

ཚེ་དབང་རྡོ་རྗེ་ཡིས་སློག་པ་སྟོན་བཞིན་པ།
“བོད་སྤོས་བཟོ་བའི་གོ་རིམ་རྙོག་འཛིང་ཞིག་མིན་མོད། འོན་ཀྱང་ཆེ་ཆུང་རན་པར་བཟོ་དགོས། ལག་མཐིལ་དུ་འཕུར་མཉེད་བྱེད་སྐབས་ཅུང་དམ་པོར་བཙིར་ནས་རྩེ་མོ་ཕྲ་ཞིང་ཞབས་སྒོར་དབྱིབས་སུ་གཏོང་དགོས། དེ་ལྟར་བྱས་ན་ད་གཟོད་མེ་སྒྲོན་སླ་ལ་ཡུན་རིང་བོར་ཟིན་ཐུབ།”
གསེར་མདོག་གི་སྟོན་ཁར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་གངས་ལྗོངས་གཡང་ཚང་རིག་གནས་ཐོན་ལས་ཚད་ཡོད་ཀུང་སི་རུ། འགན་འཁུར་པ་ཚེ་དབང་རྡོ་རྗེ་ཡིས་ལས་བཟོ་པར་བོད་སྤོས་བཟོ་ཐབས་ཞིབ་མོར་འཁྲིད་ཀྱིན་འདུག བཟོ་སྟེགས་སྟེང་དུ་བཟོས་ཟིན་པའི་བོད་སྤོས་གྲལ་དག་པར་བསྒྲིགས་པ་དང་། དེ་རེ་རེའི་སྦོམ་ཕྲ་ནི་མཛུབ་ཆུང་དང་འདྲ། ཁང་པའི་ནང་དུ་སྨན་རྫས་ཀྱི་དྲི་མ་འཐུལ་ལ། བསྐམས་ཟིན་པའི་བོད་སྤོས་ལ་མེ་བགོས་པ་ན་མཁའ་དབུགས་ཁྲོད་དྲི་ཞིམ་གྱིས་ཁེངས་འདུག
“བོད་སྤོས་བཟོ་རྒྱུ་ནི་དེ་འདྲའི་དཀའ་མོ་ཞིག་མིན་པར་སྔ་དྲོ་ཞིག་གི་རིང་ལ་བཟོ་ཐུབ་པ་དང་། བྱང་ཆ་ལྡན་པའི་བཟོ་བས་ཉིན་གཅིག་ལ་སྟོང་ཕྲག་ལྷག་བཟོ་ཐུབ། ཆེས་དཀའ་བ་ནི་སྨན་སྣ་སྡེབ་རྒྱུ་དེ་རེད། ཞིན་ཧེ་རྫོང་ལ་བོད་སྤོས་བཟོ་བའི་ལོ་རྒྱུས་དང་བཟོ་རྩལ་མེད་པས། ང་ཚོ་ས་གནས་གཞན་དུ་སོང་ནས་སློབ་དགོས”ཞེས་ཚེ་དབང་རྡོ་རྗེས་དེ་ལྟར་བཤད་བྱུང་།
དྲང་མོར་བཤད་ན། ཚེ་དབང་རྡོ་རྗེ་ལ་བོད་སྤོས་བཟོ་བའི་དྲན་ཚུལ་དེ་སྐྱེས་ནས་ཡུན་རིང་འགོར། སློབ་ཆེན་མ་འགྲིམས་པའི་ཡར་སྔོན་དུ་ཁོ་རང་ལྷ་སར་ཐེངས་ཤིག་སོང་། དེ་ནས་ཁོས་ཐོག་དང་པོར་བོད་སྤོས་ཀྱི་དྲི་མ་ཞིམ་པོ་དེ་ཚོར་ནས་ཡིད་དབང་རབ་ཏུ་བཀུག
2007ལོར་ཁོ་རང་མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། གྲོང་ཁྱེར་དུ་མ་བསྡད་པར་ཕྱིར་ཕ་ཡུལ་ཞིན་ཧེ་རྫོང་དུ་ལོག ཡིན་ཡང་བཟོ་རྩལ་སློབ་པའི་ལམ་ནི་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན།
