ལུས་ཕུང་སྦྱོང་བརྡར་བྱས་ན་ཁྲག་ཤེད་མཐོ་བའི་ནད་དང་། གཅིན་སྙིའི་ནད། ལུས་ཚོ་བ་སོགས་ལྟ་བུའི་དལ་བའི་རང་བཞིན་གྱི་ནད་རིགས་གང་མང་ཞིག་སྔོན་འགོག་དང་ཚོད་འཛིན་བྱེད་ཐུབ་པ་ཚང་མས་ཤེས་ཡོད་མོད། སྦྱོང་བརྡར་བྱེད་ཚད་ཐལ་དྲགས་ནའང་ཚེ་སྲོག་ལ་གནོད་པའི་བར་ཆད་བཟོ་སྲིད་པར་ཡང་ཀུན་གྱིས་དོ་སྣང་བྱེད་དགོས།
གཅིག འགུལ་སྐྱོད་བྱེད་ཚད་ཐལ་དྲགས་ན་ཁྲག་ཤེད་ཇེ་མཐོར་འགྲོ་སྲིད།
སྤྱིར་ཁྲག་རྩར་དབྱེ་ན་ནང་སྐྱི་དང་བར་སྐྱི། ཕྱི་སྐྱི་བཅས་རིམ་པ་གསུམ་དུ་བགར་ཆོག་ཅིང་། སྐྱི་མོའི་རིམ་པ་དེ་གསུམ་དམ་དུ་འབྲེལ་ཡོད། དམིགས་བསལ་གྱི་གནས་ཚུལ་ལ་ལའི་འོག མགྱོགས་ཤིང་མཐོ་བའི་ཁྲག་རྒྱུན་གྱིས་ནང་སྐྱི་བརྟོལ་ནས་བར་སྐྱི་རིམ་པར་ཕོག་ཐུག་གཏོང་ཞིང་། ཁྲག་རྒྱུན་དེ་བར་སྐྱི་དང་ཕྱི་སྐྱི་རིམ་པར་བཞུར་སྟེ་བར་འཚང་རིམ་པ་ཞིག་ཆགས་པ་རེད། བར་འཚང་རིམ་པ་དེ་དུས་ལྟར་གསོ་བཅོས་མ་བྱས་ན། ཕྱི་སྐྱི་རིམ་པར་གནོད་པ་ཐེབས་ནས་སྐར་མ་འགའི་ནང་དུ་འཆི་ལམ་དུ་འཇུག་སྲིད།
འཕར་རྩའི་སྡོང་བོའི་བར་འཚང་ནད་ཀྱི་སློང་རྐྱེན་གཙོ་བོ་ནི་ཁྲག་ཤེད་མཐོ་བ་དེ་ཡིན། ཁྲག་ཤེད་མཐོ་བ་དེ་ཡང་ནམ་རྒྱུན་གྱི་ཁྲག་ཤེད་མཐོ་བ་ཁོ་ན་ཙམ་དུ་མ་ཟད། ད་དུང་འགུལ་སྐྱོད་བྱེད་ཚད་ཐལ་དྲགས་པ་དང་། སེམས་ཁམས་ལ་གཡོ་འཁྱོམ་ཆེན་པོ་ཐེབ