ཉེ་སྔོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གཡུག་གཞུང་ཡུལ་ཚོ་གཡང་བཟང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་རྡོ་རྗེ་དབང་གྲགས་དང་སྡེ་སྡོད་རུ་མི་རྣམས་ཀྱིས་སྡེ་མི་ཚོར་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱེད་ཀྱིན་ཡོད་ཅིང་། ཁོས་ཕྱོགས་གཅིག་ནས་དངོས་ཡོད་གནས་ཚུལ་དཔེར་བཞག་སྟེ་གསལ་བཤད་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཁ་པར་ངོས་ཀྱི་སྲིད་ཇུས་དཔེ་རིས་བརྒྱུད་དེ། དཀའ་ཁག་ཅན་གྱི་མང་ཚོགས་ལ་འབྲེལ་བའི་གཞི་རྩའི་འཚོ་བའི་འགན་སྲུང་དང་། གནས་སྐབས་རོགས་སྐྱོབ། རྒན་གསོའི་ཞབས་ཞུ། དབང་པོ་སྐྱོན་ཅན་ལ་ཐུགས་ཁུར་དང་། བྱིས་པར་སེམས་ཁུར་བྱེད་པ་སོགས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་དམངས་ཕན་སྲིད་ཇུས་ངོ་སྤྲོད་གསལ་བོ་བྱས།
རྡོ་རྗེ་དབང་གྲགས་ཀྱིས་བཤད་རྒྱུར། ལོ་བདུན་ཅུ་ནས་བརྒྱད་ཅུ་ཅན་གྱི་རྒན་པ་རྣམས་ཀྱིས་ཟླ་རེར་རྒན་པའི་ཁ་གསབ་རོགས་དངུལ་སྒོར་བརྒྱ་དང་བཅུ་ལེན་ཆོག རིམ་པ་དང་པོ་དང་གཉིས་པའི་རྨས་སྐྱོན་ཕོག་པའི་སྡེ་མི་ཚོས་ཟླ་རེར་དབང་པོ་སྐྱོན་ཅན་གྱི་ཁ་གསབ་སྒོར་བརྒྱ་ལེན་ཆོག ཞིང་སྡེའི་དམའ་སྲུང་གི་ཚད་གཞི་དེ་ཁྱིམ་ཚང་གི་གནས་ཚུལ་མི་འདྲ་བར་གཞིགས་ནས་རིམ་པ་གསུམ་ལ་དབྱེ་ཡོད་ཟེར།
ཆུ་ཚོད་གཅིག་ལྷག་རིང་གི་སྒྲོག་འགྲེལ་བརྒྱུད་རིམ་ཁྲོད། དུས་ངེས་མེད་དུ་སྡེ་མི་རྣམས་ཀྱི་འབྲུག་སྟོང་ལྡིར་བ་ལྟ་བུའི་ཐལ་མོ་རྡེབ་སྒྲ་གྲགས་ཡོང་། གཡང་བཟང་སྡེ་བའི་སྡེ་མི་ཆོས་དབྱིངས་ཀྱིས་བསྟོད་པའི་མཐེ་བོང་སྒྲེང་བཞིན་བཤད་རྒྱུར། ང་ཚོ་སེམས་འགུལ་ཐེབས་དོན་ནི་ཧྲུའུ་ཅི་རྡོ་རྗེ་དབང་གྲགས་ཀྱིས་སྲིད་ཇུས་སྒྲོག་འགྲེལ་བྱས་པ་ཕུལ་དུ་བྱུང་བར་མ་ཟད་ནན་རྒྱུན་ཁོས་ང་ཚོའི་ཆེད་དུ་དོན་སྙིང་ལྡན་པའི་བྱ་བ་གང་མང་བསྒྲུབས་པས་ཡིན་ཟེར།
