
ཆུ་དམར་ལེབ་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་ཁོར་སྲུང་ཁང་གི་ལས་བཟོ་པ་ཚེ་རིང་བཀྲ་ཤིས་ཀྱི་གནས་ཚུལ་བཀོད་པ།

ཚེ་རིང་བཀྲ་ཤིས་ཀྱིས་བྱ་བ་སྒྲུབ་ཀྱིན་པའི་རྣམ་པ།
མང་ཚོགས་རྣམས་ཀྱི་མིག་ལམ་དུ་ཁོ་ནི་མཐེ་བོང་བསྒྲེང་ཆོག་ཆོག་གི་ཁོར་ཡུག་ལ་མཛེས་ཆས་སྤྲས་མཁན་ཞིག་ཡིན་ལ། ལས་གྲོགས་ཚོའི་མིག་ལམ་དུ། ཁོ་ནི་དཀའ་ཚེགས་ལ་མི་འཛེམ་པའི་ལས་གྲོགས་བཟང་པོ་ཞིག་ཡིན་ཞིང་། ཁྱིམ་མིའི་མིག་ལམ་དུ། ཁོ་ནི་ལས་ལ་བརྩོན་པ་དང་སེམས་པ་བཟང་བའི་ཁྱོ་ག་བཟང་པོ་ཞིག་ཡིན་ཏེ། ཁོ་ནི་ཆུ་དམར་ལེབ་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་ཁོར་སྲུང་ཁང་གི་ལས་བཟོ་པ་ཚེ་རིང་བཀྲ་ཤིས་རེད།
སྟོན་ཟླ་བཅུ་པར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་རྩྭ་སར་སད་ཀྱི་མེ་ཏོག་གིས་ཡོངས་སུ་གཡོགས་འདུག ལོ་ཉེར་བདུན་ལ་བུད་པའི་བོད་རིགས་གཞོན་ནུ་ཚེ་རིང་བཀྲ་ཤིས་ཀྱིས་ནམ་རྒྱུན་ལྟར་ཕྱགས་མ་དང་གད་སྙིགས་སྣོད་སོགས་ལག་ཆ་ཁྱེར་ནས་རྫོང་མཁར་གྱི་འཆམ་མཐུན་སྲང་ལམ་དུ་ཐོན། སྟོང་སིང་ངེར་ཡོད་པའི་སྲང་ལམ་དུ། ལམ་སྒྲོན་གྱི་འོད་སྣང་གིས་མདོག་དམར་སེར་ཅན་གྱི་ཁོར་སྲུང་ལྭ་བ་དེ་སྔར་བས་མིག་ལ་མཛེས་པ་ཞིག་ཏུ་སྣང་ཞིང་། འབྱིན་རྔུབ་བྱས་པའི་ཁ་རླངས་ཀྱང་ཐོད་པའི་སྐྲ་རྩེའི་ཆུ་ཐིགས་སུ་གྱུར་ཏེ་ལན་རེར་མཁུར་ཚོས་ནས་མར་ལ་བཞུར་གྱིན་མཆིས།
ཚང་མས་རྟོགས་མེད་པ་ནི། ཁོར་སྲུང་ཁང་དུ་ནན་ཏན་གྱིས་འགན་འཁུར་བའི་ཁོར་སྲུང་ལས་བཟོ་པ་ཁོས་ཨ་ཆེན་གངས་རྒྱབ་ཀྱི་ལྷགས་རླུང་ཁྲོད་ཉམས་ལེན་དྲག་པོ་བརྒྱུད་མྱོང་། 2021ལོའི་ཟླ7པར། ཚེ་རིང་བཀྲ་ཤིས་ལས་ཀར་ཞུགས་མ་ཐག་ཡིན་པས། ཆུ་དམར་ལེབ་རྫོང་མུ་ཏིག་ཚ་ཆུའི་གད་སྙིགས་འཁོར་སྐྱོད་ས་ཚིགས་སུ་མངགས་ནས། གད་སྙིགས་འགྲུལ་སྐྱེལ་དང་བསྲེགས་པ་བཅས་ཀྱི་ལས་ཀར་འགན་འཁུར་བ་རེད། འཁོར་སྐྱོད་ས་ཚིགས་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཁུལ་དང་ཨ་ཆེན་གངས་རྒྱབ་ཀྱི་འདྲེས་མཚམས་ཁུལ་དུ་ཡོད། གནས་འདིའི་ཆ་སྙོམས་མཚོ་འཕགས་སྨི་སྟོང་བཞི་དང་ལྔ་བརྒྱ་ཡན་ཡིན་ལ། དབྱང་རླུང་དཀོན་ཞིང་གནམ་གཤིས་ལེགས་པོ་མེད་སྟབས། ཟླ་དགུ་པ་ནས་བཟུང་དགུན་དུས་ཀྱི་རྣམ་པ་ཤར་འདུག ས་ཚིགས་ཀྱི་འགན་འཁུར་མི་སྣ་ཡིན་པའི་ཆ་ནས། ཁོས་ས་གནས་དེ་གའི་ཁོར་སྲུང་ལས་བཟོ་པ་གཉིས་ལ་ལས་གྲོགས་བྱེད་ཀྱིན་ཡོད།
གད་སྙིགས་བསྲེགས་པའི་ཐབ་ཀ་སྤྱོད་པའི་སྐོར་གླེང་སྐབས། ཚེ་རིང་བཀྲ་ཤིས་ཀྱིས་བྱང་ཆ་ལྡན་པའི་སྒོ་ནས་བཤད་རྒྱུར། སྔོན་ལ་གད་སྙིགས་བླུགས་པ་དང་། དེ་ནས་སྐར་མ་བཅུ་ལ་ཐབ་ཀར་དྲོད་གཏོང་དགོས། དྲོད་ཚད་ཧྲེ་ཧྲི་ཏུའུ་སུམ་བརྒྱ་བཞི་བརྒྱ་ཙམ་ལ་སླེབས་རྗེས། གད་སྙིགས་བསྲེགས་མགོ་རྩོམ་དགོས། གད་སྙིགས་བསྲེགས་པའི་དུས་ཚོད་གཅིག་གི་ནང་། སྐར་མ་བཅུ་རེ་འགོར་རྗེས། སྐམ་པ་བཟུང་ནས་ཐབ་ཀའི་ནང་གི་ཐལ་རྡུལ་གཙང་མར་ལེན་པ་དང་། ད་དུང་སྐབས་སྐབས་སུ་ཐབ་ཀའི་ནང་གི་གད་སྙིགས་བསྲེགས་པའི་གནས་ཚུལ་ལ་བལྟ་དགོས་ཞེས་ཟེར། ད་དུང་ཁོས་གློ་བུར་བའི་དོན་རྐྱེན་དེ་དྲན་དུས་སེམས་ནས་སྔར་བཞིན་ཞེད་སྣང་སྐྱེ་བཞིན་འདུག
འཁོར་སྐྱོད་ས་ཚིགས་སུ་བྱ་བ་བསྒྲུབ་ནས་ཟླ་གསུམ་འགོར་རྗེས་ཀྱི་ཉིན་ཞིག་ལ། ལས་གྲོགས་ཀྱིས་གད་སྙིགས་ལྡུག་སྐབས་མཉམ་མ་བཞག་པར་ཤོག་སྦགས་ཐབ་ཀའི་ནང་དུ་འཕངས་པ་དང་། གནས་ཚུལ་ཅང་མི་ཤེས་པའི་ཚེ་རིང་བཀྲ་ཤིས་ཀྱིས་ཐབ་ཀའི་ནང་གི་གད་སྙིགས་བསྲེགས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་སྐབས། འགད་སྒྲ་ཞིག་གྲགས་ནས་ཚ་རླབས་ཤིག་གིས་ཁོ་ཡོངས་སུ་བསྐོར་བ་དང་། སྨིན་མ་དང་སྐྲ་ལོ་གློ་བུར་དུ་འཚིག་སོང་། ་་་ཁོས་མེས་ཚིག་པའི་ན་ཚར་མི་འཛེམ་པར་སྐབས་ཐོག་དེར་སྒྲིག་ཆས་ལ་ཞིབ་བཤེར་བྱས། མེ་སྐྱོན་བྱུང་མེད་པ་གསལ་བོར་གཏན་ཁེལ་བྱས་རྗེས། ལས་གྲོགས་ཚོས་ཚབ་བེ་ཚུབ་བེར་ཁོའི་མཐའ་བསྐོར་ནས་བསྡད་ཡོད་པ་ཤེས།
