བུད་མེད་གང་ལ་ཟླ་མཚན་བབས་པ་ནས་བཟུང་ཞག་བཅུ་བཞིའི་རིང་ལ་མངལ་མི་ལེན་ཏེ་བུའི་ས་བོན་ཁམས་དམར་དེ་ད་དུང་མ་སྨིན་པའི་ཕྱིར། ཞག་བཅུ་བཞི་པོ་དེ་འདས་ནས་ཞག་བཅོ་ལྔ་བ་ནས་བཟུང་ཞག་འགའི་བར་ནི་མངལ་ཁ་ཕྱེ་བའི་དུས་ཏེ། བུའི་ས་བོན་ཁམས་དམར་གྱི་ཤུགས་ཡོངས་སུ་རྫོགས་ནས་སྨིན་ཏེ་བསམ་སེའུ་ནས་ཕྱིར་ཕུད་པའི་དུས་ཡིན་སྟབས་བུ་འདོད་པ་རྣམས་ཀྱིས་སྐབས་དེ་བཟུང་ན་བུ་ཆགས་སླ། ཁམས་ཕུད་པའི་སྐབས་དེ་དུས་གསང་ལམ་ཟགས་རྫས་ལ་ལྟ་ཞིབ་ཞིབ་མོ་བྱས་ན་གྲང་བ་དཀར་པོ་དྭངས་མོ་ཆུ་ལྟ་བུ་མང་དུ་བཞུར་ངེས་ཤིང་། རྒྱུ་ཞབས་ལ་ན་ཟུག་ཕྲ་མོ་དུས་ཚོད་གཅིག་གཉིས་སམ་ཉིན་གཅིག་གཉིས་ལ་ལྡང་ངེས། མངལ་ལེན་པའི་དུས་དེ་འདས་ན་ཁམས་དམར་ལ་མངལ་འཛིན་པའི་ནུས་པ་འཆོར་ནས་མངལ་ཆགས་མི་ཐུབ། འདི་ནི་ཟླ་མཚན་གྱི་འཁོར་ཡུན་ཉིན་ཉེར་བརྒྱད་ཡིན་པ་གཞིར་བཟུང་བ་ཡིན་ལ། གལ་ཏེ་ཟླ་མཚན་གྱི་འཁོར་ཡུན་དེ་ལྟར་མིན་ན་མངལ་ལེན་པའི་དུས་ཀྱང་སྔ་སྣུར་རམ་ཕྱིར་འགྱངས་ངེས་པ་ཤེས་དགོས། །
གོང་གི་ཤེས་བྱ་འདི་དག«བུད་མེད་ཀྱི་བདེ་ཐང་སྐོར་གྱི་དྲིས་ལན་གནད་བརྒྱ་མ»ལས་བཤུས་པ་ཡིན།
རྩོམ་སྒྲིག་པ། འབྲུག་མོ།