སྒྲོག་འགྲེལ་མཇུག་བསྒྲིལ་རྗེས། རྡོ་རྗེ་དབང་གྲགས་ཀྱིས་རང་འགུལ་སྒོས་ཆོས་དབྱིངས་ལ་ཁྱིམ་ཚང་གི་གནས་ཚུལ་དང་བྱིས་པའི་སློབ་སྦྱོང་གནས་ཚུལ། ལས་ཀ་གསར་བར་ཡིད་ཚིམ་མིན་སོགས་དྲིས་པ་དང་། ཆོས་དབྱིངས་སེམས་འགུལ་ཐེབས་ནས་བཤད་རྒྱུར། ཧྲུའུ་ཅི་རྡོ་རྗེ་ལགས། ངོ་མ་ཁྱོད་ལ་བཀའ་དྲིན་ཆེ། ང་ལས་ཀ་གསར་བ་དེར་ཧ་ཅང་ཡིད་ཚིམ་ཡོད། ཁྱིམ་མི་ཚོའང་ཧ་ཅང་དགའ་ཡོད་ཅེས་ལན་བཏབ།
2023ལོའི་ཟླ8པར། རྡོ་རྗེ་དབང་གྲགས་ཆོས་དབྱིངས་ཚང་ལ་སོང་ནས་བཅར་འདྲི་བྱེད་སྐབས། ཆོས་དབྱིངས་བཟའ་ཟླ་གཉིས་ལ་གཏན་འཁེལ་གྱི་ལས་ཀ་མེད་པས་ཞོར་ལས་ཙམ་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་པའི་གནས་ཚུལ་རྟོགས། ཆོས་དབྱིངས་ཚང་གི་གཞི་རྩའི་གནས་ཚུལ་རྒྱུས་ལོན་གང་ལེགས་བྱས་རྗེས། ཁོས་སྔོན་ཆད་ངོ་ཤེས་པའི་གྲོགས་པོ་ཚོ་བཙལ་ཏེ། གཡུག་གཞུང་ཡུལ་ཚོ་དབྱིག་ཆུ་སྡེ་བར་ཆོས་དབྱིངས་ལ་ཕྱུགས་རྫི་བྱེད་པའི་ལས་ཀ་ཞིག་བཙལ། ཆོས་དབྱིངས་ཀྱི་གདོང་ལ་ང་རྒྱལ་གྱིས་ཁེངས་ནས་བཤད་རྒྱུར། ད་སྐབས་ངས་ཟླ་རེར་སྒོར་བཞི་སྟོང་ལྔ་བརྒྱ་ལེན་ཐུབ་པར་མ་ཟད། ཡུལ་ཚོས་སྐྱེ་ཁམས་རྩྭ་འདེབས་ཀྱི་ལས་གཞི་སྤེལ་སྐབས་ཧྲུའུ་ཅི་རྡོ་རྗེ་ཡིས་རང་འགུལ་སྒོས་ང་ཚོ་བཙལ་ནས་ཟབ་ཞུགས་བྱེད་དུ་འཇུག་སྲིད། ན་ནིང་ངེད་ཚང་གི་ལོ་ཧྲིལ་བོའི་ཡོང་འབབ་སྒོར་འབུམ་གཅིག་ལས་བརྒལ་བ་དང་། ད་ལྟའི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་སྐྱིད་རེད་ཟེར།
གཡང་བཟང་སྡེ་བའི་སྡེ་སྡོད་རུ་མི་ཆོས་སྒྲོན་མཚོ་མོས་བཤད་རྒྱུར། ང་རང་གཡང་བཟང་སྡེ་བར་ཡོང་ནས་ལོ་གཅིག་ལྷག་མ་གཏོགས་འགོར་མེད་མོད། ཧྲུའུ་ཅི་རྡོ་རྗེས་ཕུ་བོ་ཞིག་གི་ཚུལ་གྱིས་འཚོ་བ་དང་བྱ་བའི་ཐད་ནས་སེམས་ཁུར་དང་རོགས་རམ་གང་མང་བྱས་མྱོང་། དེས་མི་ཚད་ཁོ་ནི་ཡུལ་ཚོའི་ས་ཁྲ་གསོན་པོ་ལྟ་བུ་ཞིག་ཡིན་ཏེ། གཡུག་གཞུང་ཡུལ་ཚོའི་ཡུལ་ཚོའི་གནས་ཚུལ་དང་ས་ཁམས་གནས་ཡུལ་ལ་རྒྱུས་ལོན་གསལ་བོ་ཡོད་ཟེར།