དཀའ་ཁག་དང་པོ་ནི་མ་དངུལ་རེད།
“2008ལོར། ངས་སློབ་ཆེན་པའི་ལས་གཏོད་ཁ་གསབ་རོགས་དངུལ་རེ་ཞུ་བྱས་ཏེ། རྫོང་མཁར་དུ་བོད་རྒྱ་སྐད་གཉིས་ཀྱི་ཡིག་གཏགས་ཁང་ཞིག་ཕྱེས་པ་ཡིན། དེ་ནས2016ལོའི་བར་དུ་སྒོར་མོ་བསགས་རྗེས། ད་གཟོད་བོད་སྤོས་ཀྱི་འབྱུང་ཡུལ་ཏེ་བོད་ལྗོངས་སྙེ་མོ་རྫོང་དུ་སོང་ནས་སློབ་སྦྱོང་བྱས་པ་ཡིན།”2017ལོར་སློབ་སྦྱོང་བྱས་ནས་ཕྱིར་ལོག་རྗེས། ཚེ་དབང་རྡོ་རྗེ་ཡིས་ཞིན་ཧེ་རྫོང་དབུལ་སྐྱོར་ཐོན་ལས་གླིང་དུ་རང་ཉིད་ཀྱི་བཟོ་ཁང་བཙུགས་ཏེ། ལོ་ངོ་མང་པོའི་རིང་གི་སེམས་འདུན་མངོན་འགྱུར་བྱུང་།
ཚེ་དབང་རྡོ་རྗེས་བཤད་རྒྱུར། བོད་སྤོས་བཟོ་བའི་གནད་འགག་ནི་སྡེབ་སྦྱོར་རེད། “སྨན་སྣ་སྡེབ་སྟངས་ལ་བྱང་ཆ་ཡོད་ཚེ། བོད་སྤོས་བཟོ་བའི་གོ་རིམ་དེ་འདྲའི་དཀའ་མོ་ཞིག་མིན་པར་ཚང་མས་སྦྱོང་ཐུབ། དེ་བས་འབྲོག་ཁུལ་གྱི་མང་ཚོགས་ལ་མཚོན་ན་བོད་སྤོས་བཟོ་རྒྱུ་ནི་ཁོ་ཚོར་ཤིན་ཏུ་འཚམ་པའི་ལག་ཤེས་བཟོ་རྩལ་ཞིག་རེད།”
“ངས་སྦྱངས་པའི་བོད་སྤོས་སྡེབ་སྟངས་ལ་སྨན་སྣ་སུམ་ཅུ་ལྷག་ཡོད་པ་དང་། དེའི་ཁྲོད་ཀྱི་ཕྱེད་ཀ་ནི་ཞིན་ཧེ་རྫོང་གི་རང་ས་ན་ཡོད་ལ། དེ་འཕྲོས་ཚང་མ་གཞན་ཡུལ་ནས་ཉོ་དགོས། ང་ཚོས་ད་དུང་སྲོལ་རྒྱུན་གྱི་བཟོ་རྩལ་སྟེང་གསར་གཏོད་ཅུང་ཙམ་བྱས་ཡོད། རྨ་ཆུ་འགྲམ་གྱི་ས་འདམ་གྱིས་ཞབས་སྟེགས་བཟོས་པ་ཡིན། དེ་ལྟར་བྱས་ན་སྤོས་ཟིན་ཚར་ནའང་ཅོག་ངོས་མི་འཚིག་པ་རེད། གསར་གཏོད་ཆུང་ཆུང་དེར་ད་དུང་ཆེད་ཁེའི་བདག་དབང་རེ་ཞུ་བྱས་ཡོད”ཅེས་ཚེ་དབང་རྡོ་རྗེ་ཡིས་བསྐམས་ཟིན་པའི་བོད་སྤོས་གསར་འགོད་པར་བསྟན་བྱུང་།
མིག་སྔར། ཚེ་དབང་རྡོ་རྗེ་ཡི་ཀུང་སི་རུ་ལས་བཟོ་པ35ཡོད་པ་དང་། ཚང་མས་བོད་སྤོས་བཟོ་བའི་ལག་རྩལ་བྱང་ཆུབ་ཡོད།
