སྐེ་ཚིགས་ཀྱི་དང་སྒལ་ཚིགས་ཀྱི་ནད་ནི་ཆེས་རྒྱུན་མཐོང་གི་ནད་ཅིག་ཡིན། དཔེར་ན་སྒལ་ཚིགས་མཁར་མཚམས་འབུར་ཐོན་ནད་དང་སྒལ་ཚིགས་མཁར་སྦུག་ཚང་དོག་ནད། སྒལ་ཚིགས་འདྲེད་འདོར་ནད་སོགས་ལྟ་བུ་ཚང་མ་མཁར་མཚམས་ཀྱི་ནུས་པ་ཇེ་ཞན་དུ་གྱུར་བ་ལས་བྱུང་བའི་ནད་རིགས་ཤིག་རེད། དེ་ལས་བཟོས་པའི་གནོད་པར་རིགས་གཉིས་ཡོད་དེ། རིགས་གཅིག་ནི་ཕོག་ཐུག་ཐེབས་པའམ་ཡང་ན་དབར་རྩར་བཙིར་གནོན་ཐེབས་པ་ལས་བཟོས་པའི་དབང་རྩའི་ནུས་པའི་ནད་རིགས་ཤིག་ཡིན། དེར་ཡན་ལག་ན་བ་དང་། སྦྲིད་པ། ཤེད་མེད་པ། ཐ་ན་ཡན་ལག་ཞ་བ་དང་བཤང་གཅི་འདོར་བར་ཡང་གནོད་པ་ཐེབས་སྲིད། རིགས་གཞན་ཞིག་ནི་སྒལ་ཚིགས་བརྟན་པོ་མིན་པ་ལས་བཟོས་པའི་སྐེ་ཚིགས་དང་སྒལ་ཚིགས་ཀྱི་གནས་ན་བ་བཅས་ཡིན།
ནད་རིགས་འདི་དག་ཡང་བ་ནས་རིམ་གྱིས་ཇེ་ལྗིད་དུ་འགྲོ་བ་ཡིན། དེ་བས་གསོ་བཅོས་བྱེད་ནའང་ཐོག་མར་ཟས་དང་སྤྱོད་ལམ་གྱིས་གསོ་བ་ནས་རིམ་གྱིས་སྨན་གྱིས་གསོ་དགོས།
ནད་པ་མང་པོ་ཞིག་གིས་རང་ཉིད་ཀྱི་ནད་གཞི་དེ་སངས་དྲག་ཏུ་འགྲོ་ཐུབ་མིན་ཐད་དྲི་བ་སྣ་ཚོགས་འདོན་སྲིད། དེར་ཆེད་མཁས་པས་གསལ་བཤད་བྱས་དོན།
སྐེ་ཚིགས་དང་སྒལ་ཚིགས་ཀྱི་ནད་ནི་ཆམ་ནད་དང་མི་འདྲ་བར། དེ་ནི་ལུས་ཁམས་རྒས་པ་དང་བསྟུན་ནས་བྱུང་བའི་ནད་རིགས་ཤིག་རེད། དེ་བས་འཚོ་བའི་གོམས་གཤིས་ངན་པའི་རིགས་དོར་ནས་ལུས་ཕུང་སྦྱོང་བརྡར་བྱེད་པ་དང་འོས་འཚམ་གྱིས་ངལ་གསོ་བ། སྨན་ལ་བསྟེན་པ་བཅས་བྱས་ནས་ནད་བབ་ལ་ཚོད་འཛིན་བྱེད་ཅི་ཐུབ་བྱེད་པ་ལས་དེ་ཉིད་གཏན་ནས་མེད་པར་གཏོང་ཐུབ་པ་ཞིག་མིན།
གཤགས་བཅོས་བྱེད་པ་དེ་ཆེས་ལེགས་པའི་བྱེད་ཐབས་ཤིག་མིན།
ནད་བབ་ཇེ་ལྗིད་དུ་གྱུར་ནས་སྨན་གྱིས་གོ་མི་ཆོད་ན་གཤགས་བཅོས་བྱེད་པར་བསམ་བློ་གཏོང་དགོས། གནས་ཚུལ་ཚབས་ཆེན་གྱི་རིགས་ཏེ། དཔེར་ན་ཡན་ལག་ཞ་བོར་གྱུར་བའམ་གཤང་གཅི་འདོར་མི་ཐུབ་པ་སོགས་ཀྱི་སྐབས་སུ་ངེས་པར་དུ་གཤགས་བཅོས་བྱེད་དགོས། ཡིན་ནའང་ནད་བབ་དེ་འདྲའི་ཚབས་ཆེན་མིན་ཚེ་གཤགས་བཅོས་མ་བྱས་ན་བཟང་། གཤགས་བཅོས་བྱེད་པ་དེ་ཆེས་ལེགས་པའི་བྱེད་ཐབས་ཤིག་མིན་ཏེ། དེ་ལ་ཉེན་ཁ་ཡོད་པ་ལས་གཞན་གཤགས་བཅོས་བྱེད་པའི་སྐབས་སུ་ནད་རིགས་གཞན་ཀྱང་སློང་སྲིད།