རྡོ་རྗེ་དབང་གྲགས་ལ་ས་ཁྲ་གསོན་པོ་ཞེས་པའི་མིང་འདི་ཐོགས་དོན་གཙོ་བོ་ཁོང་གི་བྱ་བའི་བརྒྱུད་རིམ་ལ་རག་ལས་ཡོད། རྡོ་རྗེ་དབང་གྲགས2018ལོའི་ཟླ1པར་བྱ་བར་ཞུགས་པ་ནས་བཟུང་སྟེ་གཡུག་གཞུང་ཡུལ་ཚོར་བཅའ་སྡོད་བྱས་པ་དང་། 2019ལོའི་ཟླ11པ་ནས2021ལོའི་ཟླ5པའི་བར་གཡུག་གཞུང་ཡུལ་ཚོའི་མི་དམངས་སྲིད་གཞུང་གིས་གཡང་བཟང་སྡེ་བར་མངགས་ནས་སྡེ་སྡོད་རུ་མིའི་འགན་ཁུར་ཞིང་། 2021ལོའི་ཟླ6པ་ནས2023ལོའི་ཟླ7པའི་བར་དབྱིག་ཆུ་སྡེ་བའི་སྡེ་སྡོད་རུ་མིའི་འགན་ཁུར་བ་དང་། 2023ལོའི་ཟླ8པ་ནས་ད་བར་དུ་གཡང་བཟང་སྡེ་བའི་སྡེ་སྡོད་ཧྲུའུ་ཅིའི་འགན་ཁུར་བ་རེད། ལོ་ངོ་ལྔའི་རིང་གི་སྡེ་སྡོད་ཉམས་མྱོང་གིས་རྡོ་རྗེ་དབང་གྲགས་ནི་སྤྱིར་བཏང་གི་སྡེ་སྡོད་ལས་བྱེད་ཅིག་ནས་མང་ཚོགས་ལ་སེམས་ཁུར་བྱེད་མཁན་དང་དྲོད་ཁོལ་སྦྱིན་མཁན་ཞིག་ཏུ་གྱུར་བ་དང་། དེ་དང་མཉམ་དུ། ལོ་ངོ་ལྔའི་རིང་གི་མི་མང་པོ་ཞིག་དང་བྱ་བ་མང་པོ་ཞིག་གིས་ཁོ་ལ་བག་ཆགས་ཟབ་མོ་བཞག་ཡོད།
2019ལོར་ཐོག་དང་པོར་གཞི་རིམ་ཁྱིམ་ཚང་ལ་བཅར་འདྲི་བྱས་པའི་སྣང་ཚུལ་དེར་ཕྱིར་འདང་བརྒྱབ་ཚེ། རྡོ་རྗེ་དབང་གྲགས་ལ་ཚོར་བ་འདྲ་མིན་སྣ་ཚོགས་སྐྱེ་བཞིན་ཡོད། ཉིན་དེར་ཁངས་ཆེན་པོ་འབབ་ཀྱིན་ཡོད་པས་ནམ་ཟླ་ཧ་ཅང་གྲང་། ཕྱི་དྲོའི་ཆུ་ཚོད་ལྔ་ཡས་མས་སུ་དབྱིག་ཆུ་སྡེ་བའི་བཅར་འདྲིའི་བྱ་བ་མཇུག་སྒྲིལ་བ་དང་། ཕྱིར་ཡུལ་ཚོའི་སྲིད་གཞུང་དུ་ལོག་པའི་ལམ་བར་དུ་རླངས་འཁོར་འདམ་ལ་ཟུག་པ་དང་། སྐབས་དེར་ཁ་པར་ལ་བརྡ་རྟགས་མེད་པར་མ་ཟད་འཕྲལ་བསྟུན་ཡོ་བྱད་ཀྱང་མེད་པས། ང་དང་ལས་གྲོགས་གཉིས་བརྡ་རྟགས་ཡོད་སར་རྐང་ཐང་ལ་སོང་ནས་རོགས་བྱེད་མཁན་བཙལ་བ་ཡིན། རོགས་བྱེད་མཁན་བཙལ་ནས་དཀའ་ཁག་ལས་ཐར་བ་དང་། དེ་ནས་ཕྱིར་ཉལ་ཁང་དུ་ལོག་དུས་ཞོགས་པའི་ཆུ་ཚོད་ལྔ་ཡས་མས་ལོན་འདུག
རྡོ་རྗེ་དབང་གྲགས་ཀྱིས་བཤད་རྒྱུར། ཉིན་དེ་ནས་བཟུང་། ང་རང་ཁྱིམ་ཚང་ལ་བཅར་འདྲིར་འགྲོ་ཐེངས་རེ་རེར་གྲ་སྒྲིག་གང་ལེགས་བྱས་པ་ཡིན། མང་ཚོགས་ལ་ཞབས་འདེགས་ཞུ་བའི་སེམས་འདུན་སྔར་ལས་བརྟན་པོར་གྱུར། ང་ནི་འབྲོག་ཁུལ་ནས་འཚར་ལོངས་བྱུང་བ་ཡིན་པས། ངས་འབྲོག་ཁུལ་མང་ཚོགས་ཀྱི་དགོས་མཁོ་གཙོ་བོ་ཅི་ཞིག་ཡིན་པ་དང་གནད་དོན་གཙོ་བོ་གང་ཞིག་ཐག་གཅོད་བྱེད་དགོས་པ་གསལ་བོར་ཤེས། སྡེ་སྡོད་ནི་ལས་ཀ་ཁོ་ན་མ་ཡིན་པར། ངས་ཕ་ཡུལ་ལ་དྲིན་གཟོ་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་ཟེར།
དེ་ལས་གཞན། བྱ་བ་གཞན་ཞིག་ནམ་རྒྱུན་ཁོའི་ཡིད་ལ་གསལ་བོར་འཁོར་བཞིན་ཡོད། ད་ལོའི་ཟླ4པར། རྨ་ཆེན་རྫོང་གིས་རི་ཆུ་སྟོང་ཕྲག་བརྒལ་ནས་ཁྱིམ་ཚང་ཁྲི་སྟོང་ལ་འཚམས་འདྲི་བྱེད་ཅེས་པའི་ཡོངས་ཁྱབ་བཅར་འདྲིའི་འགུལ་སྐྱོད་སྤེལ་སྐབས། ང་དང་ལས་གྲོགས་ཚོས་གཡང་བཟང་སྡེ་བའི་སྡེ་མི་སྐྱིད་འཛོམས་ཀྱི་བུ་མོ་རིན་ཆེན་སྒྲོལ་མར་སྐྱེས་ཐོབ་རང་བཞིན་གྱི་རྣ་ཤུགས་ཉམས་པའི་ནད་ཡོད་པར་མ་ཟད་ལོ་མང་པོར་སྨན་པར་བསྟེན་རུང་དྲག་སྐྱེད་མ་བྱུང་བ་ཤེས་པས། ང་དང་ལས་གྲོགས་ཚོས་སྐབས་དེར་སློབ་གྲྭར་ཡོད་པའི་རིན་ཆེན་སྒྲོལ་མ་དང་ཁོ་མོའི་འཛིན་བདག་བཙལ་ནས་དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན་ཟེར།
རྡོ་རྗེ་དབང་གྲགས་ཀྱིས་བཤད་རྒྱུར། སྐབས་དེར་ཁོ་མོའི་འཛིན་བདག་གིས་རིན་ཆེན་སྒྲོལ་མས་སློབ་སྦྱོང་ལ་བརྩོན་པ་བྱེད་པར་མ་ཟད། རྒྱུགས་འབྲས་ལེགས་པོ་ཡོད་པའི་གནས་ཚུལ་གསལ་བོར་བཤད་བྱུང་། སྐབས་དེར་རིན་ཆེན་སྒྲོལ་མའི་སྐད་ཆ་ཅིག་གིས་ང་རང་སེམས་འགུལ་ཐེབས་པར་བྱས་སོང་ཟེར། ཁོ་མོས་ང་ལ་བཤད་རྒྱུར། ཨ་ཁུ། ངའི་རེ་འདུན་ཆེས་ཆེ་ཤོས་ནི་ངའི་རྣ་བ་དྲག་སྐྱེད་བྱུང་རྒྱུ་དེ་ཡིན། ངས་ཕ་ཡུལ་ལས་གཞན་པའི་གཏམ་རྒྱུད་མང་པོར་ཉན་འདོད་ལ་ཡུལ་ལྗོངས་མཛེས་པོར་བལྟ་འདོད་ཟེར། སྐབས་དེར་རྡོ་རྗེ་དབང་གྲགས་ཀྱིས་ངེས་པར་དུ་རིན་ཆེན་སྒྲོལ་མར་རོགས་བྱས་ནས་རྣ་བ་དྲག་སྐྱེད་བྱུང་དུ་བཅུག་སྟེ། འཇིག་རྟེན་གྱི་གཏམ་སྙན་ཉན་དུ་འཇུག་རྒྱུའི་ཆོད་སེམས་བརྟན་པོ་བཅངས།
