མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ཕན་བདེ་སྙིང་རྗེ་སྨན་ཁང་ནི་སྲིད་གཞུང་དང་དམངས་སྲིད། འཕྲོད་བསྟེན་སོགས་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་ཐོབ་པ་བརྒྱུད་ནས་ཕན་བདེ་སྙིང་རྗེ་དང་འཕྲོད་བསྟེན་རོགས་སྐྱོར། སྨན་བཅོས་བདེ་སྲུང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུའི་སྨན་ཁང་ཞིག་ཡིན། སྨན་ཁང་འདི་འབའ་རྫོང་གི་བྱང་སྐོར་ལམ་དུ་མཆི་ཤིང་། འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་བདུན་སྟོང་དྲུག་ཅུ་རེ་བརྒྱད་དང་གྲངས་ཆུང་དྲུག་ཡོད་ལ། ནད་པའི་ལམ་ཁྲི་བརྒྱ་དང་བཅུ་ཡོད། སྤྱིའི་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་དགུ་ལྷག་བཏང་ཡོད།
སྨན་ཁང་འདིར་ཁོང་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག མོ་ནད་བུ་བཙའ་ཚན་ཁག བྱིས་ནད་ཚན་ཁག བོད་ལུགས་དཔྱད་བཅོས་ཚན་ཁག སྨན་ལུམས་ཚན་ཁག འཆར་ལྡན་བུ་སྐྱེའི་ཞབས་ཞུ་ཁང་། དབང་ལྔ་ཚན་ཁག པགས་ནད་ཚན་ཁག རྫས་དཔྱོད་ཚན་ཁག འགྱེད་འཕྲོ་ཚན་ཁག སྐྱེ་འགྱུར་བརྟག་དཔྱད་ཚན་ཁག གློག་རྡུལ་ཕོ་ཤེལ་བརྟག་དཔྱད་ཚན་ཁག ལུས་བཤེར་ལྟེ་གནས་སོགས་ནད་ཐོག་སྨན་བཅོས་ཚན་ཁག་དང་དེར་མཐུན་གྱི་ཚན་ཁག་ཆུང་བ་ཉི་ཤུ་ལྷག་གསར་འཛུགས་གནངས་ཡོད།
རྡུལ་སྡུད་ལྷན་འགུལ་རྟོག་འཕྲུལ་པར་ལེན་མ་ལག་དང་། ORགཞི་གྲངས་བརྙན་ཕབ་མ་ལག ཚོན་ལྡན་སྒྲ་བརྒལ་བརྟག་དཔྱད། གློག་རྡུལ་ཕོ་ཤེལ། གློག་རྡུལ་མངལ་ལམ་བརྙན་ཤེལ། རང་ནུས་ཁྲག་བཤེར་དབྱེ་ཞིབ་འཕྲུལ་ཆས། རང་ནུས་སྐྱེ་འགྱུར་དབྱེ་ཞིབ་འཕྲུལ་ཆས་སོགས་སྔོན་ཐོན་ཅན་གྱི་འཕྲོད་བསྟེན་སྒྲིག་ཆས་སྐོར་ཞིག་ཡོད་པས་ཚན་ཁག་སོ་སོས་ནད་པའི་ནད་བརྟག་སྨན་བཅོས་ཀྱི་འདོད་བློ་ཡོངས་སུ་སྐོང་ཐུབ། འདི་ནི་མིག་སྔར་འབའ་རྫོང་དུ་གཞི་ཁྱོན་ཆེ་ལ་ཞབས་ཞུའི་ནུས་པ་ཅུང་འཐུས་ཚང་པའི་མི་རིགས་ཀྱི་གསོ་དཔྱད་ཁྱད་ཆོས་ལྡན་པའི་ཕྱོགས་བསྡུས་སྨན་ཁང་ཞིག་ཡིན།
སྨན་ཁང་དུ་ནད་ཐོག་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ། ལག་རྩལ་ཁྱད་འཕགས་ཅན་གྱི་སྨན་པའི་དཔུང་སྡེ་བཟང་པོ་ཡོད་པ་དང་། ད་ལྟའི་ཆ་ལའང་སྨན་པ་དང་སྨན་ཞབས་པ་སོགས་ལས་བཟོ་བ་གྱ་གསུམ་ཡོད་ཅིང་ཞིང་ཆེན་ཕྱི་ནང་ནས་མིང་དུ་གྲགས་པའི་ཆེད་མཁས་པ་གང་མང་གདན་འདྲེན་བྱས་ཏེ་ལས་ཐོག་སྨན་བཅོས་བྱེད་བཞིན་ཡོད།
སྨན་ཁང་གི་ཕྱིའི་བཀོད་པའི་ཟུར་ཅིག
སངས་རྒྱས་སྐུ་ཡི་གཟི་བྱིན་དང་དད་འདུན་གྱི་མཆོད་བཤམས།
ཁྱད་ནུས་ལྡན་པའི་དེང་རབས་ནད་བརྟག་འཕྲུལ་ཆས།
སྨན་ཁང་གི་གནས་ཚུལ་རག་བསྡུས་ངོ་སྤྲོད་བྱེད་བཞིན་པ།
ལས་ལ་བརྩོན་ཞིང་སེམས་རྒྱུད་གཙང་བའི་སྨན་པ་གཞོན་རབས་པའི་སྡེ།
གཤགས་བཅོས་ཁང་གི་བྲེལ་འཚུབ།
ནད་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།