ད་ལོ་ལོ་ན32ཡིན་པའི་རྣ་ལེ་ནི་ཆུ་ཁོལ་ཡུལ་ཚོ་གསེར་ཐང་སྡེ་བའི་རེད། མཐོ་འབྲིང་མཐར་ཕྱིན་རྗེས། ཁོ་རང་ཚེ་དབང་རྡོ་རྗེ་ཡི་ཀུང་སིར་ཡོང་ནས་བོད་སྤོས་བཟོ་བར་སློབ་སྦྱོང་བྱས། ལོ་འགའི་རྗེས་སུ། ཁོ་རང་ལག་རྩལ་ལ་བྱང་ཆ་ཡོད་པར་མ་ཟད། ཟླ་རེར་ད་དུང་སྒོར3500ཡས་མས་ཀྱི་གླ་ཕོགས་ལེན་བཞིན་ཡོད། དུས་རྒྱུན་ཚེ་དབང་རྡོ་རྗེ་སྒོ་ཕྱིར་སོང་ཚེ། ཁོས་ཀུང་སིའི་དོ་དམ་གྱི་འགན་ཁུར་ཏེ་ཚེ་དབང་རྡོ་རྗེ་ཡི་ལག་རོགས་པ་བཟང་པོར་གྱུར་ཡོད།
ཡིན་ཡང་། ཚེ་དབང་རྡོ་རྗེ་ཡི་ལག་རྩལ་ནི་བོད་སྤོས་བཟོ་བ་གཅིག་པུ་མིན། “དོན་གྱིས་ཁོས་ལས་པ་བཟང་ཤོས་ནི་བལ་དཀར་གྱི་ཁ་བཏགས་ཡིན་ལ། དེ་བཟོ་ཐབས་ནི་ད་གཟོད་ལག་རྩལ་མཐོན་པོ་ཞིག་ཡིན”ཞེས་རྣ་ལེ་དགོད་ཞོར་དུ་བཤད་བྱུང་།
ཚེ་དབང་རྡོ་རྗེ་བལ་དཀར་ཁ་བཏགས་ཀྱི་རབས་གསུམ་པའི་འཐུས་ཚབ་རང་བཞིན་གྱི་ལག་ཤེས་རྒྱུན་འཛིན་པ་ཡིན་པའི་ཆ་ནས། ཁྱིམ་རྒྱུད་ཀྱི་བཟོ་རྩལ་རྒྱུན་འཛིན་བྱེད་པ་དང་མཉམ་དུ། གསར་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བྱས་ཏེ། སྲོལ་རྒྱུན་གྱི་ཁ་བཏགས་དཀར་པོ་དེ་སྔར་ལས་ཉིན་རྒྱུན་གྱི་འཚོ་བ་དང་ཚོང་རར་ཕྱོགས་སུ་བཅུག
“སྔོན་ཆད། བོད་སྤོས་དང་ཁ་བཏགས་ཀྱི་རིགས་ནི་དམིགས་བསལ་གྱི་ཁོར་ཡུག་ཏུ་བཀོད་སྤྱོད་བྱེད་ཀྱིན་ཡོད་པ་དང་། ངས་གཟུགས་འདས་ཤུལ་བཞག་རིག་གནས་མང་ཚོགས་ཅན་དང་འཚོ་བ་ཅན་དུ་གཏོང་འདོད་ཡོད། དཔེར་ན་བལ་དཀར་ཁ་བཏགས་དེ་གཞན་ལ་འབུལ་བའི་ཁ་བཏགས་སུ་བྱེད་ཆོག་ལ་སྐེ་དཀྲིས་ཀྱང་བྱེད་ཆོག” ཚེ་དབང་རྡོ་རྗེ་ཡིས་གསར་གཏོད་དང་ཇུས་འགོད་བྱས་པའི་བལ་དཀར་ཁ་བཏགས་དེར་ན་ནིང་མཚོ་ལྷོ་ཁུལ་གྱི་གཟུགས་འདས་ཤུལ་བཞག་གསར་སྐྲུན་འགྲན་སྡུར་ཁྲོད་གསར་གཏོད་དང་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ།
ཐོན་རྫས་གསར་པ་ཁྱབ་གདལ་བཏང་བ་བརྒྱུད། གདེང་འཇོག་ཡག་པོ་མི་ཉུང་བ་ཞིག་ཐོབ། “ན་ནིང་དར་ལག་རྫོང་གི་ཀུང་སི་ཞིག་གིས་ཐེངས་གཅིག་ལ་ཁ་བཏགས1000ལྷག་མངགས་བཟོ་བྱས། ད་ལོ། བོད་ལྗོངས་ཆབ་མདོའི་ཀུང་སི་ཞིག་གིས་ཟི་ལིང་ཅི་ཧོ་དཔེ་ཁང་ནས་ང་ཚོའི་སིལ་ཚོང་བྱེད་པའི་ཁ་བཏགས་མཐོང་རྗེས། ཐོག་མར30ལྷག་ཉོས་པ་དང་། ཚོད་ལྟ་བྱས་རྗེས3300ལྷག་མངགས་ཉོ་བྱས།”ཚེ་དབང་རྡོ་རྗེས་བཤད་རྒྱུར། བལ་དཀར་ཁ་བཏགས་ནི་ད་ལྟ་ཕལ་ཆེ་བ་ཞིག་མངགས་ཐོའི་ལམ་ནས་ཕྱིར་འཚོང་བྱེད་པ་དང་། མང་ཆེ་ཤོས་ཁ་བཏགས500ཡན་ནས་མངགས་ཉོ་བྱེད་ཀྱིན་ཡོད། ན་ནིང་ལོ་གཅིག་གི་ནང་ལ་ཁ་བཏགས་ཁྲི་གཅིག་དང་སྟོང་གསུམ་བཙོངས།
“རྒྱུན་འཛིན་དང་གསར་གཏོད”ནི་ཚེ་དབང་རྡོ་རྗེ་ཡིས་རྒྱུན་འཁྱོངས་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རེད། ད་ལོར། ཁོ་རང་ཞིང་ཆེན་རིམ་པའི་གྲོང་གསེབ་བཟོ་བ་མིང་གྲགས་ཅན་དུ་བདམས་པ་དང་། གཟི་བརྗིད་དེ་ནི་ཁོའི་ལོ་མང་པོའི་རིང་གི་ཧུར་བརྩོན་ལ་ཐོབ་པའི་ཁས་ལེན་བཟང་ཤོས་དེ་ཡིན་སྲིད།
ད་ལྟ། ཚེ་དབང་རྡོ་རྗེ་ནི་ཞིན་ཧེ་རྫོང་གི་གནའ་བོའི་བོད་སྤོས་བཟོ་རྩལ་གྱི་འཐུས་ཚབ་རྒྱུན་འཛིན་པ་ཡིན་ལ། བལ་དཀར་ཁ་བཏགས་བཟོ་རྩལ་གྱི་རབས་གསུམ་པའི་འཐུས་ཚབ་རྒྱུན་འཛིན་པའང་རེད། ཁོས་རྗེས་ཕྱོགས་ད་དུང་སྲོལ་རྒྱུན་གྱི་བྲོ་བ་ལྡན་ལ་བཀོལ་སྤྱོད་ཀྱི་རིན་ཐང་ཡོད་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་རྫས་སྔར་ལས་མང་པོ་ཞིག་མུ་མཐུད་དུ་གསར་སྤེལ་བྱས་ཏེ། གནའ་བོའི་བཟོ་རྩལ་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་གདལ་བཏང་ནས་དེའི་དྲི་བསུང་ཕྱོགས་བཞིར་ཁྱབ་ཏུ་འཇུག་རྒྱུ་ཡིན་ཟེར།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།