བཅར་འདྲི་བྱས་ནས་ཕྱིར་ལོག་རྗེས། རྡོ་རྗེ་དབང་གྲགས་ཀྱིས་གནས་ཚུལ་འདི་མྱུར་དུ་རྫོང་དང་ཡུལ་ཚོའི་མགོ་ཁྲིད་གཙོ་བོར་ཡར་ཞུ་བྱས་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་གནས་ཚུལ་འདིར་མཐོང་ཆེན་བྱས་ཤིང་། རོགས་སྐྱོབ་ལས་བྱེད་པ་དང་མགོ་ལོག་ཁུལ་སྨན་བཅོས་བདེ་ཐང་ཞབས་ཞུའི་སྡེ་ཚོགས་གཉིས་ཀྱིས་རྒྱུན་ཆད་མེད་པར་འབྲེལ་འདྲིས་བརྗེ་རེས་དང་མཐུན་སྦྱོར་སྦྲེལ་མཐུད་བྱས་པའི་ཆ་རྐྱེན་འོག ཧྲང་ཧེ་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་དྲུག་པར་འབྲེལ་བ་བྱས་ནས་རིན་ཆེན་སྒྲོལ་མར་སྨན་བཅོས་བྱས་པ་རེད། དུས་ཚོད་བཞི་ལྷག་འགོར་རྗེས། རིན་ཆེན་སྒྲོལ་མའི་རྣ་བ་གཡོན་པའི་གཤག་བཅོས་ལེགས་འགྲུབ་བྱུང་། རྡོ་རྗེ་དབང་གྲགས་ཀྱིས་བཤད་རྒྱུར། གཤག་བཅོས་བྱས་རྗེས་ཡང་བསྐྱར་རིན་ཆེན་སྒྲོལ་མ་ཚང་ལ་འཚམས་འདྲིར་སོང་བ་ཡིན་ཞིང་། ཁོ་མོ་ཧ་ཅང་དགའ་ནས། ཨ་ཁུ་དང་ཨ་ནེ་ཚོས་ང་ལ་ཐུགས་ཁུར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ། ད་ལྟ་ངའི་རྣ་ཚོར་སླར་གསོ་བྱུང་འདུག ནར་སོན་རྗེས་ང་རང་སྨན་པ་ཞིག་བྱེད་རྒྱུ་ཡིན། དེ་ལྟར་བྱས་ཚེ། ངས་རང་གི་ལག་པར་བརྟེན་ནས་ང་དང་ང་འདྲ་བའི་མི་མང་པོར་རོགས་རམ་བྱེད་ཐུབ་ངེས་རེད་ཟེར།
སྡེ་སྡོད་སྐབས་ཀྱི་སེམས་ཚོར་གླེང་སྐབས། རྡོ་རྗེ་དབང་གྲགས་ཀྱིས་གསར་འགོད་པར་བཤད་རྒྱུར། ལོ་ངོ་ལྔའི་རིང་གི་ཉིན་མཚན་ཀུན་ཏུ་ངས་ཆེས་བསྒྲུབ་འདོད་པ་ནི་སྡེ་སྡོད་བྱ་བ་ལེགས་པོར་བསྒྲུབ་རྒྱུ་དེ་ཡིན་པས། ངེས་པར་དུ་སྡེ་དོན་ཡིད་ལ་བཟུང་ཞིང་དམངས་ལ་བརྩེ་བ་ཟབ་མོ་བཅངས་དགོས། མ་འོངས་པར། ངས་སྤྲོ་བ་ཆེན་པོས་སྡེ་སྡོད་བྱ་བ་ལེགས་པོར་བསྒྲུབ་པ་དང་། དངོས་ཡོད་ལག་ལེན་ལ་བརྟེན་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་བགྲོད་ལམ་སྟེང་འབད་འཐབ་བྱེད་རྒྱུ་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།