ནད་རིགས་འདི་དག་གཤགས་བཅོས་བྱེད་པའི་སྐབས་སུ་ཉེན་ཁའི་ཚད་ཅི་འདྲ་ཡིན་ནམ་ཞེ་ན། དེ་ལ་ལན་གསལ་བོ་ཞིག་འདེབས་མི་ཐུབ་མོད། གལ་ཏེ་མི་བཅུ་ལ་གཤགས་བཅོས་བྱེད་པའི་དབང་དུ་བཏང་ན། དེའི་ཁྲོད་ཀྱི་མི་ལྔ་ཞ་བོར་གྱུར་ན་དེ་ནི་གསོ་བཅོས་ཀྱི་ཐབས་ལམ་ཤིག་མིན་པས། ཉེན་ཁ་ཡོད་རུང་དེ་འདྲའི་ཚབས་ཆེན་ཤིག་ག་ལ་ཡིན།
འདི་ནས་ཚང་མར་གསལ་འདེབས་བྱེད་དགོས་པ་ཞིག་ནི། གཤགས་བཅོས་བྱེད་དགོས་པའི་ནད་པ་ཞིག་ཡིན་ཚེ། གཤགས་བཅོས་ཀྱི་ཉེན་ཁ་འདི་དག་ལ་བསམ་བློ་གཏོང་དགོས་པ་ལས་གཞན་ད་དུང་ནད་པ་རང་ཉིད་ཀྱི་ནད་བབ་ཀྱི་གནས་ཚུལ་ལའང་བསམ་བློ་གཏོང་དགོས། ནད་པའི་ན་བའི་སྡུག་བསྔལ་དང་གཤགས་བཅོས་ཀྱི་མི་ལེགས་པའི་རྒྱུ་རྐྱེན་གཉིས་བསྡུར་དགོས། གལ་ཏེ་ན་བའི་སྡུག་བསྔལ་དེ་གཤགས་བཅོས་ཀྱི་སྡུག་བསྔལ་ལས་ལྕི་ན་བློ་གཅིག་སེམས་གཅིག་གིས་གཤགས་བཅོས་བྱེད་པའི་གསོ་ཐབས་དེ་བདམས་འོས་པ་དང་། དེ་ལས་ལྡོག་སྟེ་ན་བའི་སྡུག་བསྔལ་དེ་གཤགས་བཅོས་ཀྱི་སྡུག་བསྔལ་ལམ་མི་ལེགས་པའི་རྒྱུ་རྐྱེན་ལས་ཆུང་ན་གཤགས་བཅོས་མ་བྱས་ན་བཟང་སྙམ། དཔེར་ན་སྒལ་ཚིགས་མཁར་སྦུག་ཚང་དོག་ནད་བྱུང་ཡོད་པའི་ནད་པ་ཞིག་ཡིན་ཚེ། རྒྱུན་པར་རྐང་ཐང་དུ་འགྲོ་རྒྱུ་མང་ན་རྐང་པ་དང་རྐེད་པ་ན་ངེས། གསོ་བཅོས་བྱས་ནས་ཡུན་རིང་འགོར་རྗེས་སྨན་གྱིས་ནུས་པ་ཆེན་པོ་ཐོན་མི་ཐུབ་པ་དང་། དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་འགྲོ་འདུག་སྤྱོད་གསུམ་སོགས་ལ་གནོད་པ་ཆེན་པོ་ཡོད་ན་གཤགས་བཅོས་བྱེད་པར་བསམ་བློ་གཏོང་དགོས།
གོང་གི་ཤེས་བྱ་འདི་མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང་གིས་འདོན་སྤྲོད་བྱས་པ་ཡིན།
ལོ་ཙཱ་བ། འབྲུག་མོ།