ས་ཚིགས་ཀྱི་ལས་གྲོགས་ཤིག་གིས་ཕྱིར་དྲན་བྱས་དོན། དོན་དག་དེ་བྱུང་རྗེས། ཁོས་ནམ་རྒྱུན་ང་ཚོའི་བདེ་འཇགས་ཆུ་ཚད་ཇི་ལྟར་ཇེ་མཐོར་གཏོང་བའི་སྐོར་ལ་འདང་རྒྱག་བཞིན་ཡོད་ཅེས་ཟེར། ཚེ་རིང་བཀྲ་ཤིས་ཀྱིས་ལས་གྲོགས་མང་པོ་ཞིག་གིས་ཡི་གེ་ཤེས་ཀྱིན་མེད་པ་རྟོགས་ཡོད་སྟབས། ཁོ་ཚོར་ཡང་དང་བསྐྱར་དུ་གད་སྙིགས་རིགས་དབྱེའི་ཤེས་བྱ་ཁྲིད་པ་དང་། སྒྲིག་ཆས་བཀོལ་སྤྱོད་གོ་རིམ་ལག་ཁྲིད་བྱས།
ཡི་གེ་མི་ཤེས་ན་སྦྱངས་ཆོག་པ་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་ན་ཐོག་མར་གད་སྙིགས་གཙང་སེལ་བྱེད་ཐབས་ཤེས་དགོས། ཁོའི་སྐུལ་ཁྲིད་འོག ས་ཚིགས་ཀྱི་གད་སྙིགས་རིགས་དབྱེའི་བྱ་བ་སྔར་ལས་ཚད་ལྡན་དུ་གྱུར་ཏེ། དེ་སྔའི་གོ་རིམ་མེད་པའི་གད་སྙིགས་ར་བ་དེ་རིམ་གྱིས་གོ་རིམ་ལྡན་པ་ཞིག་ཏུ་གྱུར་ཡོད།
2022ལོའི་ཟླ5པར། ལུས་ཕུང་གི་རྐྱེན་གྱིས་ཚེ་རིང་བཀྲ་ཤིས་ཆུ་དམར་ལེབ་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་ཁོར་སྲུང་ཁང་དུ་ལས་གནས་སྤར།
ལས་གྲོགས་ཚེ་རིང་སྒྲོན་དཀར་གྱིས་བཤད་རྒྱུར། ཁོས་ལས་ཀ་དཀའ་མོ་ལྕི་མོ་ཚང་མ་རང་གི་ཕྲག་ཏུ་ལེན་བཞིན་ཡོད་པར་མ་ཟད། ང་ལ་ཡང་རོགས་རམ་མང་པོ་བྱེད། ཁོས་རང་གི་ལས་ཀ་ཚར་རྗེས། རྟག་པར་ང་ལ་རོགས་བྱས་ནས་ལྷག་མའི་ལས་ཀ་ཚང་མ་འགྲུབ་པར་བྱེད་སྲིད་ཅེས་ཟེར།
ནམ་རྒྱུན་ལས་ཀའི་བརྒྱུད་རིམ་ཁྲོད་ཕན་ཚུན་གཞོགས་འདེགས་བྱས་པར་བརྟེན། ན་ནིང་གི་ཟླ7པར། ཁྱིམ་མི་དང་ལས་གྲོགས་ཚོའི་ཁ་གཡང་ཁྲོད། ལས་གྲོགས་ཚེ་རིང་སྒྲོན་དཀར་ཁོ་གཉིས་བདེ་སྐྱིད་ཀྱི་བཟའ་ཚང་དུ་གྱུར།
གསར་བུ་དེར་རིག་གནས་ཆུ་ཚད་ལྡན་ལ། ལག་ལེན་གྱི་ནུས་པ་ཆེ་བས། ལས་ཁུངས་ཀྱིས་ཁོ་ཕྱི་རོལ་དུ་སློབ་སྦྱོང་བྱེད་དུ་མངགས་པ་རེད། ཕྱིར་ཡོང་རྗེས། ཁོས་སེམས་རྣལ་མོས་གསབ་སྦྱོང་དང་ལག་ལེན་བརྒྱུད་རིམ་ཁྲོད་སྦྱངས་པའི་བྱ་བའི་ཐབས་རྩལ་དག་ལས་གྲོགས་ཚོར་ཁྲིད། ཁོར་སྲུང་ཁང་གི་འགན་ཁུར་བ་བསོད་ནམས་བཟང་པོས་བལྟས་ན། ཚེ་རིང་བཀྲ་ཤིས་ཀྱིས་བྱ་བ་ལེགས་པོར་བསྒྲུབས་པར་མ་ཟད། རང་དཔེ་གཞན་སྟོན་གྱིས་ཚོགས་པ་ཡོངས་ཀྱི་སྣེ་ཁྲིད་བྱེད་ཀྱིན་ཡོད། གད་སྙིགས་སྒྲིག་ཆས་ཇི་ལྟར་ཚད་ལྡན་གྱིས་བེད་སྤྱོད་བྱེད་པ་དང་། སྒྲིག་ཆས་འཁོར་མཚམས་འཇོག་པ་ཡང་ན་འཛེར་སྒྲ་གྲགས་སྐབས་འཕྲལ་བསྟུན་ཐག་གཅོད་བྱེད་པ། ཇི་ལྟར་སྤུས་ཚད་དང་གྲངས་ཚད་ཡོད་པའི་སྒོ་ནས་ལམ་ངོས་གཙང་ཕྱགས་བྱེད་པ་བཅས་བྱ་བའི་ཁྲོད་ཀྱི་དོན་དག་ཆེ་མ་ཆུང་གསུམ་ཚང་མ་ཁོང་གིས་བུམ་པ་གང་བྱོའི་ཚུལ་གྱིས་ཁྲིད་པ་རེད།
ད་སྐབས། ཚེ་རིང་བཀྲ་ཤིས་ཀྱིས་བྱ་བ་བསྒྲུབ་ནས་ལོ་ངོ་བཞི་འགོར་ཡོད། དབྱར་ཁའི་ཆར་དུས་སླེབས་སྐབས་ཀྱང་ཁོང་གི་གོམ་མཚམས་འཇོག་གྱིན་མེད། ཐེངས་ཤིག་ལ་གློ་བུར་དུ་དྲག་ཆར་འབབ་དུས། ཁོས་འགན་འཁུར་གྱིན་པའི་ལམ་མཚམས་ཀྱི་ས་འོག་ཆུའི་སྦུག་ལམ་དེ་སྡོང་བོའི་ཡལ་ག་དང་གད་སྙིགས་ཀྱིས་ཁེགས་པར་བྱས་སྟབས། ཆུ་གསོག་ནས་རྐང་བའི་རྗེ་ངར་མཚམས་སུ་སླེབས། ཚེ་རིང་བཀྲ་ཤིས་ཀྱིས་ཐེ་ཚོམ་ཅི་ཡང་མེད་པར་བཀག་དངོས་ཚང་མ་གཙང་སེལ་བྱས། ལམ་འགྲམ་གྱི་གྲོང་མི་རྣམས་ཀྱིས་མཐོང་རྗེས། མྱུར་བ་མྱུར་དུ་ལྕགས་ཁྱེམ་དང་ཆུ་ཟོམ་ཁྱེར་ཡོང་ནས་རོགས་བྱས་ཤིང་གསོག་ཆུ་ཚང་མ་བཞུར་ཚར་རྗེས། ཁོའི་ལྭ་བ་ཚང་མ་སྦངས་ཡོད་ཀྱང་ད་རུང་འཛུམ་གྱིས་བཤད་རྒྱུར། ་་ཚང་མ་སྒོར་སོང་ན་བདེ་འཇགས་རེད་ཟེར།
ཉི་འོག་དྲག་པོའི་འོག གད་སྙིགས་རུལ་ཚད་མགྱོགས་ལ་དྲི་ངན་བྲོ་བས། ལམ་འགྲོ་བ་ཚང་མ་གཡོལ་ནས་འགྲོ་བཞིན་ཡོད་མོད། ཚེ་རིང་བཀྲ་ཤིས་ཀྱིས་སྔར་བཞིན་ཁ་རོག་གེར་བརྟན་སྲུང་བྱེད་ཀྱིན་ཡོད། ཐེངས་ཤིག་ལ། ཁོས་ལམ་ངོས་སུ་འབྱར་ཡོད་པའི་སྙིགས་རྫས་གཙང་སེལ་བྱེད་སྐབས། ལམ་འགྲོ་བ་བོད་རིགས་རྒད་པོ་ཞིག་གིས་རིག་ནས། གསར་བུ། ང་ཚོའི་རྫོང་མཁར་ལ་ཁྱེད་ལྟ་བུའི་མི་འདི་འདྲ་ཡོད་པས། ཧ་ཅང་གྲལ་དག་ཅིག་རེད་ཟེར།
