འཁྱེར་བདེ་བའི་ཁྲག་ཧྭགས་དཔྱད་ཆས་དེ་ད་སྐབས་ཁྱིམ་ཚང་མང་པོས་ཉོས་ཡོད། དེའི་རྒྱུ་མཚན་ནི་དཔྱད་ཆས་དེ་འཁྱེར་བདེ་ཞིང་། ཁྲག་ལེན་ཚད་ཉུང་བས། ནད་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད། མིག་སྔར་ཚོང་རར་བཙོང་བཞིན་པའི་ཁྲག་ཧྭགས་དཔྱད་ཆས་དེ་རང་རྒྱལ་ནས་ཐོན་སྐྱེད་བྱས་པ་དང་ཕྱི་རྒྱལ་ནས་ནང་འདྲེན་བྱས་པ་གཉིས་ཡོད་ཅིང་། དེའི་རྒྱུ་སྤུས་དང་ནུས་པ། བཀོལ་སྟངས། རིན་གོང་སོགས་ཀྱང་མི་འདྲ་བ་རེད། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་ཁྲག་ཧྭགས་དཔྱད་ཆས་དང་ཚོད་ལྟའི་ཤོག་བུའི་རིན་གོང་དམའ་ཞིང་། ནད་པས་ཚོད་ལྟའི་ཤོག་བུ་ཅུང་མང་པོ་ཉོས་ཚེ་རིན་མི་ལེན་པར་ཁྲག་ཧྭགས་དཔྱད་ཆས་སྟེར་གྱིན་ཡོད་པ་རེད། ཡིན་ན་ཡང་། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའམ་ཡང་ན་ཕྱི་རྒྱལ་ནས་ནང་འདྲེན་བྱས་པ་གང་ཡིན་རུང་། གཙོ་བོ་ཁྲག་ཧྭགས་དཔྱད་ཆས་ཀྱི་རྒྱུ་སྤུས་ལ་བལྟ་དགོས་ལ། ཚད་འཇལ་གྱི་མཇུག་འབྲས་ཡང་དག་པ་དང་། ཉོས་རྗེས་ཀྱི་ཞབས་ཞུ་བཟང་ཚེ། ད་གཟོད་ཉོས་ཆོག
ཁྲག་ཧྭགས་དཔྱད་ཆས་དེ་ཡང་དག་ཡིན་མིན་ལ་བལྟ་ན། ཚད་གཞི་གསུམ་པའི་སྨན་ཁང་གི་སྒོ་བསྟེན་གྱི་ཁྲག་ཧྭགས་དཔྱད་ཆས་ཀྱི་ཚད་འཇལ་གཏན་ཁེལ་གྱི་མཇུག་འབྲས་དང་ཞིབ་བསྡུར་བྱེད་དགོས་ཤིང་། སྨན་ཁང་གི་ཚོད་ལྟ་ཁང་གིས་ཚད་འཇལ་གཏན་ཁེལ་བྱས་པའི་མཇུག་འབྲས་དང་ཡང་བསྡུར་དགོས།