སྤྱིར་ཉི་ཟླ་གཟའ་སྐར་གྱི་རྒྱུ་བའི་དབང་གིས་ཉིན་མཚན་དུས་དྲུག་དང་དབྱར་དགུན་སྟོན་དཔྱིད་དེ་དུས་ཚིགས་བཞིའི་དབྱེ་བ་བྱུང་ལ། ཕྱི་ནང་ཇི་བཞིན་གྱི་དཔེ་ལྟར་དུས་ཚིགས་བཞི་བོ་ལའང་ནམ་ཟླ་དྲོ་གྲང་གི་ཁྱད་པར་མི་འདྲ་བའི་དབང་གིས་མིའི་ལུས་ཕུང་ལའང་རླུང་མཁྲིས་བད་ཀན་སོགས་ཀྱི་ནད་མི་མངོན་པར་གསོག་པ་དང་། མངོན་སུམ་དུ་ལྡང་བ། རང་གནས་སུ་ཞི་བ་བ་བཅས་གསོག་ལྡང་ཞི་གསུམ་གྱི་འགྱུར་བ་མི་འདྲ་བ་འབྱུང་གིན་ཡོད། དུས་ཚིགས་བཞིའི་དབང་དུ་བྱས་ན་དབྱར་དུས་ནི་ཆར་རླུང་ཆེ་བ་དང་། དགུན་དུས་ནི་གྲང་ངར་ཆེ་བ། སྟོན་དུས་ནི་ཚ་བ་ཆེ་བ། དཔྱིད་དུས་ནི་རྩུབ་པས་ལུས་སྟོབས་འཕྲོག་པ་སོགས་ཀྱི་ཕྱིར་ན། དུས་ཚིགས་དང་བསྟུན་པའི་སྤྱོད་ལམ་སྤང་བླང་ཤེས་པར་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བ་ཡིན།
ད་ལྟའི་དུས་ཚིགས་ནི་དགུན་གྱི་དུས་ཡིན་ཞིང་། དགུན་དུས་ནི་དུས་ཚིགས་བཞི་ལས་གྲང་ངར་ཆེ་བའི་དུས་ཚིགས་ཤིག་ཡིན་པས། དུས་འདིར་མི་རྣམས་ལ་ཆམ་པ་ཕོག་སླ་བ་དང་། ལྷག་པར་བྱིས་པ་དང་རྒན་པ་རྣམས་ནི་ལུས་སྟོབས་ཞན་པའི་རྐྱེན་གྱིས་ཆམ་ནད་སོགས་གཞན་ལས་ཕོག་སླ་བ་ཡོད། གལ་ཏེ་ལུས་ལ་གོས་སོགས་དྲོན་པོ་མ་གོན་པར་ཆམ་ནད་ཕོག་ན་ཆམ་ནད་ཀྱིས་སྣ་དྲངས་ཏེ་བྱིས་པའི་གློ་ཚ་དང་རྒན་པའི་དབུགས་མི་བདེ་བ་དང་ཁྲག་རླུང་གི་ནད་སོགས་ཚབས་ཆེའི་ནད