དགུན་དུས་ཁངས་ཆེན་ཞིག་བབས་རྗེས། བགྲོད་ལམ་དུ་དར་ཆགས་འགྲོ། ཁོ་དང་ལས་གྲོགས་ཚོ་ནམ་ཕྱེད་ཡོལ་ཙམ་ལ་སྒོར་བུད་དེ། ལྕགས་ཁྱེམ་གྱིས་ལམ་ངོས་ཀྱི་དར་འདྲེད་ཀྱིན་ཡོད་ལ། དུས་ཡུན་རིང་པོར་ལས་ཀ་ལས་སྟབས། ལག་ཤུབས་ཐེད་ནས་མཛུབ་མོར་ཁྲག་བཞུར་ཡང་། ཁོས་དེར་སྣང་དོགས་བྱེད་ཀྱིན་མེད་དེ། ཞོགས་པར་འགྲུལ་བཞུད་པ་མ་ཡོང་སྔོན་ལ་བདེ་འཇགས་ཀྱི་བགྲོད་ལམ་ཞིག་གཙང་སེལ་བྱེད་ཆེད་རེད།
ན་གཞོན་ལས་གྲོགས་ཀྱིས་ལས་ཀ་དཀའ་ཚུལ་སྡུག་ཚུལ་བཤད་སྐབས། ཁོས་རང་ཉིད་ཀྱིས་མུ་ཏིག་ཚ་ཆུའི་གད་སྙིགས་འཁོར་སྐྱོད་ས་ཚིགས་སུ་བྱ་བ་སྒྲུབ་སྐབས་ཀྱི་བརྒྱུད་རིམ་བཤད་དེ། ང་ཚོས་སྲང་ལམ་ཕྱགས་པ་དང་གད་སྙིགས་བཏུས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་འཇོག་གིན་ཡོད་པས། དཀའ་ལས་འདི་འདྲ་ཅང་མ་རེད་ཟེར། རིམ་གྱིས་ཁོར་སྲུང་ཁང་དུ་སྡུག་སྨེ་འདོན་མཁན་ཇེ་ཉུང་དུ་གྱུར་ཞིང་། ཚང་མའི་ལས་ཀ་ལས་པའི་ངར་ཤུགས་ཇེ་ཆེར་གྱུར་བ་དང་། ཁོས་འགན་ཁུར་བའི་སྲང་ལམ་ཁུལ་ནི་ཐོག་མཐའ་བར་གསུམ་དུ་རྫོང་མཁར་གྱི་ཆེས་གྲལ་དག་པའི་ལམ་མཚམས་དེ་རེད།
ད་ལོའི་ཟླ10པར། ཚེ་རིང་བཀྲ་ཤིས་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་ཆེས་མཛེས་པའི་འབད་འཐབ་མཁན་ལས་ཆེས་མཛེས་པའི་འགྲིམ་འགྲུལ་པར་བདམས་པ་རེད། ཁོས་ཁོར་སྲུང་ལྭ་བ་གསར་བ་དེ་གྱོན་ནས་བྱ་དགའི་སྟེགས་བུར་ལངས་སྐངས། ལག་པ་གཉིས་ཅུང་འདར་གྱིན་ཡོད་ལ། མིག་ལམ་དུ་སེམས་འགུལ་ཐེབས་པའི་རྣམ་པ་ཁེངས་འདུག ཕྱིར་ལས་གནས་སུ་འབྱོར་རྗེས། ལས་གྲོགས་ཚོས་ཁ་བཏགས་བཟུང་ནས་ཁོང་གི་མཐའ་བསྐོར་ཏེ་རྟེན་འབྲེལ་ཞུ་བཞིན་འདུག བསོད་ནམས་བཟང་པོས་ཁོའི་ཕྲག་པར་རྡེབ་བཞིན་བཤད་རྒྱུར། གཟི་བརྗིད་འདི་ཡིས་ཆུ་དམར་ལེབ་རྫོས་གི་ཁོར་སྲུང་ལས་བཟོ་པ་བརྒྱ་དང་བཅུ་བཞི་པོ་མཚོན་ཞིང་། ཁྱོད་ཀྱིས་རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་ཚང་མར་ཁོར་སྲུང་ལས་བཟོ་པའི་རིན་ཐང་རྟོགས་སུ་བཅུག་ཡོད་ཅེས་ཟེར།
ལྷ་མོ་འཚོས་བསྒྱུར།