོད་རྒུས་དམངས་ལ་དོན་དངོས་ཤིག་སྒྲུབ་དགོས་རྒྱུ་རེད་བསམ་ནས། རང་གི་ནུས་ཚོད་ཀྱིས་སྒོ་བསྟེན་ཁང་དེའི་ནང་མི་དམངས་ལ་ནད་བཅོས་བྱས་པ་ཡིན་ལ། ནད་བཅོས་བྱས་ཐེངས་རེར། ཉིན་འགའི་རྗེས་ནས་ནད་པ་དག་ཡང་བསྐོར་བསྐྱར་བསྐོར་གྱིས་ངའི་གམ་དུ་ནད་སྟོན་དུ་ཡོང་བ་མཐོང་ན། རང་གི་སེམས་ནས་ཀྱང་ངས་ནད་པ་དག་ལ་གོ་ཆོད་སོང་སྙམ་ནས་དགའ་མགུ་ཚད་མེད་སྐྱེས་མྱོང་ཟེར། ད་ལྟ་ཁོ་ཞིན་ཧེ་རྫོང་མི་དམངས་སྨན་ཁང་ནང་དུ་ལས་སྤོར་བྱས་ནས། གསོ་རིག་སྤྱི་གཟུགས་བྱ་བའི་ལས་འགན་འཁུར་ཡོད་ལ། ཞོར་དུ་སྨན་ཁང་གི་ཡོན་ཀྲང་གཞོན་པའི་འགན་ཡང་འཁུར་ཡོད་མོད། ཁོས་སྨན་ཁང་གི་དོ་དམ་ཁོ་ན་ཙམ་སྒྲུབ་པ་མ་ཡིན་པར། ཡུལ་ཚོ་སོ་སོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་ལ་མཛུབ་སྟོན་བྱེད་ཀྱིན་ཡོད་པ་མ་ཟད། རྫོང་མི་དམངས་སྨན་ཁང་གི་ནད་པ་དག་ལའང་དུས་རྒྱུན་སེམས་ཁུར་བྱས་ཏེ། ནད་པ་ལྕི་མོ་དག་ལ་ནད་བཅོས་མཛུབ་སྟོན་དང་རོགས་རམ་གང་མང་བྱེད་ཀྱིན་མཆིས། ཞིན་ཧེ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་བདེ་མཆོག་རིན་ཆེན་གྱིས་བཤད་རྒྱུར།

ང་ཚོའི་སྨན་ཁང་གིས་གསོ་རིག་སྤྱི་གཟུགས་ཀྱི་ལས་སྒོ་བཙུགས་པ་དང་། གསོ་རིག་སྤྱི་གཟུགས་ཀྱི་ལས་སྒོ་འདི་བཟང་པོར་སྤེལ་ཆེད། སྨན་ཁང་གིས་ཆེད་དུ་སྨན་པ་མགོན་པོ་རྡོ་རྗེ་གདན་ཞུ་བྱས་ཏེ་གསོ་རིག་སྤྱི་གཟུགས་ཀྱི་བྱ་བར་འགན་ཁུར་དུ་བཅུག་ཡོད། ཁོ་རང་སྨན་ཁང་དུ་ལས་གནས་སྤར་ནས་ལོ་གསུམ་འགོར་ཡོད་པ་དང་། ལོ་ངོ་གསུམ་གྱི་རིང་ལ། བྱ་བར་ཧུར་བརྩོན་ཆེན་པོ་བྱེད་པ་དང་། ལས་གྲོགས་རྣམས་ཀྱིས་ཀྱང་ཁོ་ལ་བརྩི་བཀུར་ཆེན་པོ་བྱེད། དེ་སྔོན་ཡུལ་ཚོའི་སྨན་ཁང་དུ་ནད་པར་ནད་བཅོས་ཆེན་པོ་བྱེད་མི་ཐུབ་ལ། ད་ལྟ་ཁོའི་སྣེ་ཁྲིད་འོག ཚང་མས་འབད་བརྩོན་བྱས་ཏེ་ཡུལ་ཚོའི་སྨན་ཁང་དུ་ནད་བཅོས་བྱེད་ཀྱིན་ཡོད་ལ། ཡོང་སྒོ་ཡང་ཧ་ཅང་བཟང་།

མི་ཞིག་ལ་རང་གི་ཕུགས་བསམ་ཞིག་ཡོད་པ་ཙམ་གྱིས་མི་ཆོག་པར། ཕུགས་བསམ་དེ་ལ་འབད་བརྩོན་བྱེད་པའི་སྙིང་རུས་ཤིག་མཁོ། མི་ཞིག་ལ་སྙིང་རུས་ཙམ་ཡོད་པས་མི་ཆོག་པར། སྙིང་རུས་དེ་ཡང་བདེན་དགེ་མཛེས་གསུམ་གྱི་ཕྱོགས་སུ་གཏོགས་པའི་ལྷག་བསམ་ཞིག་དགོས། སྨན་པ་མགོན་པོ་རྡོ་རྗེ་ཡིས་དུས་རྒྱུན་སྨན་བཅོས་བྱེད་དུས་སུ། ནད་པ་ནི་རང་གི་ལུས་སེམས་ཡོད་རྒུ་བློས་གཏོང་བྱས་ཏེ་བསྐྱབ་དགོས་པའི་ཀུན་སློང་གཙང་མ་ཞིག་ཡོད་ལ། ཁོས་ཀུན་སློང་དེའི་དབང་གིས་ཡིན་ནམ་ཅི་ཆ་སྟེ། འབྲས་སྐྲན་ནད་ཀྱིས་བཟུང་བའི་ནད་པ་རེ་འགའ་ཡང་སྐྱོབ་ཐབས་བྲལ་ནས་ཚེ་སྲོག་གི་རྒྱུ་བ་འགག་ལ་ཉེ་ཞིང་འཚོ་བ་ལ་རེ་ཐག་ཆད་ཡོད་དུས། སྨན་པ་མགོན་པོ་རྡོ་རྗེ་ཡིས་སྨན་གྱི་སྡེབས་ཁ་ལྟར་ནད་བཅོས་བྱས་ཏེ་དྲེག་སྐྱེད་བྱུང་མྱོང་། དེ་མིན་ཁོས་སྨན་བཅོས་ཀྱི་ཞོར་དུ་ནད་པ་དབུལ་བོ་མང་པོར་སྨན་སྦྱིན་བཏང་པ་དུས་ད་ལྟའི་བར་བསྡོམས་ན་ཧ་ལམ་སྒོར་འབུམ་གཉིས་ལ་འབུད་གྲབས་འདུག ཁོས་བཤད་རྒྱུར། 


ཞིན་ཧེ་རྫོང་དཔལ་ཁ་གྲོང་རྡལ་སྨན་ཁང་དུ་སྨན་པ་དང་སྨན་ཁང་གི་འགོ་གཙོའི་འགན་ཁུར་ནས་ལོ་བཅོ་བརྒྱད་འགོར་ཡོད། སྐབས་དེར་མང་ཚོགས་སེམས་སུ་བཅངས་ནས་དུས་རྒྱུན་དུ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་ནད་པ་གང་མང་ལ་སྨན་བཅོས་བྱས་པ་ཡིན། ད་ལྟ་འགོ་བ་ཞིག་ཡིན་པའི་ངོས་ནས་རང་ནུས་ཅི་ལྕོགས་ཀྱིས་སྨན་ཁང་གི་ལས་བཟོ་པ་རྡོག་རྩ་གཅིག་སྒྲིལ་བྱེད་དུ་བཅུག་པ་ཡིན། དེ་ལྟར་བྱས་ཚེ་སྨན་ཁང་འཕེལ་རྒྱས་སུ་འགྲོ་ཐུབ་པ་དང་། སྨན་ཁང་འཕེལ་རྒྱས་ཕྱིན་ཚེ་མང་ཚོགས་ཀྱིས་ནད་བརྟག་སྨན་བཅོས་བྱེད་པར་ཡང་ཕན་པ་ཆེན་པོ་ཡོད།

གསར་འགོད་པས་ཁོར་བཅར་འདྲི་བྱེད་པའི་གོ་རིམ་ཁྲོད་དུ། ཁོའི་རྒྱུད་ན་དཀའ་སྤྱད་སྡུག་རུས་ཀྱི་བརྩོན་པ་ཙམ་ཡོད་པས་མི་ཚད་པར། གཞན་ཕན་ལྷག་བསམ་གྱི་སྙིང་རྗེ་ཡིས་རབ་ཏུ་ཁེངས་འདུག ཁོས་རྣམ་ཀུན་རང་ཉིད་ལ་བོད་ལུགས་གསོ་རིག་གཞུང་ལུགས་ཁྲོད་ཀྱི་སྨན་པའི་རྒྱུ་དྲུག་གི་རེ་བ་ཡོད་ཚད་ལག་ལེན་བྱེད་ཐུབ་པར་འབད་པས་འབུངས་ཀྱིན་འདུག ཁོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ཁྲོད་དུ། བོད་ལུགས་གསོ་རིག་གིས་བྱས་རྗེས་འཇོག་དགོས་ན། ཅིས་ཀྱང་མི་དམངས་ལ་གོ་ཆོད་ཅིང་རྒྱལ་ཁབ་ལ་སྙིང་ཉེ་བའི་དུས་རབས་གསར་བའི་སྨན་བཅོས་ཀྱི་གདོང་མཆོངས་པ་རེ་རེ་ངེས་པར་དུ་བྱེད་དགོས་ཟེར། སྨན་ཁང་གི་སྒོ་མདུན་དུ་སྐར་ལྔའི་དར་དམར་དགུན་གྱི་བུ་ཡུག་གིས་ལྷབ་ལྷུབ་གཡོ་བཞིན་འདུག་ལ། དེ་ནི་སྨན་པ་མགོན་པོ་རྡོ་རྗེ་ཡི་སྐད་ཆ་དེ་ལ་བདེན་ཁ་སྟེར་བ་དང་ཅི་འདྲའི་མཚུངས་ཨང་།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།